ཀླུ་སྨྱོན།
ད་སོ་མ་ང་ཕྱི་རོལ་གྱི་མུན་པའི་ཁྲོད་དུ་འཆམ་འཆམ་ཞིག་ལ་ཕྱིན་པ་ཡིན།
མུན་ནག་གི་ཁྲོད་དུ་གློག་འོད་གསལ་ལ་མི་གསལ་བ་ཞིག་འཕྲོས་འདུག
མཉམ་པར་ཞིག་བཞག་དུས།
ལམ་འགྲམ་གྱི་རླངས་འཁོར་ཆེ་ཆུང་ཚང་མ་གཉིད་ཁུག་འདུག
རླངས་འཁོར་དེ་ཚོའི་རྒྱབ་ཀྱི་ཁང་པ་ཚང་མ་ཡང་གཉིད་ཁུག་འདུག
ཁང་པའི་ནང་གི་མི་ཚང་མ་ཡང་གཉིད་ཁུག་འདུག
མི་དེ་དག་གི་རྣམ་ཤེས་མ་རབས་དེ་ཚོ་ཡང་གཉིད་ཁུག་འདུག
མི་དེ་དག་གི་ཡ་ཐོད་ཀྱི་མིག་གཉིས་ཀྱང་གཉིད་ཁུག་འདུག
མི་དེ་ཚོའི་འདོམ་གྱི་ལིང་ག་དང་བྷ་ག་ཡང་གཉིད་ཁུག་འདུག
མདོར་ན་ང་རང་གཅིག་པོ་མུན་ནག་གི་ཁྲོད་དུ་སྨྱོས་པ་ཇི་བཞིན་གོམ་བགྲོད་བྱེད་བཞིན་པ་མ་གཏོགས།
གྲོང་ཁྱེར་ཆེན་པོ་འདི་གཉིད་ཁུག་འདུག
གྲོང་ཁྱེར་ཆེན་པོ་འདི་སྒལ་བར་འཁྱེར་བཞིན་པའི་ས་གཞི་ཆེན་པོ་འདི་ཡང་གཉིད་ཁུག་འདུག
གྲོང་ཁྱེར་འདིའི་གཡས་གཡོན་གྱི་རི་བོ་ཐམས་ཅད་ཀྱང་གཉིད་ཁུག་འདུག
མཛེས་སྡུག་ལྡན་པའི་མཚོ་དང་མཚེའུ་ཡོད་ཚད་ཀྱང་གཉིད་ཁུག་འདུག
ལྗོན་ཤིང་གི་ཡལ་གའི་སྟེང་དུ་ཡོམ་ཡོམ་བྱེད་པའི་འདབ་ཆགས་ཚོ་ཡང་གཉིད་ཁུག་འདུག
མགོ་ཐོག་གི་ནམ་མཁའ་ནག་པོ་འདི་ཡང་གཉིད་ཁུག་འདུག
རྒྱང་རིང་གི་སྐར་ཚོགས་དེ་ཚོ་ཡང་གཉིད་ཁུག་འདུག
ནམ་རྒྱུན་ཕྱོགས་མེད་དུ་ལྡང་བའི་བསིལ་རླུང་དེ་ཡང་གཉིད་ཁུག་འདུག
ངའི་ཐབ་ཚང་གི་ནང་དུ་ཟས་ལྷག་འཚོལ་བར་བྲེལ་བའི་གྲོག་མ་དེ་དག་ཀྱང་གཉིད་ཁུག་འདུག
སྐྱེ་སྟོབས་འབར་བའི་རྩྭ་དང་མེ་ཏོག་དེ་ཚོ་ཡང་གཉིད་ཁུག་འདུག
མདོར་ན་འཇིག་རྟེན་འདིའི་སྟེང་གི་ཡོད་ཚད་གཉིད་ཁུག་འདུག
ཚོར་སྣང་ཞིག་ལ་བསྐལ་པ་འཇིག་ཟིན་པ་འདྲ།
བསྐལ་པ་འཇིག་ནས་ཉི་མ་འགའ་ཕྱིན་པ་དང་ཡང་འདྲ།
ཡིན་ན་ཡང་ངས་དེ་ལྟར་མིན་པའི་སྨོན་ལམ་བཏབས།
རླངས་འཁོར་དང་ཁང་པ།
མི་དང་རྒྱ་མཚོ་ཀྱེ།
གཉིད་ལས་སད་པར་གྱིས་ཤིག
ང་དང་མཉམ་དུ་མུན་ནག་གི་ཁྲོད་དུ་འཆམ་འཆམ་ལ་སྐྱོད་དང་།
ཨ་རོགས། ད་ནི་ཀློ་སྨྱོན་གྱིས་ཡོད་ཚད་གཉིད་ཁུག་འདུག་ཟེར་ནས་སྙན་ངག་ཅིག་བྲིས་འདུག སྙན་ངག་ཟེར་བ་འདི་འདྲ་ཞིག་ཡིན་པ་འདྲ།
ངས་ཀྱང་སྙན་ངག་ཐར་ཐོར་ཞིག་བྲིས་སྙིང་འདོད་བྱུང༌།
ངས་འགོ་འཛུགས་ཀྱི་ཡིན། ཡག་པོ་གསན་རོགས་ཨ།
རྩྭ་ཐང་གི་སྟེང་གི་གཡག་རྣམས་གཉིད་ཁུག་འདུག།
ལུག་གཉིད་ཁུག་འདུག
ར་ཡང་གཉིག་ཁུག་འདུག
འབྲོག་ཁྱི་ཡང་གཉིད་ཁུག
ང་རང་མ་གཏོགས་ཚང་མ་གཉིད་ཁུག་འདུག
ཨ་རོགས་སྙན་པོ་བྱུང་སོང་བས། ངས་སྙན་ངག་བྲིས་ཡོད་དཱ།
ཆོ་མེད་པ་ལུང་པ་གང་བྲིས་ནས་སྙན་ངག་བྲིས་ཡོད་ཟེར། དོན་ལ་སྙན་ངག་བྲི་ཤེས་མཁན་དཀོན་འདུག
ད་དུང་ངས་ནགས་ཚལ་རེ་རེ་དང༌། རྩེ་ཤིང་རེ་རེ། དེ་དག་གི་སྡོང་པོ་དང༌། ཡལ་ག། ལོ་མ་རེ་རེ་ནས་འཕྲོས་ཏེ་སྙན་ངག་བྲིས་རྒྱུ་བསྡད་ཡོད། ངའི་སྙན་ངག་གི་སྲོག་བརྗོད་ལ་རྫོགས་མཐའ་མེད། ཁྱེད་ལ་ཉན་རྒྱུ་དང་བཀླག་རྒྱུའི་དུས་ཚོད་ཡོད་ན་ངས་སྙན་ངག་བྲིས་ཅང་བྱེད་ཆོག སྙན་ངག་ཟེར་བ་ལས་སླ་པོ་རེད། བསམ་ཚད་བྲིས་ཅང་བྱས་ན་ཆོག་པ་རེད།
ལྡི་ལི་མ་ཇུ་ཊི་ལར་དཔུང་སྒྲིག་སྟེ་མི་ཚང་སྐྱོ་པོའི་ནང་ཡོང་ནས་བློ་སེང་ལ་རྒྱབ་སྐྱོར་གྱི་འོས་ཤོག་མ་བླུགས་ན་ལས་སླ་པོར་མི་འཇོག་ཅེས་འཇིགས་སྐུལ་བྱས་པའི་གནས་ཚུལ་མང་པོ་ཐོན་འདུག