______ཁྱིམ་ཚང་སྐྱོང་བ་ནི་སྒྱུ་རྩལ་ཞིག་ཡིན།
རྫ་ཚེ་རིང་བཀྲ་ཤིས།
མ་ཧཱ་གུ་རུ་བློ་ལྡན་མཆོག་སྲེད་ལ་ཕྱག་འཚལ་ལོ། །
ངའི་བརྩེ་བའི་ཚ་མོ་འབྲུག་བཟའ་ལགས།
ཁྱོད་རང་ངའི་ཚ་མོ་ཡིན་པར་མ་ཟད། སྦྲ་ཞབས་གཅིག་གིས་ཆད་པའི་ཆེས་ཉེ་བའི་ཕུ་ནུ་མིང་སྲིང་རེད། ཡིན་ན་ཡང་། ཁྱོད་རང་འཚར་ལོངས་བྱུང་བའི་དུས་ཚོད་དང་། ང་ཚོའི་སྐབས་དེའི་གནས་སྟངས་གཉིས་ཧ་ཅང་མི་འདྲ། མ་ཟད་ཁྱོད་ལ་མཚོན་ན་ལས་དང་བསོད་ནམས་ཀྱི་དབང་གིས་གཟུགས་དང་ལང་ཚོ་ཁྱིམ་དང་འབྱོར་བ་སོགས་མིས་སྨོན་རང་སྐྱིད་དུ་ཡོད་པ་རེད་ཅེས་བཤད་ནའང་མ་ཆོག་པ་མེད། དེ་ཚང་མ་སྔོན་བསགས་ཀྱི་བསོད་ནམས་རེད།
མི་སུ་ཡིན་ཡང་། ནར་སོན་དུས་ཁྱིམ་ཐབས་འཛིན་པ་དང་། ཕྲུ་གུ་སྐྱེ་བ། ཁྱིམ་ཚང་སྐྱོང་བ་སོགས་ནི་ཆོས་ཉིད་ཀྱི་བསྐོས་ཐང་རེད། ཁྱོད་རང་ཡང་ད་ཆ་དངོས་སུ་ཁྱིམ་ཐབ་བཟུང་ནས་དེ་རིང་གཉེན་སྟོན་གྱི་ཆོ་ག་ལ་རོལ་རྒྱུ་ཡིན་པ་ངས་ཤེས་ཡོད།
ཡིན་ན་ཡང་། ང་ནི་ས་ཐག་རིང་པོར་ཡོད་པས་དངོས་སུ་མཉམ་ཞུགས་བྱེད་མི་ཐུབ། ལར་ཕ་ཡུལ་གྱི་ཁྱིམ་མི་མིང་སྲིང་མང་པོ་ཞིག་ལ་སྐྱིད་སྡུག་གང་གི་སྐབས་སུའང་ངས་ཀྱང་རྒྱང་རིང་ནས་སྨོན་ལམ་འདེབས་པ་ཙམ་ལས་སྐད་ལན་ཡག་པོ་ཞིག་ཀྱང་སྦྱིན་ཐུབ་ཀྱི་མེད། དེས་ན་འདི་ནི་ཁྱོད་གཅིག་པུར་མ་རེད། ཕྱོགས་གཞན་ཞིག་ནས་བསམ་ན། ང་དེར་མེད་པ་དེས་ཁྱོད་ཀྱི་གཉེན་སྟོན་ལ་ཆད་སྐྱོན་གང་ཡང་མེད་པ་ངས་ཤེས་ཀྱི་ཡོད། ང་ཚོ་ལ་ཡོད་པའི་མི་དང་དོད་པའི་མིག་སྤྲུལ་རིན་པོ་ཆེ་ནོར་བུ་བཀྲ་ཤིས་རེད། ཁོང་དངོས་སུ་བཞུགས་བཞིན་ཡོད་པ་དེ་གཅིག་པུས་ཀྱང་ཁྱོད་ལ་མཚོན་ན་འཛམ་གླིང་གི་རྒྱུ་ནོར་ལས་ཀྱང་རྩ་ཆེ་བ་རེད།
ཉིན་གཉིས་ཀྱི་སྔོན་དུ་ཨ་མས་ང་ལ་བསྟན་དཔལ་བརྒྱུད་ནས། བདུན་ཕྲག་རྗེས་མར་འབྲུག་བཟའི་གཉེན་སྟོན་རེད། ནོར་བུ་བཀྲ་ཤིས་ཀྱིས་ང་ཧ་ཅང་གཅེས། མ་ཟད་འབྲུག་བཟའ་ཡང་འདི་ཕྱོགས་ལ་ཡོང་སྐབས་ལྟ་སར་ཡོང་བ་དང་། ངའི་ལག་པར་སྒོར་རྡོག་ཆ་རེ་འཇོག་པ་སོགས་ངའི་སྟེང་ལ་ཐུ་མོ་(ང་ལ་ཡག་པོ་བྱེད་མཁན་)ཞིག་ཡིན། ད་རེས་ང་ལ་ཁུག་དམར་ཞིག་སྐུར་ཤོག །ངས་མོ་ལ་སྤྲོད་དགོས་ཟེར། ངས་ཀྱང་ཡིན་དང་ཡིན་ལབ་པ་ཡིན།
དྲང་མོ་བཤད་ན། ངའི་ངོ་ལ་བལྟས་ནས་ཁ་ཡག་བརྒྱ་བཤད་པ་ལས་ཨ་མའི་སྔུན་ནས་ཁ་འདྲི་ངག་འཇམ་གཅིག་བྱས་ན་དེ་ང་ལ་རྟ་བརྒྱ་མཛོ་སྟོང་ཡིན། འདི་ཆོས་པ་རྣམ་དག་གི་བསམ་བློ་མིན་ན་ཡང་། འཇིག་རྟེན་གྱི་ཚོར་བ་ཟེར་བ་འདི་མི་ཚེའི་ཆ་ཤས་ཤིག་ཡིན་པའི་ཆ་ནས་གང་ལྟར་དེ་འདྲ་རེད། དེས་ན་ཨ་མས་ང་ལ་སྐད་ཆ་འདི་བཤད་དུས་ངས་ཁྱོད་དང་ཁྱོད་ནང་བཞིན་ངའི་ཨ་མར་ཁ་འདྲི་ངག་འཇམ་གནང་མཁན་ཚང་མ་ལ་བཀའ་དྲིན་ཆེ་ཟེར་འདོད་བྱུང་། ངའི་མི་ཚེ་འདིར་དགྲ་ལ་སྡང་བའི་ནུས་པ་དང་གོམས་གཤིས་ཤུགས་ཆེན་པོ་མེད་ན་ཡང་། གཉེན་ལ་ཆགས་པའི་འདུ་ཤེས་དེ་ཁྱེད་ཚོ་དང་གཅིག་པ་ཡོད།
