ཚངས་དབང་དགེ་འདུན་བསྟན་པ།
སྔོན་བྱོན་བཻ་རོ་གཡུ་ཐོག་གསར་རྙིང་དང་།།
དྭགས་པོ་བྱང་ཟུར་སྡེ་སྲིད་དར་མོ་སོགས།།
བོད་ཀྱི་གསོ་བ་རིག་པའི་བསྟན་པ་ལ།།
ཕྱག་རྗེས་བླ་མེད་བཞག་པ་ཀུན་ལ་འདུད།།
དང་པོ། གཡུ་ཐོག་རྒ་རྒའི་སྐོར།
ཁྱེད་ཀྱིས་གཡུ་ཐོག་རྒ་རྒ་གཡུ་ཐོག་གསར་མའི་སྲས་ཡིན་ཚུལ་གྱི་སྒྲུབ་བྱེད་ཕར་བཤད་ཚུར་བཤད་སྟོང་བཤད་ཀྱང་། མཐར་དེད་ཡོང་ན། བྲང་ཏིའི་གསུང་ཙམ་ལས་གཞན་གང་ཡང་མེད་པ་མ་ཡིན་ནམ། ལན་གཞན་པ་མེད་ན་བྲང་ཏིའི་སྐོར་ལ་ཡིག་ལན་སྔོན་མར་ངས་གསལ་བཤད་བྱས་ཟིན་པས་འདིར་བསྐྱར་ཟློས་དགོས་དོན་མི་འདུག མདོར་ན། རྣམ་ཐར་བཀའ་རྒྱ་མ་དང་བོད་ཀྱི་ལོ་རྒྱུས་ཡིག་ཚང་མང་ཤས་སུ་གཡུ་ཐོག་རྒ་རྒ་ནི་གཡུ་ཐོག་རྙིང་མའི་སྲས་ཡིན་པ་གསལ་བོར་བཤད་ཡོད་པས། མིན་པའི་རྒྱུ་མཚན་གྱི་ལན་གཞན་ཡོད་ན་འཁྱེར་ཤོག མེད་ན་ནི་འོར་བཤད་མི་བྱེད་དོ།།
གཉིས་པ། གཡུ་ཐོག་རྒ་རྒ་དང་རྒྱུད་བཞི།
ངེད་ཀྱིས་བྲིས་པའི་ཡིག་ལན་སྔོན་མར་གཡུ་ཐོག་དགའ་དགའ་སོགས་སྲས་གསུམ་འཁྲུངས་ཚུལ་གྱི་ལོ་རྒྱུས་ནི་༼རྣམ་ཐར་བཀའ་རྒྱ་མ༽་རུ་གསལ་བའི་སྐོར་ཤོག་ལྷེ་༼273ནས་276བར་གསལ། བོད་ཀྱི་གསོ་རིག་ཀུན་བཏུས། པོད་གཉིས་པ། མི་རིགས་དཔེ་སྐྲུན་ཁང་།༽དང་བཅས་བཀོད་ཡོད་ལ། གཡུ་ཐོག་ཆེན་པོ་དགུང་ལོ་གང་གང་ལ་སྲས་རེ་རེ་འཁྲུངས་ཚུལ་ཞིབ་ཏུ་མ་བཤད་པ་ནི་བདེན་ཡང་། དེ་ལ་ཁྱེད་ཀྱིས་”བཟོ་བཅོས་སྣ་ཚོགས་ཤིག་བརྒྱབ་འདུག་”ཅེས་དེ་འདྲའི་འུར་ལངས་དོན་ཞིག་འདུག་གམ། ཁྱེད་ཀྱིས་དངོས་གནས་གོ་བ་ལེན་མི་ཤེས་པ་ཡིན་ནམ། ཡང་ན་བསམ་གཟས་ནས་འཁྱོག་བཤད་བྱས་པ་ཡིན། གང་ཡིན་མི་ཤེས་ཀྱང་། ༼རྣམ་ཐར་བཀའ་རྒྱ་མ༽་རུ། གཡུ་ཐོག་ཆེན་པོ་ལ་སྲས་གསུམ་འཁྲུངས་ཚུལ་བཤད་མ་ཐག “དེ་ནས་སློབ་མ་པདྨ་རྒྱལ་པོ་བྱ་བས། གཡུ་ཐོག་ཆེན་པོ་ལགས། དཔལ་ལྡན་རྒྱུད་བཞི་འཆད་པ་ལ”ཞེས་གསལ་བ་དང་། དེ་ནས་མི་རིང་བར་”དེ་ནས་གཡུ་ཐོག་ཆེན་པོས་སློབ་མ་རྣམས་ལ་གདམས་ངག་གི་སྐོར་མཛོད་རྣམས་ཁ་ཕྱེ་སྟེ་རང་རང་གང་འདོད་ཀྱི་གདམས་པས་ཚིམ་པར་མཛད་”ཅེས་པའི་སྐབས་ཀྱི་”སློབ་མ་རྣམས་”ཞེས་པ་ནི་སློབ་མ་མང་པོ་ཡོད་པ་བསྟན་འདུག་པ་མ་རེད་དམ། གོང་དུ་སྲས་གསུམ་པོ་དང་སློབ་མ་པདྨ་རྒྱལ་པོ་ཞེས་པའི་སྐབས་སུ་གཡུ་ཐོག་རྒ་རྒ་ནི་དེའི་གྲས་སུ་མེད་པ་ཁྱེད་ཀྱིས་ཅི་ལྟར་ཤེས།
དེ་ཙམ་གྱིས་ག་ལ་ཚད། དེ་ཉིད་ལས”གཡུ་ཐོག་ཆེན་པོ་དགུང་ལོ་བརྒྱ་ཐམ་པར་ཕེབས་དུས་སྲས་པོ་རྣམས་ཀྱིས་གཙོ་མཛད་སློབ་མ་རྣམས་ལ་ལྷ་མོ་དང་དྲང་སྲོང་གི་སྒྲུབ་ཐབས་གནང་ནས་”ཞེས་༼རྣམ་ཐར་བཀའ་རྒྱ་མའི་ཤོག་གྲངས་294སྟེང་། བོད་ཀྱི་གསོ་རིག་ཀུན་བཏུས། པོད་གཉིས་པ། ༽་པ་དང་། ཡང་”དགུང་ལོ་བརྒྱ་དང་བཅུ་བཞེས་པའི་དུས། བུ་དང་སློབ་མ་རྣམས་ལ་བདུད་རྩི་སྨན་སྒྲུབ་ཀྱི་དབང་མཛད་”༼ཤོག་295སྟེང་། རྣམ་ཐར་བཀའ་རྒྱ་མ།༽ ཅེས་པའི་སྐབས་ཀྱི་”སྲས་པོ་རྣམས་དང་”བུ་དང་སློབ་མ་”བྱ་བ་དེ་དག་སུ་ཡིན། གཡུ་ཐོག་རྒ་རྒ་ནི་སྲས་པོ་རྣམས་དང་བུ་དག་གི་གྲས་སུ་མེད་པའི་རྒྱུ་མཚན་ཅི། ༼རྣམ་ཐར་བཀའ་རྒྱ་མ༽ལྟར་ན་གཡུ་ཐོག་དགའ་དགའ་འཁྲུངས་ནས་དགུང་ལོ་སུམ་ཅུའི་བར་ཡབ་གཡུ་ཐོག་ཆེན་པོའི་མདུན་ནས་གསོ་རིག་གི་གཞུང་ལུགས་མང་པོ་སྦྱངས་པའི་གནས་ཚུལ་ཡོད་པ་གོང་བཤད་ཀྱི་རྣམ་ཐར་བཀའ་རྒྱ་མ་ལ་བརྟགས་ན་ཤེས་ནུས། ཉིད་ཀྱིས་”གཡུ་ཐོག་རྙིང་མའི་རྣམ་ཐར་གང་དུ་ཡང་མེད་”ཅེས་རྫུན་གཏམ་རླབས་པོ་ཆེ་བཤད་པའི་དགོས་པ་ཅི། “གཡུ་ཐོག་དགའ་དགའ་ལ་གཏད་”ཅེས་པ་ལྟ་བུའི་ཐ་སྙད་མེད་ན་དངོས