སྐྱོ་བྲག་དགའ་དབང་།
ང་ཚོའི་སྤྱོད་ཡུལ་དུ་གྱུར་པའི་འགྲོ་བ་ཞིག་ཡིན་ནས་བཟུང་། ཞེན་ཆགས་མེད་པ་ཞིག་མཐོང་དུ་མེད་ལ། ཞེན་ཆགས་ཀྱིས་ལུས་བླངས་ཤིང་། ཞེན་ཆགས་ཀྱིས་འཚོ་གནས་བྱེད་ཀྱིན་ཡོད། ཡིན་ནའང་། སེམས་ཁམས་མི་འདྲ་བའི་དབང་གིས། ཞེན་ཡུལ་མི་གཅིག་ལ། ཞེན་པའི་ཤུགས་ཀྱང་མི་འདྲ་བ་ཡིན་པས། ཚངས་གསར་བླ་མ་ཀརྨ་དཔལ་འབྱོར་ནི། འབའ་རོམ་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་ལ་ཧ་ཅང་དགའ་ཞིང་ཞེན་ཀྱི་ཡོད།
ཁོང་ཐོག་མར་དགའ་ཞིང་ཞེན་པ་སྐྱེ་བའི་རྐྱེན་ནི། སྐྱོ་མ་སྔ་བཙན་གྱི་དཔེ་བཞིན། འབའ་རོམ་བཀའ་བརྒྱུད་པའི་དགོན་པའི་ཉེ་འཁྲིས་སུ་སྐྱེས་ཤིང་ཚོགས་གྲལ་དུ་ཞུགས་པས་ཡིན་ལ། བར་དུ་ཞེན་པའི་ཤུགས་སྐྱེད་པ་ནི། ཆོས་སྒོར་ཞུགས་པ་ཙམ་དུ་མ་བཞག་པར་གདམས་ཁྲིད་ཀྱི་རིམ་པ་རྣམས་ཞུས་ཏེ་ཉམས་སུ་བླངས་པས་གདམས་ངག་གི་མྱོང་བ་ཐོབ་ཅིང་། ཡུལ་གཞན་ནས་གཞན་དུ་བསྐྱོད་པ་ན། རྣམ་ཀུན་འབའ་རོམ་བཀའ་བརྒྱུད་པའི་ཆོས་བརྒྱུད་ལ་ཕན་འདོགས་བྱེད་ངེས་སྙམ་པའི་རེ་བ་བྱ་ཡུལ་གྱི་ཆེན་པོ་དག་གིས་ཀྱང་། ཟུར་ཟ་དང་གཉའ་གནོན་ལས་མེད་པ་མཐོང་བས་ཡིན།
ཐ་མ་ཞེན་པས་བྱས་རྗེས་བཞག་པ་ནི། འབའ་རོམ་བཀའ་བརྒྱུད་པའི་ཆོས་བརྒྱུད་འདི་རང་མགོ་རང་ཐོན་ཞིག་ཡོང་བ་ནི་ལུང་རྟོགས་ཀྱི་བསྟན་པ་འཛིན་སྤེལ་ལ་རགས་ལུས་ཤིང་། ལུང་རྟོགས་ཀྱི་གཞི་ཡང་ཡིག་ཆ་ལ་ཐུག་པར་ཤེས་པས། འབའ་རོམ་བཀའ་བརྒྱུད་པའི་ཡིག་ཆ་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་ཡོད་དོ་ཅོག་འཚོལ་སྡུད་ཀྱིས་པར་སྐྲུན་འགྲེམ་སྤེལ་བགྱིས་པ་མ་ཚད། གློག་ཀླད་དུ་བཏགས་པའི་དཔར་གཞི་ཆ་ཚང་ཡང་འབའ་རོམ་ནང་བསྟན་མཐུན་ཚོགས་ལ་མ་འོངས་པའི་པར་སྐྲུན་ཆེད་དུ་ཕུལ་ཟིན་པས་ན་བསམ་དོན་གྲུབ་པའི་ཚད་དུ་ཡོད་པ་རེད།
འོན་ཏེ་ད་དུང་བསམ་གཞིག་དགོས་པའི་གནས་ཚུལ་ཞིག་ཡོད་པ་ནི། འབའ་རོམ་བཀའ་བརྒྱུད་པའི་ཆོས་བརྒྱུད་ལ་ཞེན་པ་ཚད་བརྒལ་ཞིག་ཡོད་པ་འདིས་ཁོང་སྐྱེ་བ་རྗེས་མ་གོང་འོག་གང་ཞིག་ཏུ་ཁྲིད་སྲིད་པ་དེ་རེད། འདི་ནི་རང་ཉིད་སྒེར་གྱི་འབྱུང་འགྱུར་གནས་སྟངས་ཤིག་ཡིན་པས་རང་དགར་སྐྱུར་འཇོག་ཆོག་པ་ཞིག་ཡིན་པར་མི་སེམས་སོ། །
ཁོང་སྐྱེ་བ་རྗེས་མ་འཇིག་རྟེན་འདིར་སེམས་ཅན་གང་རུང་གི་ལུས་རྟེན་དུ་ཕེབས་སྲིད། རྒྱུ་མཚན་ནི། ཞེན་པ་ཆེ་བས་སོ། བུ་སྣང་བས་མི་བཅིང་ཞེན་པས་བཅིངས།
མཁན་པོ་ལགས། སྐྱོ་མསྔ་བཙན་ཟེར་བའི་དཔེ་འདི་མཁས་གྲུབ་ཚད་ལྡན་མང་པོའི་གསུང་དུ་འབྱུང་བའི་གཏམ་དཔེ་རྙིང་པ། གོ་བ་ཟབ་པོ། ཐ་ན་བོད་པའི་འཚོ་ཐབས་ཀྱང་མཚོན་པའི་དཔེ་ཞིག་རེད། འདིར་མཁན་པོ་ལགས་ནས་དཔེ་བཀོལ་སྟངས་ལ་བལྟ་དུས་སྔོན་གྱི་གཞུང་ལུགས་ཁག་ནས་འབྱུང་བའི་དོན་དེ་རང་མིན་པའི་བཟོ་འདྲ་ཞིག་འདུག མཁན་པོ་ལགས་ནས་དཔེ་འདིར་འགྲེལ་བཤད་ཇི་ལྟར་གནང་གི་ཡོད་མེད་ཅིག་གསུང་རོགས།
ཁོང་གི་ལྷག་བསམ་དང་། སེམས་ཤུགས། བློ་རྒྱ་ཆེ་བ་དེ་ལ་ཡི་རང་ཞུ།
སྐྱེ་བ་རྗེས་མར་མི་སྐྱེ་བའི་སྨོན་ལམ་ཡོད།
དགའ་དབང་ཉིད་ལ་དཔེ་དེ་སྦྱར་ན་ཡག་པོ་འདུག སྐྱེ་ས་སྐྱེས་་ཡུལ་འབམ་རོང་བཀའ་བརྒྱུད་ལ་བྱས། འདུག་ས་འདུག་ཡུལ་ཀམ་ཚང་ལ་བྱས། བྱ་བྱེད་ལས་གསུམ་ཕ་གསོ་རྒྱལ་རྔ་འདྲ་རྡུང་། དཔེ་དེ་རང་ཉིད་ཁོ་ན་ལ་ངེས་པའི་ཐུན་མིན་གྱི་དཔེའོ།།