སྐབས་སྔོན་མར་སྤྱི་ལོ་༢༠༡༩ ལོར་ཨ་མ་ང་གཉིས་ངོ་ཐུག་སྐབས་ཀྱང་། ཁྲིན་ཏུ་ནས་ཨ་མར་གཡོག་ཞབས་ཞུ་བྱེད་མཁན་ཁྱེད་ཚོ་ཡིན་པར་མ་ཟད། ཁྱོད་ཀྱིས་གཟུགས་མཐོང་གི་ལམ་ནས་ང་ཚོ་མཉམ་དུ་ཁ་བརྡ་བྱས་སྟེ་ཨ་མ་དང་མཉམ་དུ་དགའ་དགའ་སྤྲོ་སྤྲོ་བྱས་ནས་ཡོད་པའི་མཐོང་སྣང་དག་ངའི་སེམས་ལ་ད་དུང་འཆར་བཞིན་ཡོད། དུས་ཚོད་ནི་ཤིན་ཏུ་འགྲོ་མགྱོགས་པས་དོན་དག་འདི་ལོ་ལྔ་ཡི་ཡར་སྔོན་ལ་བྱུང་བ་ཞིག་ཡིན་པ་ཡིད་ཆེས་མི་ཐུབ་པ་ལྟ་བུ་ཞིག་རེད།
དེ་རིང་ནི་ཁྱོད་ཀྱི་གཉེན་སྟོན་རེད། བཀྲ་ཤིས་པའི་ཉི་མ་རེད། གཡང་འཁོར་བའི་དུས་ཚོད་རེད། ངས་སེམས་ཀྱི་གཏིང་ནས་མཆོག་གསུམ་ལ་གསོལ་བ་འདེབས་བཞིན་ཡོད། བཀྲ་ཤིས་བདེ་ལེགས་ཡོད། མི་ཚེ་སྐྱིད་ལ་འཁོར་བའི་བཀྲ་ཤིས་ཀྱི་ཁ་གཡང་འབུམ་ཕྲག་ཡོད། ཨ་མ་ངེད་གཉིས་ཡུལ་ངོས་ལ་མེད་ཀྱང་སེམས་པ་མཉམ་དུ་ཡོད། ཨ་མའི་ངོས་ནས་ཁྱོད་ལ་རྟེན་འབྲེལ་མཚོན་ཅིག་བསྟན་དཔལ་གྱི་ལག་ཏུ་བཞག་ཡོད་ས་ཡོད། དེ་ཡན་ཆད་ནི་སྐབས་དོན་དང་འབྲེལ་བའི་བཀྲ་ཤིས་བདེ་ལེགས་ཀྱི་སྐད་ཆ་ཡིན།
འདི་ནས་རྒན་པ་ཞིག་དང་ཞིང་པོ་ཞིག་གི་མིང་ཐོག་ནས་སྐད་ཆ་ཉུང་ཉུང་ཞིག་བཤད་འདོད་བྱུང། ཁ་ཏ་སློབ་གསོ་ཞིག་ལ་གོ་བ་བླངས་ནའང་ཆོག །ཤ་ཚ་བའི་གཏམ་ལ་སྙན་མོ་མེད་པས་སྐད་ཆ་འདི་སྙན་སྙན་ལེགས་ལེགས་དེ་འདྲ་མིན། ལར་ནས་མི་ཚེ་ནི་སྙན་སྙན་ལེགས་ལེགས་བསྒྲིགས་པའི་རེ་མིག་ཏུ་མི་ཤོངས་པས་ཁ་ཡག་རྐྱང་པས་ཕན་ཡང་མི་ཐོགས།
ང་ཚོ་བོད་ལ་༼ སྡུག་གི་བག་མ་ཞག་གསུམ་སྐྱིད་༽ ཅེས་པའི་གཏམ་དཔེ་ཞིག་ཡོད། རྒྱ་ནག་ལའང་༼ གཉེན་སྒྲིག་ནི་བརྩེ་དུང་གི་དུར་ས་ཡིན་༽ ཞེས་ཤོད་སྲོལ་ཡིན། དེའི་དོན་དག་ནི། གཉེན་སྒྲིག་བྱས་པའི་ཉིན་མོ་དང་། བག་མར་ཕྱིན་པའི་ཕྱི་ཉིན་ནས་འཚོ་བ་གཞན་ཞིག་མགོ་བརྩམས་པ་ཡིན་ཞིང་། དེ་ནི་མི་ཚེའི་ལེའུ་ཞིག་གི་དངོས་གཞི་ངོ་མ་ཡིན། སྤྱིར་འཁོར་བ་ཞེས་པ་དེ་ཁྱབ་ཆེ་བའི་གོ་དོན་ཡོད་ན་ཡང་། རང་རེ་འབྲོག་པ་ཚོས་ཁྱིམ་ཐབ་འཛིན་པ་ལ་༼ འཁོར་བ་འཛིན་པ་༽ ཞེས་ཟེར་གྱི་ཡོད། ངས་བསམ་ན་འདི་ཚོ་གོ་རྒྱུ་ཡོད་པའི་ཐ་སྙད་སྙིང་རྗེ་མོ་ཞིག་རེད། མདོར་ན། དེ་རིང་ནས་ཁྱོད་རང་འཇིག་རྟེན་འཁོར་བ་དངོས་གནས་ཤིག་གི་ནང་དུ་འཛུལ་ཟིན་པ་ཡིན། དེ་ནི་རང་སྣང་གང་ཤར་གྱི་རྩེད་མོ་ཞིག་གཏན་ནས་མིན།
ལར་ཁྱོད་རང་སྒེར་གྱི་ངོས་ནས་ཕ་མ་དང་མིང་པོ་སྟག་སེང་ཁྱུང་འབྲུག་འདྲ་བ་ཡོད་ཅིང་། ནང་གི་འབྱོར་བ་དང་ཆ་རྐྱེན་ཡང་དཀའ་ངལ་མེད་ངེས་རེད། འོན་ཀྱང་། ཁྱིམ་ཚང་ཞིག་གི་ནང་གི་བདེ་སྐྱིད་ངོ་མ་དེ་ནི་གཙོ་བོ་ཁྱོད་རང་ཉིད་དང་། ཁྱོད་ཀྱི་ཚེ་རོགས་བར་གྱི་བརྩེ་དུང་གི་འབྲེལ་བ་རྒྱུན་སྐྱོང་སྟངས་དང་། གཟའ་ཚང་གི་སློབ་གསོའི་སྤུས་ཚད་ཀྱི་ཐོག་ནས་ཡོང་བ་ཞིག་ཡིན། འགྲོ་སྟངས་འདི་ལ་ “ཁྱིམ་སྐྱོང་སློབ་གསོ་” ཞེས་བཏགས་ན་འགྲིག ། ད་སྔོན་ཐ་སྙད་འདི་སུས་བེད་སྤྱད་བཏང་ཡོད་མེད་ཧ་མ་གོ་ཡང་གང་ཁྱིམ་སྐྱོང་བ་ནི་ཤེས་ཡོན་ཞིག་དང་སློབ་གསོ་ཞིག་ཡིན། དེ་ལས་ཀྱང་སེམས་ཀྱི་བདེ་སྐྱིད་དངོས་གནས་ཤིག་འཚོ་བའི་ཁྲོད་ནས་རྙེད་ཐུབ་མིན་ནི་ཁྱོད་རང་ཁོ་ན་ལ་གཙོ་བོར་རག་ལས་པ་ཞིག་རེད། དེང་སང་གི་དུས་སུ་ལྷག་པར་དུ་དེ་འདྲ་རེད།