་གནས་བརྒྱུད་པ་མེད་སོང་བ་ཨེ་རེད། གཞུང་དོན་དཀྱུས་མ་ཁག་ལའང་དོན་དངོས་སུ་བསྟན་པ་དང་། ཤུགས་སུ་བསྟན་པ་དང་། སྦས་པའི་ཚུལ་དུ་བསྟན་པ་དང་། གབ་ཚིག་གི་ཚུལ་དུ་བསྟན་པ་དང་། ཟུར་ནས་བསྟན་པ་དང་། ཕྱོགས་ཙམ་བསྟན་པ་དང་། བསྡུས་ནས་བསྟན་པ་སོགས་མང་དུ་ཡོད་ཚུལ་སྔོན་བྱོན་མཁས་གྲུབ་རྣམས་ཀྱིས་གསུངས་པ་དང་། དེ་དག་ལ་བརྗོད་བྱའི་གནས་བབ་ལ་བརྟགས་ནས་སྐབས་དོན་གྱིས་གོ་བ་ལེན་དགོས་པ་སོགས་ཀྱང་སྔོན་བྱོན་མཁས་པ་དག་གི་ལུགས་སྲོལ་ཡིན་པ་ཤེས་བཞིན་དུ། ཚིག་གདོང་ཙམ་ལ་ཁ་ཟིན་སྣ་ཟིན་བྱས་པ་འདི་ཅིས་ལན། ཚིག་རིས་གཞན་རྣམས་མཐོང་ནས། “སྲས་པོ་རྣམས”་དང་”བུ་དང་སློབ་མ་”ཞེས་པ་རྣམས་སྐུ་ཉིད་ཀྱི་སྤྱན་ལམ་དུ་མི་འཁོར་བ་ནི་མར་མེའི་རང་རྩ་མི་གསལ་བའི་གནད་དོན་ཙམ་ལས་གཞན་གང་ཡང་མིན་པ་སུས་མི་ཤེས།
གཞན་ཁྱེད་ཅག་གིས་བཤད་པའི་གཡུ་ཐོག་རྙིང་མས་བདུད་རྩིའི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་འདི་སྤེལ་སའི་སློབ་བུ་མ་རྙེད་པར་གཏེར་དུ་སྦས་པར་བཤད་པ་ཡང་། ཁོང་དགུང་ལོ་བརྒྱད་ཅུའི་སྔོན་གྱི་ལོ་རྒྱུས་ཡིན་ལ། ཕྱིས་སྲས་གསུམ་འཁྲུངས་པ་དང་སྣོད་ལྡན་གྱི་སློབ་མའང་མང་དུ་འདུས་པའི་རྗེས་སུ་རྒྱུད་བཞི་དང་དེའི་གདམས་པ་མན་ངག་དང་བཅས་པ་སློབ་མ་རྣམས་ལ་གསུངས་པའི་གནས་ཚུལ་༼རྣམ་ཐར་བཀའ་རྒྱ་མ༽་རུ་གསལ་བས། ཡིན་མིན་རྣམ་ཐར་བཀའ་རྒྱ་མ་ལ་ཞིབ་ཏུ་གཟིགས་པར་ཞུ།
ཡང་ཇོ་བོ་རྗེ་ཡིས་བསམ་ཡས་སོགས་སུ་གཡུ་ཐོག་རྙིང་མའི་སྐོར་གྱི་སྨན་སྦྱོར་དང་གདམས་པ་ཁག་ལ་སློབ་སྦྱོང་བྱས་ནས་ཟིན་བྲིས་སུ་བཏབ་པ་རྣམས། སྙེ་ཐང་དུ་བྲག་རྒྱབ་པ་སོགས་སློབ་མ་འགའ་ལ་སྤེལ་བ་དང་། ཕྱིས་སུ་སློབ་མ་དེ་དག་དང་བརྒྱུད་ནས་ཇོ་