གཞོན་དུས་ཀྱི་ལང་ཚོ། ཕུགས་བསམ་གྱི་འདུ་ཤེས། ཁ་སར་(གོས་གསར་པ་གྱོན་པར་ཁ་སར་མ་ཟེར་བ་ལྟ་བུ་)གྱི་ཚོར་བ། འཕྲུལ་སྣང་གི་བརྩེ་དུང་ཡོད་ཚད་ཁྱིམ་ཐབ་ཟིན་པའི་ཉིན་མོ་ནས་རྣམ་པ་གཞན་ཞིག་ཏུ་འགྱུར་འགོ་ཚུགས་ཟིན་མོད། འགྱུར་བ་དེ་རྙིང་པར་གྱུར་པ་ཞིག་དང་། ཇེ་སྡུག་ཏུ་ཕྱིན་པ་ཞིག་ཏུ་གོ་བ་ལེན་མི་དགོས། དཔེར་ན། ཇ་ལོ་ལྗང་གུ་ནི་དུས་ཚོད་ཅི་ཙམ་ཕྱིན་པ་དེ་ཙམ་རྒྱུ་དག་ཞན་དུ་འགྲོ་ན་ཡང་། ཇ་ནག་པོ་ནི་དེ་ལས་ལྡོག་སྟེ་སྤུས་ཀ་ཇེ་ཡག་དང་བྲོ་བ་ཇེ་ཆེ་རུ་འགྲོ །དེ་བཞིན་དུ་ཁྱིམ་སྐྱོང་གི་བློ་གྲོས་མེད་པའི་ཁྱིམ་ཚང་གི་འཚོ་བ་ནི་དུས་ཚོད་སོང་རིམ་བཞིན་སྡུག་ཏུ་འགྲོ་ན་ཡང་། ཁྱིམ་སྐྱོང་གི་བློ་གྲོས་ལྡན་པའི་ནང་གི་འཚོ་བ་ནི་ཇི་ཙམ་དུས་ཚོད་རིང་དུ་ཕྱིན་པ་དེ་ཙམ་དུ་བདེ་སྐྱིད་ཀྱི་ཚོར་བ་ཆེ་རུ་འགྲོ་ཆོག །
ཁྱོད་རང་གསར་དུ་ཨ་མ་བྱས་པ་དེ་འདྲ་མིན་ན་ཡང་། ཁྱིམ་ཚང་ཞིག་གི་ནང་གི་ཀ་བ་ལྟ་བུའི་ལས་འགན་དེ་འཕྲག་པར་བབས་ཚར་ན་ཁྱོད་ཀྱི་འགན་འཁྲི་དེ་སྔར་ལས་ལྗིད་ཁོག་ཆེན་པོ་ཡོད་པ་ཞིག་རེད།
ཁྱོད་ལ་ཐབ་གཡོག་དང་ནང་ལས་ལས་མཁན་ཡོད་ནའང་ཐང་། ནང་ལས་གང་ཡང་མི་དགོས་པར་སྐྱིད་པོ་གཏོང་ཆོག་པའང་སྲིད། ངས་ཁྱོད་རང་ཨ་མ་དང་ཨ་ཅེ་ཁོང་ཚོ་ལྟ་བུའི་མི་རབས་རྒན་པ་ཚོ་ནང་བཞིན། འབྲོག་མོ་པགས་རྩག་ཅན། འབྲི་མོ་བཞོ་མཁན། ལྕི་བ་ལས་མཁན་དེ་ཚོའི་སར་བཞག་ནས་སྐད་ཆ་བཤད་ཀྱི་མེད། ཡིན་ན་ཡང་། བཟའ་ཟླ་དང་བུ་ཕྲུག་གི་བདེ་སྐྱིད་ཀྱི་དྲོད་ཁོལ་ངོ་མ་དེ་ནང་གི་ཨ་མའི་བརྩེ་བའི་ལག་ཟས་དང་བྱམས་པའི་འཛུམ་མདངས་ལས་འབྱུང་བཞིན་ཡོད།
ད་ནས་ཁྱོད་ཀྱིས་ཀྱང་རང་ཉིད་ཀྱིས་རང་ཉིད་མཐོར་འདེགས་ཡོང་བར་འབད་བརྩོན་མང་པོ་དགོས། ཁྱིམ་ཚང་ག་ཚད་ཕྱུག་པོ་ཞིག་ཡིན་ཡང་། གཡོག་པོ་གཡོག་མོ་བརྒྱ་ཕྲག་ཡོད་པ་ཞིག་ཡིན་ཡང་། ནང་ལ་ནང་གི་བྲོ་བ་ཞིག་དགོས་ན་དེ་ནི་ཨ་མ་ལས་གཞན་པ་ཞིག་ལས་ཡོང་ཐབས་མེད། ད་ལྟའི་བར་དུ་ཁྱོད་རང་ཡང་ཨ་མའི་བརྩེ་བའི་པང་དུ་སྡོད་རྒྱུའི་བསོད་ནམས་བྱུང་ཡོད་ན་ཡང་། ད་ནས་ཁྱོད་རང་ཉིད་ཨ་མ་ངོ་མ་ཞིག་བྱ་རྒྱུའི་ལས་འགན་དེ་ཁ་ཇེ་གསལ་དུ་འགྲོ་བཞིན་ཡོད། ལས་འགན་དེའི་ལྗིད་ཁོག་ད་བཟོད་ཚོར་རྒྱུ་རེད།
མདོ་དབུས་མཐོ་སྒང་གི་འཚོ་བའི་རིག་མཛོད་ཆེན་མོ་གླིང་གེ་སར་གྱི་སྒྲུང་གི་ནང་དུ། ཆུང་མ་ནི་ཁྱིམ་ཚང་དེའི་གཡང་འཁོར་ས་ཡིན་པར་གསུངས་ཡོད། ད་དུང་། ནང་མི་དང་མགྲོན་པོའི་གདོང་ལ་འཛུམ་གྱིས་བསུ་ཞིང་། གཏོང་ཕོད་ཀྱི་ལག་པ་ཡངས་པའི་ནང་གི་ཨ་མ་ནི་ཁྱིམ་གྱི་ནོར་བུ་ཡིན་པ་དང་སྐྱེས་པ་ཕོའི་སྤོབས་པ་ཡིན་པར་བསྟན་ཡོད། གཏོང་ཕོད་ཀྱི་ལག་པ་ཡངས་ཟེར་བ་དེའང་ཁྱོ་གའི་ཟླ་ཕོག་སྤྱད་ནས་དྲ་ཐོག་ནས་ཅ་ལག་ཉོ་བར་གོ་གིན་མེད། མགྲོན་པོ་དང་ཉེ་བ་ལ་སེམས་གཏིང་གི་སྣེ་ལེན་བྱ་རྒྱུ་དང་། བརྩེ་བ་སྤྱད་ནས་ཇ་བསྐོལ་རྒྱུ་དང་ཟ་མ་བཟོ་རྒྱུར་གོ་དགོས། སྔར་ཞིག་ལ་དགེ་རྒན་ཞིག་གིས་ཤེལ་སྦུག་ཞིག་གི་ནང་དུ་ཆུ་ཐིགས་ཅིག་བླུགས་ནས་དེ་རང་གི་སློབ་མ་ཚོར་སྟོན་བཞིན་བཤད་རྒྱུར། ཆུ་འདི་ཨ་མ་ཞིག་བུ་ཕྲུག་ཆེད་དུ་ངུས་པའི་མིག་ཆུ་རེད། འདིའི་ནང་དུ་ང་ཚོའི་མིག་གིས་མཐོང་ཐུབ་པའི་ཆུའི་གྲུབ་ཆ་ལས་གཞན་པའི་མིག་གིས་མཐོང་དུ་མེད་པའི་བརྩེ་བའི་གྲུབ་ཆ་ཡོད་ཅེས་བཤད་པ་རེད། དེ་ནང་བཞིན། མི་ལ་སྐད་ཆ་བཤད་སྐབས་དང་། མགྲོན་པོ་ལ་སྣེ་ལེན་བྱེད་སྐབས་བསམ་པ་རྣམ་དག་དང་། སེམས་པ་གཏད་ནས་བྱམས་བརྩེའི་སྣེ་ལེན་བྱེད་བཞིན་ཡོད་མིན་དེ་མིག་གིས་མཐོང་མི་ཐུབ་ན་ཡང་སེམས་ཀྱིས་ཚོར་ཐུབ། དཔེར་ན། ཟ་ཁང་དག་གིས་ཚོང་གི་ཆེད་ཁོ་ནར་བཟོས་པའི་ཟ་མ་དང་། མགྲོན་པོ་ལ་ཞབས་ཏོག་ཡག་པོ་ཞིག་ཞུ་རྒྱུའི་སེམས་པ་བཟང་པོས་བཟོས་པའི་ཟ་མ་གཉིས་ལ་ཚོར་བས་ཟིན་མ་ཟིན་གྱི་ཁྱད་པར་ཡོད་པས་ཟོས་ན་བྲོ་བ་ཁ་ཁ་ཡིན། དེ་ནང་བཞིན་ནང་གི་ཨ་མ་དེའི་ཀུན་སྤྱོད་དང་གཤིས་རྒྱུད་ནི་ཁྱིམ་ཚང་ཧྲིལ་པོའི་སྤུས་ཚད་ཀྱི་ཐིག་ཤིང་སྟེ། མདོར་ན། ནང་གི་ཨ་མ་ཞིག་གི་ལས་འགན་ནི་ཁྱིམ་ཚང་དེའི་ནང་སྲིད་བློན་ཆེན་གྱི་གོ་གནས་ཡིན།
ཡིན་ན་ཡང་། དེང་སང་གི་དུས་ཚོད་འདིར་ཡོད་ཚད་ཉི་མ་རེ་རེ་བཞིན་འགྱུར་བ་འགྲོ་བཞིན་ཡོད། ཕྲུ་གུའི་དགའ་ཕྱོགས་དང་སྤྱི་ཚོགས་ཀྱི་གནས་སྟངས། སློབ་གསོའི་ཁོར་ཡུག་སོགས་ཉི་མ་རེ་རེ་བཞིན་དུ་འགྱུར་བཞིན་ཡོད། ཕ་མས་རང་གི་ཕྲུ་གུའི་སེམས་ཁམས་དང་མཐུན་པའི་སློབ་གསོ་གཏོང་རྒྱུ་དང་། དགའ་ཕྱོགས་དང་བསམ་ཚུལ་གཅིག་མཐུན་གྱི་ཐོག་ནས་ཕན་ཚུན་ཁ་བརྡ་ཡོང་རྒྱུ་དེ་དཀའ་ཁག་ཅན་ཞིག་ཏུ་གྱུར་ཡོད། རིན་ཐང་གི་ལྟ་བ་དང་བདེ་སྐྱིད་ཀྱི་ངོས་འཛིན་མི་འདྲ་བའི་དབང་གིས་ནང་མི་ཡིན་ཡང་ཛ་དྲག་གི་གདོང་ཐུག་ཡོང་བཞིན་ཡོད། དེ་ཚང་མ་སྙོམས་བསྒྲིགས་ཡོང་བ་ལ། ཐོག་མར་མདུན་ལྗོངས་མཐོང་བའི་མིག་ཐག་རིང་དགོས། རང་གི་སྐྱོན་རྟོག་ཅིང་བཅོས་བསྒྱུར་ཀྱི་བློ་སྟོབས་དགོས་ལ། གཞན་ཕྱོགས་ཀྱི་ལེགས་ཆ་ལ་མང་ཙམ་བསམ་བློ་གཏོང་ཐུབ་པ་ཞིག་ཀྱང་དགོས། རང་གི་ས་ལ་གཞན་དང་གཞན་གྱི་ས་ལ་རང་བཞག་ནས་ངང་རྒྱུད་རིང་པོར་སྦྱོང་བརྡར་གྱི་སེམས་གཤིས་དགོས། ད་དུང་ཚོར་བའི་རྗེས་སུ་མི་འབྲངས་པའི་གོམས་གཤིས་ཤིག་ཀྱང་འཇགས་དགོས་ཏེ། དེ་ཚོ་ཡོད་ན་གནད་དོན་མང་པོ་ཞིག་གནད་དོན་མ་ཡིན་པར་འགྱུར་སྲིད།