བོ་རྗེའི་སྨན་གྱི་ཟིན་ཐོ་མང་པོ་ཞིག་གཡུ་ཐོག་གསར་མའི་ཕྱག་ཏུ་སོན་པའི་ལོ་རྒྱུས་འདུག་པ་དེར་གཞིགས་ན། གཡུ་ཐོག་གསར་མའི་གསུང་ཡིན་ཚད་ལ་ཁོང་གི་གསུང་རྩོམ་ཡིན་མིན་ད་དུང་བརྟག་དགོས་པ་ཞིག་སྣང་ཡང་། སྐབས་འདིར་རྒྱས་པར་གླེང་ན་འཕྲོས་བཤད་དུ་འགྲོ་ཉེན་ཆེ་བས་མི་སྤྲོ་བར་བྱ། སྐབས་སུ་བབ་ན་བཤད་ཆོག
གསུམ་པ། རང་ལུང་རང་ལ་གནོད་པ།
ཁྱེད་ཀྱིས་”དཔེ་ཆའི་མཚན་བྱང་དངོས་སྔོན་དུ་བཀོད་དེ་བརྒྱུད་ལུང་བཅོས་མ་དག་སྒྲུབ་བྱེད་དུ་འགོད་ག་ལ་རུང་སྟེ་མི་རུང་ངོ་།།”ཞེས་བཤད་པའང་རང་བཞིན་དྲང་པོ་མིན་པའི་གཏམ་ཁོ་ན་ཡིན་ཏེ། མངའ་བདག་རྩེ་ལྡེའི་ཡབ་ཀྱི་མཚན་ལ་གཡུ་ཐོག་པ་ཡིན་ཚུལ་གྱི་ཁུངས་ལུང་ནི། ཁྱེད་ཀྱིས་སྟག་ཚང་དཔལ་འབྱོར་བཟང་བོའི་༼རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུའི་འཕྲེང་བ་༽རུ་གསལ་ཞེས་བཤད་པ་མ་ཡིན་ནམ། ངེད་ཀྱིས་དེའི་ལན་དུ། དཔེ་ཆ་དེ་དང་༼རྒྱ་བོད་ཡིག་ཚང་ཆེན་མོ༽་གཉིས་ལས་མངའ་བདག་རྩེ་ལྡེའི་ཡབ་ནི་འོད་ལྡེ་ཡིན་པར་བཤད་པ་ལས་གཡུ་ཐོག་ཡིན་ཚུལ་བཤད་མི་འདུག་ཅེས་ལན་བཏབ་པ་མཐོང་བཞིན་དུ། ད་དུང་གཞན་གྱི་མགོར་གཡུགས་ནས་བསྙོན་ཧམ་བྱས་པ་ལ་ཡ་ང་བ་ཙམ་ཡང་མི་བྱེད་པ་ནི་དངོས་གནས་ཡ་མཚན་རེད། ལུང་ཁུངས་ནོར་ན་ནོར་འདུག་ཟེར་ན་མི་ཆོག་པ་ཅི་ཡོད། དེ་ཙམ་ཡང་ཁས་ལེན་མི་ཐུབ་པ་དེ་ལས་ཀྱང་ཁྱེད་ཀྱིས་རིག་གཞུང་ལ་འཛིན་པའི་འདུ་ཤེས་དེ་ཇི་འདྲ་ཡིན་པ་གསལ་བོར་ཤེས་ནུས་སོ།།
ད་ཐེངས་ཀྱི་ཡིག་ཉོག་ཏུ། ལུང་ཁུངས་དེ་སྟག་ཚང་གི་༼རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བ༽་རུ་མིན་པ་ཤེས་ནས་འཕྲལ་དུ་ཁ་བསྒྱུར་ནས་༼ལྡེའུ་ཆོས་འབྱུང་རྒྱས་པ༽་ནང་གི་ཡིན་གསལ་གྱི་ལུང་དྲངས་འདུག་ཀྱང་། དེ་ཡང་ཁྱེད་ཅག་གི་སྒྲུབ་བྱེད་ལ་ཕན་པ་མེད་པ་མ་ཟད། དེ་ལས་ལྡོག་སྟེ་ལུང་དོན་དེས་ཁྱེད་ཅག་གི་གཟུངས་གཞུག་ག་ཚོད་ཡིན་པ་གསལ་བོར་ཤེས་སུ་བཅུག་པ་རེད།