དེང་སང་མཁས་པ་ཚོས་ཟེར་ན། མི་མང་པོ་ཞིག་རང་ཤི་རྒྱག་པ་ནི་འཕྲལ་དུ་དཀའ་ངལ་ཆེན་པོ་ཞིག་དང་གདོང་ཐུག་བརྒྱབ་པས་མ་ཡིན་པར་དཀའ་ངལ་ཆུང་ཆུང་ཞིག་རྒྱུན་རིང་པོར་བསྣར་པས་རེད་ཟེར། དེ་ཕལ་ཆེར་བདེན་པ་རེད། དེ་བཞིན་དུ། ཁྱིམ་ཚང་གི་འགལ་ཟླ་ཡང་ཧོབ་སྟེ་དཀའ་ངལ་ཆེན་པོ་ཞིག་འཕྲད་པས་མ་ཡིན་པར། དཀའ་ངལ་ཆུང་ཆུང་དག་གི་ཐོག་ཕན་ཚུན་བསམ་ཤེས་མེད་པར་འགལ་ཟླ་ཡུན་རིང་ལྷག་པས་ཡིན།
ད་དུང་དོན་དག་གལ་ཆེན་པོ་ཞིག་ཡོད། ཕ་མ་གཉིས་བཟའ་འཛིངས་བྱས་ན་བུ་ཕྲུག་གི་སེམས་ཁམས་ལ་རྨ་ཁ་ཆེན་པོ་བཟོ་བ་ཡིན། བུ་ཕྲུག་ནི་ནམ་ཡང་བསམ་མེད་ཡིན་པར་སེམས་མི་རུང་། ཁོང་ཚོར་ཆུང་དུས་ནས་དགའ་སྡུག་གི་ཚོར་བ་ཧ་ཅང་རྣོན་པོ་ཡོད། ཁོང་ཚོར་མཚོན་ན། འཇིག་རྟེན་འདིའི་བཟང་ངན་གང་ལ་ཡང་གཞན་ལས་ལྷག་པའི་ཚོར་བ་ཡོད། དོན་དག་གང་བྱུང་ཡང་ངོས་འཛིན་གསལ་པོ་ཡོད། ང་ཧ་ཅང་ཆུང་ཆུང་ཡིན་དུས་ཤིག་ལ་སྦས་ལུང་གོང་མའི་ནང་དང་ཡོད་དར་གོང་མའི་ནང་གཉིས་ནས་ཁྱིམ་ཚང་གཞན་ཞིག་གི་ཁྱོ་གས་རང་གི་གཟའ་ཟླ་ལ་ཉེས་རྡུང་བྱེད་པ་ངས་མཐོང་མྱོང་ཡོད། སྣང་བརྙན་དེ་ད་ལྟའང་ངའི་དྲན་ཡུལ་དུ་རྡོ་ལ་བརྐོས་པ་བཞིན་བསྡད་འདུག །སྐབས་དེར་ང་ལོ་ལྔ་དྲུག་ཙམ་ལས་མིན་ན་ཡང་སེམས་ལ་ཞེད་སྣང་ཆེན་པོ་བྱུང་བ་དེ་ད་ལྟའང་དྲན་བཞིན་འདུག །དེས་ན་དེང་སང་ནུབ་ཕྱོགས་སོགས་ཀྱིས་ཕ་མས་བུ་ཕྲུག་གི་སྔུན་ནས་བཟའ་ནོགས་བྱེད་པ་ཨ་ཅང་ཅང་། ཐ་ན་རྩུབ་སྤྱོད་དང་འབྲེལ་བའི་གློག་བརྙན་དང་། རི་མོ་ལྟ་བ་ཙམ་ཡང་ཕྲུ་གུའི་ལོ་ཚད་དང་བསྟུན་ནས་གང་ཞིག་འོས་འཚམས་ཡིན་མིན་གྱི་ས་མཚམས་འབྱེད་བཞིན་ཡོད། དེ་ཚོར་རྒྱུ་མཚན་ཆེན་པོ་ཡོད། ད་ལྟའི་དུས་ལ་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་སྐྱོང་བ་དང་། ཕྲུ་གུའི་ཕ་མ་ཡག་པོ་ཞིག་བྱེད་པ་དེ་འདས་པའི་དུས་ཚོད་གང་ལས་ཀྱང་དཀའ་ལས་ཆེ་བ་ཡོད།
ཡང་བོད་པའི་བུ་མོ་མང་ཆེ་བ་ཅུང་ཟད་བབ་ཆགས་དང་སྟབས་བདེའི་གཤིས་ཀ་ཡོད། དེ་ནི་ཡ་རབས་བཟང་སྤྱོད་ཅིག་ཡིན། ཡིན་ན་ཡང་། རང་ཉིད་ཀྱི་གཟུགས་པོ་ལ་བདག་པོ་རྒྱག་སྟངས་དང་། གྱོན་པ་གྱོན་སྟངས་སོགས་ལ་དང་དོད་དེ་ཙམ་མི་བྱེད་པའི་གཤིས་ཀ་ཞིག་ཀྱང་ཡོད། ཁྱད་པར་དུ་ཆང་ས་བརྒྱབ་ནས་ཨ་མ་ཆགས་རྗེས་ལུས་པོ་ལ་བདག་པོ་མི་བྱེད་པར་གང་འདོད་དུ་རྒྱག་པ་ཆགས་འཇུག་པ་དང་། པགས་པ་ལ་སོགས་ལ་སྲུང་སྐྱོབ་མི་བྱེད་པར་མགྱོགས་པར་རྒས་ཉམས་དོད་དུ་འཇུག་པའི་གཤིས་ཀ་ཞིག་འདུག །དེ་ནི་བུ་མེད་ཅིག་གི་ངོས་ནས་གོམས་གཤིས་དེར་འགྱུར་བ་གཏོང་དགོས་པ་ཞིག་རེད། སྐྱེས་པ་ཞིག་ལ་མཚོན་ན་རང་གི་བཟའ་ཟླའི་ལང་ཚོ་དང་རྣམ་པ་དེ་ཧ་ཅང་དོ་སྣང་བྱ་ཡུལ་ཞིག་ཡིན། ཐ་ན་དེས་ཁྱོ་ཤུག་བར་གྱི་བཟའ་ཚང་གི་འབྲེལ་བ་ལའང་ཤུགས་རྐྱེན་ཆེན་པོ་བྱེད་ཀྱི་ཡོད། ལར་ནས་བརྩེ་དུང་ནི་ཕོ་མོ་ཕན་ཚུན་གཅིག་གིས་གཅིག་ལ་ཡིད་དབང་ཕྲོག་པའི་ནུས་པ་ཞིག་རྒྱུན་སྐྱོང་དགོས་ཞིང་། དེའང་ལུས་སེམས་ཆ་མཉམ་གྱི་ཐོག་ནས་ནུས་པ་དེ་ཉར་ཐུབ་དགོས། དཔེར་ན། འཇར་པན་ལ་མཚོན་ན། བུད་མེད་ཀྱིས་རང་གི་ཁྱོ་ག་དང་མཉམ་དུ་མཛད་སྒོ་གལ་ཆེན་ཞིག་ལ་མཉམ་ཞུགས་བྱེད་པ་ལྟ་བུར་གདོང་ལ་འོས་འཚམས་ཀྱི་མཛེས་བཟོ་བྱེད་པ་དང་། གྱོན་པ་སྤུས་དག་གྱོན་པ་ནི་རང་གི་ཟླ་བོ་ལ་རྩི་བཀུར་བྱེད་སྟངས་ཀྱི་ཀུན་སྤྱོད་ཀྱི་ཆ་རྐྱེན་ཞིག་ཡིན། བསམ་ཚུལ་འདི་དག་ཀྱང་ཁྱོད་ཚོ་དང་ཁྱོད་ཚོའི་རྗེས་ཀྱི་བོད་པའི་གཞོན་ནུ་མ་ཚོར་མཚོན་ན་ཤེས་དགོས་ངེས་ཤིག་ཡིན། ལར་ཁྱེད་ཚོས་འདི་དག་ཤེས་བཞིན་ཡོད་སྲིད་མོད། ངའི་ཁོར་ཡུག་འདིའི་བོད་པ་ཚོར་ནི་ད་དུང་འདིའི་ཐད་ཞན་ཆ་ཆེན་པོ་འདུག །འོན་ཀྱང་འདིའི་སྐོར་མང་པོ་བཤད་རྩིས་མེད།
ཅིག་བྱས་ན་ངས་སྐད་ཆ་འདི་དག་སྐལ་བཟང་མེ་ཏོག་ལ་བཤད་ན་མོས་གོ་བ་མང་བ་ལོན་སྲིད། གང་ལྟར་ངའི་སྐད་ཆ་འདི་བཤད་ས་ཁྱོད་རང་ཡིན་ན་ཡང་། ད་ལྟ་དང་མ་འོངས་པའི་ཁྱིམ་ཚང་སྐྱོང་མཁན་གྱི་སྐྱེས་མ་ཚང་མ་ལའང་འབྲེལ་བ་ཞིག་ཡོད། ང་ཁྱོད་དང་ཁྱོད་ཀྱི་ནང་མིའི་ད་ལྟའི་ཉིན་རེའི་འཚོ་བ་དང་གཤིས་ཀའི་ཕྱོགས་ལ་ཆ་རྒྱུས་གང་ཡང་མེད་མོད། སྐད་ཆ་འདི་དག་ཁྱིམ་ཚང་སྐྱོང་མཁན་གྱི་ཨ་མ་ཞིག་གི་འགན་འཁྲི་དང་འབྲེལ་བའི་སྤྱིར་བཏང་གི་རྒྱུན་ཤེས་ཙམ་གྱི་ངོས་ནས་བཤད་པ་ཡིན། ང་ཡང་ད་ལྟ་སྔར་གྱི་ཡིག་ཐོག་ཁོ་ན་ནས་བུད་མེད་དང་བཟའ་ཚང་ལ་གོ་བ་ལེན་མཁན་དེ་མིན་པས། སྐད་ཆ་འདི་རིགས་བཤད་པར་དགོས་ངེས་ཀྱི་མྱོང་རྟོགས་གང་འཚམས་ཡོད་པར་ཡིད་ཆེས་བྱེད་ཆོག །
ལར་ནས་ཁྱིམ་ཚང་ལ་རྒྱུ་འབྱོར་བ་དགོས་མོད། འབྱོར་བས་བདེ་སྐྱིད་བརླགས་མི་རུང་། བརྩེ་དུང་ནི་འགྲན་བསྡུར་ཞིག་ཡིན་མི་རུང་། བཟའ་ཚང་གི་འབྲེལ་བ་ནི་ཚོང་འབྲེལ་ཞིག་ཏུ་འགྱུར་མི་རུང་། ཕན་ཚུན་གྱི་བསམ་ཤེས་ནི་ཧ་ཅང་གལ་ཆེན་ཡིན། ནང་གི་བདེ་སྐྱིད་ངོ་མ་ནི་ཁྱོ་ག་དང་སྐྱེས་སྨན་ཐུན་མོང་གིས་བཞེངས་སྐྲུན་བྱས་པའི་སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་ཡིན། བརྩམས་ཆོས་འདི་གཅེས་ཉར་བྱེད་མཁན་ངོ་མ་ནི་རང་གི་བུ་རབས་དང་ཚ་རྒྱུད་དག་ཡིན། དེས་ན་ཁྱིམ་ཚང་སྐྱོང་ཞིང་བདེ་སྐྱིད་ཀྱི་འཚོ་བ་རོལ་རྒྱུ་ནི་དཀའ་ཚེགས་ཆེ་བའི་སྒྱུ་རྩལ་གྱི་ལས་གཞི་ཞིག་ཡིན།
མདོར་ན། བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་སྐྱོང་བ་ནི་ནང་གི་ཕ་མ་གཉིས་ལ་ཡོད་པའི་ཐུན་མོང་གི་ལས་འགན་ཞིག་སྟེ། དེ་རིང་ནས་ཁྱོད་དང་ཁྱོད་ཀྱི་བཟའ་ཟླ་གཉིས་ཀྱི་འབྲེལ་བ་ནི་མཉམ་འབྲེལ་གྱིས་མི་ཚེ་སྐྱེལ་རྒྱུའི་ལས་གཞི་ཞིག་གི་ཟླ་གྲོགས་སུ་གྱུར་པ་ཞིག་རེད། ཕྱོགས་གཞན་ཞིག་ནས་འཛམ་བུ་གླིང་དུ་མི་གྲངས་དུང་ཕྱུར་བདུན་ཅུ་