རྒྱུ་མཚན་ནི། ཁྱེད་ཀྱིས་༼ལྡེའུ་ཆོས་འབྱུང་རྒྱས་པ༽་ལས། “གཡུ་ཐོག་ལ་སྲས་གསུམ་ཆེ་བ་ནམ་ལྡེ། འབྲིང་པོ་ཇོ་དགའ། ཆུང་བ་རྩེ་ལྡེའོ། “ཞེས་པའི་སྐབས་ཀྱི་”ཆུང་བ་རྩེ་ལྡེ་”བྱ་བ་དེ་ནི་མངའ་བདག་རྩེ་ཡིན་པར་བཤད་པ་ནི། ལོ་རྒྱུས་ཀྱི་གཞུང་ལ་ཕྱོགས་ཙམ་ཡང་མ་ངེས་པའི་དན་རྟགས་ཤིག་སྟེ། འདིའི་སྐབས་ཀྱི་རྩེ་ལྡེ་ནི། དཔལ་འཁོར་བཙན་ལ་སྲས་གཉིས་ཡོད་པ་ལས། སྲས་འཆིམས་ཚ་བཀྲ་ཤིས་བརྩེགས་དཔལ་གྱི་རྒྱུད་པ་ལས་མཆེད་པའི་རྩེ་ལྡེ་སྟེ། དོན་མཁར་མདའ་ན་བཞུགས་པ་དེ་ཡིན་ལ། མངའ་བདག་རྩེ་ལྡེ་ནི་དཔལ་འཁོར་བཙན་གྱི་སྲས་སྐྱིད་ལྡེ་ཉི་མ་མགོན་བྱ་བ་དེའི་བརྒྱུད་པ་གུ་གེ་དང་པུ་རང་སོགས་ལ་དབང་བསྒྱུར་བྱས་ཏེ་ཇོ་བོ་རྗེ་སོགས་རྒྱ་གར་གྱི་པཎྚི་ཏ་མང་པོ་གདན་དྲངས་ནས་མདོ་སྔགས་ཀྱི་གཞུང་མང་པོ་བོད་ཡིག་ཏུ་བསྒྱུར་བ་དང་། མངའ་རིས་ཆོས་འཁོར་བཙུགས་པ་སོགས་བོད་ཀྱི་ཆོས་སྲིད་གཉིས་ལ་ཕྱག་རྗེས་རླབས་པོ་ཆེ་བཞག་པ་དེ་ཡིན་ལ། དེ་གཉིས་སོ་སོ་ཡིན་པ་ཙམ་ཡང་མ་ཤེས་ནས་ད་དུང་དགག་ལན་བྲིས་པ་འདིས་ཀྱང་དགོད་བྲོ་བ་ཞིག་མ་ཡིན་ནམ།
དེའི་སྐབས་ཀྱི་”ཆུང་བ་རྩེ་ལྡེ་”བྱ་བ་ནི་དུས་ཚོད་ཐད་ནས་བཤད་ནའང་མངའ་བདག་རྩེ་ལྡེའི་རྗེས་ནས་བྱུང་བ་ཞིག་ཡིན་པས། ཇོ་བོ་རྗེས་གསུངས་པའི་གཡུ་ཐོག་སྨན་པ་བྱ་བ་དེ་ནི་རྩེ་ལྡེའི་ཡབ་ལ་རྩ་བ་ནས་འབྲེལ་བ་མེད་པ་ཤེས་དགོས་སོ།།
གཞན་ཁྱེད་ཀྱིས་གཡུ་ཐོག་གི་སྲས་ཆུང་བ་རྩེ་ལྡེ་ཞེས་པའི་གསལ་བཤད་དུ། “ལྡེའུ་ཆོས་འབྱུང་རྒྱས་པའི་ཤོག་ངོས༣༦༤པ་ན།” ཞེས་པའང་འཚབ་འཚུབ་ཧོལ་རྒྱུགས་བྱས་པ་ཙམ་ལས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་༼ལྡེའུ་ཆོས་འབྱུང་རྒྱས་པ་༽རུ། ཤོག་ངོས་386སྟེང་དུ་ཡོད་པ་ལས་ཁྱེད་ཀྱིས་བཤད་པ་ནང་བཞིན་ཤོག་གྲངས་364་ངོས་ལ་མེད་དོ།།
བཞི་པ། བླ་སྨན་དགུའི་གནད་དོན།
སྟག་ཚང་དཔལ་འབྱོར་བཟང་པོའི་༼རྒྱ་བོད་ཡིག་ཚང་ཆེན་མོ༽་དང་། ༼གཡུ་ཐོག་རྙིང་མའི་རྣམ་ཐར་བཀའ་རྒྱ་མ་༽དང་། སྡེ་སྲིད་ཀྱི་༼དཔལ་ལྡན་གསོ་བ་རིག་པའི་ཁོག་འབུབས་ལེགས་བཤད་བཻ་ཌཱུརྱའི་མེ་ལོང་༽་སོགས་སུ་བཤད་པའི་བླ་སྨན་དགུའི་སྐོར་ལ། ཁྱེད་ཅག་གིས་ཟུར་མཁར་བ་བློ་གྲོས་རྒྱལ་པོས་དགག་སྒྲུབ་མཛད་ནས་གསལ་ཁ་བཏོད་ཟིན་པར་བཤད་པ་ཡང་དོན་ལ་གནས་པ་ཞིག་མིན་ཏེ། “ཟུར་མཁར་བློ་གྲོས་རྒྱལ་པོས་གཡུ་ཐོག་ཅེས་པ་ནི་གཡུ་ཐོག་ཁྱུང་པོ་རྡོ་རྗེའི་ཡབ་གཡུ་ཐོག་རྒྱ་གར་རྡོ་རྗེའི་དུས་སུ་བྱུང་བ་ནི་མཁས་བླུན་ཀུན་ལ་གྲགས་པ་ཡིན་ཞེས་གསལ་བོར་གསུངས་”ཞེས་པ་ཙམ་གྱིས་དགག་ཟིན་པ་ཡིན་ན། དགག་ལན་བྱ་བ་ནི་བྱིས་པ་བསམ་མེད་འགའི་སྐད་ཆ་ཞིག་དང་ཁྱད་ཅི་ཡོད།
གཡུ་ཐོག་རྙིང་མ་མེད་པའི་དགག་ལན་འབྲི་འདོད་ན། ཐོག་མར་དཔེ་གཞུང་ཕན་ཚུན་བར་གྱི་ཚིག་སྔ་ཕྱིའི་འགལ་བ་དང་། ཡུལ་དང་གནས་མི་འདྲ་བའི་ཧེ་བག་དང་ཁྱད་པར། འཁྲུངས་འདས་ཀྱི་ལོ་ཚིགས་དང་སྐབས་དེའི་མི་སྣ་གཞན་དག་དང་འབྲེལ་བའི་བརྩམས་ཆོས་ཁག་ལ་དབྱེ་ཞིབ་དང་། དཔྱད་གཞིའི་མི་སྣ་དང་འབྲེལ་བའི་ཅ་ལག་འདྲ་མིན་ལ་བརྟག་པ་བྱེད་པ་སོགས་ཕྱོགས་ཡོངས་ནས་ཞིབ་འཇུག་དང་དཔྱད་བསྡུར་བྱ་དགོས་པ་ལས། ཁ་ཐོགས་ལག་ཐོགས་ཀྱི་ཡི་གེ་ཙམ་ལ་བརྟེན་ནས་ཕྱོགས་རེས་ཀྱིས་སྡོམ་ཚིག་བཀོད་པ་ཙམ་ལ་དགག་ལན་བྱ་བ་ནི་ག་ལ་ཡིན། མདོར་ན། བླ་