ཡོད་པ་དང་། ང་ཚོ་སུ་ཡིན་ཡང་རང་གི་ཁ་ཡ་ན་ཟླའི་ནང་དུའང་སེམས་ནང་གི་གེ་སར་རྒྱལ་པོ་ལྟ་བུའི་ཡིད་སྨོན་བྱ་ཡུལ་མང་པོ་ཞིག་ཡོད་མྱོང་ཡོད། གློག་བརྙན་ནང་གི་དཔའ་བོ་ཚུན་ཆད་ལ་སྟོང་བསམ་གྱི་སེམས་པ་ཤོར་མྱོང་ཡོད་སྲིད། ཡིན་ན་ཡང་། ཐ་མའི་ཐ་མར་རང་གི་མི་ཚེ་སྐྱེལ་རོགས་སུ་ཐོབ་པའི་བཟའ་ཟླ་ནི་གཅིག་ལས་མེད་དེ། དེ་ནི་སྐྱེ་བ་སྔོན་མའི་ལས་ཀྱི་འབྲེལ་བ་ཞིག་ཡིན་པར་ཡིད་ཆེས་བྱེད་འོས། ཆོས་ཕྱོགས་ནས་བཤད་ན་འདི་ནི་ལས་རྒྱུ་འབྲས་ལ་ཡིད་ཆེས་བྱེད་པའི་ཉམས་ལེན་གྱི་ཆ་ཤས་ཤིག་རེད།
གླིང་རྗེ་གེ་སར་གྱི་སྒྲུང་ཡིག་ཏུ། ལས་ཀྱིས་བསྐོས་པའི་གཏན་གྲོགས་ཞེས་གསུངས་ཡོད་ཅིང་། གཏན་གྲོགས་དང་། ཚེ་རོགས་ཞེས་པའི་ཚིག་འདི་དག་ནི་ཧ་ཅང་ཡིད་དབང་འཕྲོག་པའི་ཐ་སྙད་ཅིག་རེད། རང་གི་གཏན་གྲོགས་དང་མཉམ་དུ་བསྐོས་པའི་མི་ཚེ་དེའི་ནང་དུ་བཅོས་མིན་གྱི་ལྷག་བསམ་དང་ལྷད་མེད་ཀྱི་བརྩེ་བ་ཡོད་ན་གཞི་ནས་བདེ་སྐྱིད་ཅེས་པའི་ཡིག་འབྲུ་གཉིས་པོ་དེ་ཡང་རང་ཆས་སུ་ཡོང་བ་ཡིན།
ས་སྐྱ་པན་ཆེན་གྱིས། རིག་པ་ནང་པར་འཆི་ཡང་བསླབས། །ཅེས་པ་དེ་ང་ཚོས་དཔེ་ཆ་དང་སློབ་སྦྱོང་ཙམ་ལ་གོ་བ་བླངས་ན་མི་འགྲིགས་པས། ཉམས་མྱོང་གསོག་ཞོར། ཤེས་བྱ་གསར་པ་ལ་སློབ་སྦྱོང་བྱེད་ཞོར་དུ་འཚོ་བ་སྐྱེལ་དགོས་ཞེས་པའི་དོན་དུ་གོ་བ་ལེན་དགོས། དེས་ན་ཁྱོད་ཀྱིས་ཀྱང་བརྡ་འཕྲིན་དུས་རབས་ཀྱི་མཐོང་ཐོས་དག་བཟང་ཕྱོགས་སུ་བེད་སྤྱད་ནས་སློབ་སྦྱོང་ངེས་པར་དུ་བྱེད་དགོས། སློབ་གྲྭའི་གོ་སྐབས་ཤོར་བ་ཙམ་གྱིས་སློབ་སྦྱོང་གི་གོ་སྐབས་ཤོར་སོང་བར་གཏན་ནས་བསམ་མི་རུང་། ཁྱོད་རང་མི་ཚེ་འདིར་ཨང་རྩིས་དང་རྫས་འགྱུར་མགོ་ནས་སྦྱོང་མཁན་ཞིག་ཏུ་འགྱུར་མི་དགོས་ན་ཡང་། བོད་ཡིག་དང་ནང་ཆོས། རྒྱུན་ཤེས་དང་སློབ་གསོའི་ཕྱོགས་ལ་རང་ཉིད་ཀྱི་རང་ཉིད་མཐོར་འདེགས་ཡོང་རྒྱུར་ད་དུང་ཡང་འབད་བརྩོན་བྱེད་དགོས། དེའི་དུས་ཚོད་གཏན་ནས་ཡོལ་མེད། མ་བཟང་གི་བུ་མོ། སྐད་ཆ་འདི་སེམས་ལ་ཉར་རོགས།
མཚམས་འདི་ནས་ངས་ཁྱོད་ལ་ང་ཚོའི་ཤ་ཁྲག་རུས་གསུམ་དང་འབྲེལ་བའི་ལར་ཞེན་གྱི་ཁ་ཏ་གཞན་ཞིག་ཡོད། དེ་ཡང་ཁྱོད་རང་ཉིད་གངས་ལྗོངས་ཀྱི་འབྲོག་མོ་དཀྲུས་ན་མི་འདག་པ་ཞིག་གི་ནང་མི་དང་གངས་ལྗོངས་བོད་ཀྱི་ཕྱི་རབས་པ་ཞིག་ཡིན་པའི་ངོས་ནས། ད་ལྟ་དང་མ་འོངས་པའི་བུ་ཕྲུག་ཚོར་ནམ་རྒྱུན་བོད་སྐད་མང་ཙམ་བཤད་རྒྱུ་དེ་ངའི་རེ་བ་ཡིན།
དེང་སང་བླ་མ་གྲྭ་ལས་གཞན་པའི་བོད་པ་མང་པོ་ཞིག་གིས་རང་གི་དྲ་རྒྱབ་ལ་བོད་ཡིག་བྲིས་པ་ཞིག་ཧ་ཅང་མཐོང་དཀོན། ཡི་གེ་ཤེས་མིན་དང་དག་ཆ་ཡོད་མིན་ལ་ཁ་གཡར་ས་མེད། གཞན་གྱིས་བྲིས་པའི་ལོ་སར་བཀྲ་ཤིས་བདེ་ལེགས་དང་། སྐྱེས་སྐར་བཟང་ལྟ་བུའི་ཚིག་ཐུང་ཞིག་བརྒྱུད་འགོད་ཙམ་བྱས་པ་ཙམ་ཡང་མཐོང་དཀོན། མ་གཞི་འདི་ནི་ད་ལྟའི་བོད་ཀྱི་གཞོན་སྐྱེས་ཕལ་མོ་ཆེ་དང་ཁྱད་པར་བུ་མོ་ཚོའི་ཐུན་མོང་གི་ཞན་ཆ་ཞིག་རེད།
ཞན་ཆ་འདིའི་ངོས་ནས་བལྟས་ན་མ་འོངས་པར་ས་སྐྱེས་རྡོ་སྐྱེས་ཀྱི་འབྲོག་པ་ཚོས་ཀྱང་རང་གི་ཕྲུ་གུར་རིམ་གྱིས་རྒྱ་སྐད་རྒྱ་ཡིག་ཁོ་ནའི་ལམ་ནས་ཁ་བརྡ་བྱེད་སྲིད་པར་ང་ལ་སེམས་ཁྲལ་ཡོད། ང་ཚོའི་བོད་ཀྱི་སྐད་ཡིག་གི་ཁོར་ཡུག་ནི་ད་ལྟའི་ཆར་ཁྱིམ་ཚང་གི་ཁྱབ་ཁོངས་ཙམ་དུ་རིམ་གྱིས་སྐུམ་བཞིན་ཡོད། ངའི་རེ་བར། ད་ནས་ཁྱོད་རང་ཉིད་གངས་ལྗོངས་ཀྱི་སྐྱེས་མ་ཞིག་ཡིན་པའི་ངོས་ནས་བོད་རང་གི་ཆོས་དང་རིག་གཞུང་ཡ་རབས་གོམས་གཤིས་དང་འབྲེལ་བའི་འཚོ་བ་རྣལ་མ་དེ་ཚོ་གང་ཐུབ་ཐུབ་ཅིག་རང་གི་བུ་ཕྲུག་ཚོར་བརྒྱུད་སྤྲོད་བྱ་རོགས། མ་མཐའ་ཡང་དེའི་ཆེད་དུ་སེམས་ཁྲལ་ཡོད་པ་ཞིག་དགོས།
དེ་ཡང་བུ་ཕྲུག་དག་འཇིག་རྟེན་མི་ཡུལ་དུ་ཆེས་ཐོག་མར་ཡོང་རྗེས་ཀྱི་ལད་ཟློས་བྱ་ཡུལ་ཁྱིམ་ཚང་གི་རིག་གནས་དང་ཕ་མ་ཡིན། ཁྱིམ་ཚང་གི་སྒོ་ཕྱི་ནང་དང་། ཕ་མའི་ཉིན་རེའི་འཚོ་བའི་ཆ་ཤས་སུ་བོད་དྲི་དང་རྩམ་དྲི་ཡོད་ན། དེ་ནི་ཁྱིམ་ཚང་སློབ་གསོའི་ཆ་ཤས་སུ་གྱུར་པའི་སྲོལ་རྒྱུན་གྱི་སློབ་གསོ་ཉག་གཅིག་དེ་ཡིན།
དེ་དང་མཉམ་དུ་ཐབས་བརྒྱུ་ཇུས་སྟོང་གིས་བོད་ཡིག་དང་བོད་ཀྱི་རིག་གནས་སྦྱོང་བའི་ཁོར་ཡུག་རེ་བསྐྲུན་རྒྱུ་དེའང་ཧ་ཅང་གལ་ཆེ། བུ་རབས་ཚ་བརྒྱུད་དག་གི་བརྒྱུད་ལ་བོད་ཀྱི་ཆོས་དང་རིག་གཞུང་གི་ཞག་རྩི་ཡོད་པ་ཞིག་དགོས་ན། ཐབས་ལམ་ཉག་གཅིག་ནི་ཁོང་ཚོ་ཡང་ང་ཚོའི་ཨ་ཕ་ཨ་མ་དང་ཨ་ཡེ་ཨ་མྱེ་དེ་ཚོ་ནང་བཞིན་དཀོན་མཆོག་གསུམ་ལ་དད་པ་ཡོད་པ་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་ཡོད་པ། དབྱངས་གསལ་སོ་བཞི་ལ་དགའ་ཞེན་ཡོད་པ་ཞིག་དགོས། སྔར་ཞིག་ལ་པོད་ཕྲན་གྱི་ཐོག་ཏུ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས། “བོད་དང་དད་པ་མཉམ་དུ་གནས་དགོས།” ཞེས་པའི་ཡིག་ཐུང་ཞིག་བྲིས་གནང་སོང་། ང་ཁོང་གི་གཟིགས་ཚུལ་དེར་ཧ་ཅང་འཐད། ལར་དད་པ་མེད་པ་དང་རིག་གཞུང་མེད་པའི་མི་དེ་ནི་རིམ་གྱིས་ནང་བསམ་བློའི་ཐོག་ལ་སྟོང་ཆ་ཆེན་པོ་ཞིག་ཡོང་གིན་ཡོད། དེ་ཚོ་སྲོལ་རྒྱུན་གྱི་རིག་གཞུང་དང་ཁ་ཐག་རིང་དུ་འགྲོ་བཞིན་ཡོད། ལོ་ཆེ་རུ་ཕྱིན་པ་དང་གནད་དོན་འདི་ཁ་ཇེ་གསལ་དུ་འགྲོ་གིན་རེད།
ལས་འགན་འདི་གཟའ་ཚང་ཐུན་མོང་གིས་སྒྲུབ་དགོས་པའི་འོས་འགན་ཞིག་ཡིན་ན་ཡང་། ངས་དེ་རིང་སྐྱེས་པའི་ངོས་ནས་གླེང་རྩིས་མེད། འཕྲིན་ཡིག་འདི་ནི་ཁྱོད་རང་ལ་བྲིས་པའི་ཡི་གེ་ཞིག་ཡིན་སྟབས། ཁྱོད་རང་གིས་ངོས་ནས་བྱ་འོས་པའི་སྐོར་ལ་གླེང་སློང་བྱས་པ་ཙམ་ཡིན། འདི་ནས་ངས་སྐད་མཚམས་འཇོག་གི་ཡིན།
ངས་ཡང་བསྐྱར་ཁྱོད་ཀྱི་གཉེན་སྟོན་ལ་བཀྲ ཤིས་བདེ་ལེགས་ཡོད།
རྫ་ཚེ་རིང་བཀྲ་ཤིས་ཀྱིས་རི་བོ་སྔོན་པོ་ནས་སྤྲིངས་པའོ། །