སྨན་དགུའི་ལོ་རྒྱུས་ཐད་ནས་ད་ཕན་བྲིས་པའི་རྩོམ་ཡིག་ཁག་ལས་གནད་ལ་འཁེལ་བ་གཅིག་ཀྱང་མི་འདུག་པས། བདེན་དཔང་ཞིག་གསར་དུ་རྙེད་ཡོད་ན་ནི་སྤེལ་རན་རེད། མེད་ན་ནི་སྔོན་གྱི་བསྐྱར་ཟློས་ཡང་ཟློས་ཀྱི་ཉོག་བཤད་རྣམས་ཕར་ལབ་ཚུར་ལབ་བྱས་པ་ནི་དུས་ཚོད་འཕྲོ་བརླག་ཙམ་ལས་བློ་བསྐྱེད་གང་ཡང་མེད་པས་ལན་གདབ་རྩིས་མེད།
ལྔ་པ། འབེ་ལོ་སོགས་ཀྱི་དོགས་པ།
ཁྱེད་ཅག་གིས་”བེེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་གསོ་བ་རིག་པའི་ཁོག་དབུབ་ཀུན་གྱི་བུ་ཡིག་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལས། རྣམ་ཐར་བཀའ་རྒྱ་མའི་ཤོག་ངོས༡༧༢པ་ན། བོད་ལ་ཆས་པའི་ལམ་བར་དུ།། ཕ་གཅིག་དམ་པ་སངས་རྒྱས་མཇལ།། ཞེས་བཤད་ཡོད་པ་འདིར་ལྟོས་དང་། རྣམ་ཐར་དེ་ལ་གནད་དོན་གང་ཡོད་ཡིད་ལ་འཁོར་ངེས་ཏེ། ཕ་དམ་པ་སངས་རྒྱས་བོད་དུ་ཐེངས་ལྔར་ཕེབས་པའི་དང་པོ་ནི་རབ་བྱུང་དང་པོའི་མེ་ལུག་སྤྱི་ལོ༡༠༦༧ལོ་ཡིན་པ་དང་། ཐ་མ་ནི་རབ་བྱུང་གཉིས་པའི་ཆུ་སྦྲུལ་ཏེ་སྤྱི་ལོ༡༡༡༣ལོ་ཡིན་པས། སྤྱི་ལོའི་དུས་རབས་བརྒྱད་པའི་ནང་གི་གཡུ་ཐོག་རྙིང་མ་རྒྱ་གར་ནས་བོད་ལ་ལོག་པའི་ལམ་བར་དུ་དུས་རབས་བཅུ་གཅིག་པར་བོད་དུ་ཕེབས་པའི་ཕ་དམ་པ་སངས་རྒྱས་དང་མཇལ་བ་ནི་ཡ་མཚན་ཞིག་མ་རེད་དམ། ”
ཞེས་པའང་ལོ་རྒྱུས་དང་ཆོས་འབྱུང་ཁག་ལ་ལྟ་རྒྱ་ཆུང་བའི་རང་མཚང་ཕྱིར་བརྡོལ་བ་ཙམ་ལས་རྒྱུ་མཚན་མེད་དེ། ལར་བཤད་ན། ཕ་དམ་པའི་ལོ་རྒྱུས་དང་ཆོས་སྐོར་རྣམས་སུ། ཕ་དམ་པ་སངས་རྒྱས་ཐོག་མར་བོད་དུ་ཕེབས་སྐབས་བོད་ལ་ནང་ཆོས་དར་མེད་པ་དང་། བར་དུ་བྱོན་སྐབས་ཁྲི་སྲོང་གི་སྐབས་དང་། ཐ་མར་དིང་རིར་མྱ་ངན་ལས་འདས་ཞེས་གསལ་བས། མདོར་ན་ཁོང་གི་ལོ་རྒྱུས་ལ་ལྷ་སྒྲུང་ལྟ་བུ་བཤད་ཚུལ་དུ་མ་ཞིག་ཡོད་པ་ཤེས་ཐུབ། ང་ཚོས་གལ་ཏེ་དེབ་སྔོན་སོགས་སུ་བཤད་པ་ལྟར། ཕ་དམ་པ་སངས་རྒྱས་བོད་དུ་ཕེབས་ནས་མ་ཅིག་ལབ་སྒྲོན་སོགས་སློབ་མ་མང་པོར་གདམས་པ་མཐའ་ཡས་པ་གནང་ནས་མཐར་དིང་རིར་གཤེགས་པའི་ལོ་རྒྱུས་འདི་ཁས་བླངས་ན། དེ་དུས་ཁོང་དགུང་ལོ་ལྔ་བརྒྱ་བཞུགས་ཞེས་གསལ་བས། དེས་ན་གཡུ་ཐོག་རྙིང་མའི་རྣམ་ཐར་དུ། གཡུ་ཐོག་ཆེན་པོས་ཕ་དམ་པ་སངས་རྒྱས་དང་མཇལ་ཚུལ་བཤད་ན་ཅིས་མི་ཆོག་པ་རེད། གནད་དོན་ཡོད་དམ།
དྲུག་པ། མཐའ་མའི་རེ་བ།
མཐར་འདི་ལྟར་ཡང་ཞུ་བར་འདོད་དེ། གཡུ་ཐོག་རྙིང་མ་བྱོན་མེད་པར་བཞེད་པའི་དགེ་རྒན་གཡང་དགའ་དང་། དགེ་རྒན་ཐུབ་བསྟན་ཕུན་ཚོགས་དང་། ལྷ་རྗེ་ཨ་མགོན་སོགས་གང་ཡིན་ཡང་། ཁྱེད་ཅག་གིས་གཡུ་ཐོག་རྙིང་མ་བྱོན་མེད་ཚུལ་བཤད་པ་དེར། ངེད་ཀྱིས་ནི་རིག་གཞུང་གི་བདེན་དོན་ཞིག་ཤོད་བཞིན་པ་རེད་དྲན་གྱིན་ཡོད་པ་ལས། འུ་ཅག་གི་དབར་ན་རྒྱལ་ཕམ་གྱི་དབྱེ་བ་ཞིག་དང་། ཡང་ན་མཁས་བླུན་གྱི་གནད་དོན་ཞིག་རྩོད་ཀིན་ཡོད་པ་རེད་རྩ་བ་ནས་འདོད་མ་མྱོང་།
ལར་ཡིན་ན། དོན་གྱི་རིག་གཞུང་གི་རྩོད་པ་ནི་གང་ཡིན་ཡང་ཡག་པོ་རེད་དྲན་གིན་ཡོད། འོན་ཏེ། ཉེ་ཆར་ཁྱེད་ཅག་གིས་བྲིས་པའི་གཡུ་ཐོག་རྙིང་མའི་སྐོར་གྱི་རྩོམ་ཡིག་རྣམས་སུ། གཡུ་ཐོག་རྙིང་མ་བྱོན་མེད་པའི་ལུང་གི་རྒྱབ་རྟེན་དང་རིགས་པའི་སྒྲུབ་བྱེད་གང་ཐད་ནས་ཡང་དག་པ་གཅིག་ཀྱང་མ་མཐོང་བས། དངོས་གནས་དེའི་སྐོར་གྱི་བདེན་དཔང་ཡོད་ན་ད་ནི་དགོད་རན་རེད་འདུག མེད་ན་ནི་ཉོག་བཤད་འོར་བཤད་བསྐྱར་ཟློས་སྟར་སྐོགས་ནང་རུལ་ཅན་དེ་དག་ནི་ཁྲོམ་གཏོ་བཞིན་མི་སྤེལ་བའི་རེ་བ་ཞུ་བ་ཡིན།
རེས་སུ་མ་གཅོད་ཕྱོགས་སུ་མ་ལྷུང་བར།།
རིག་གཞུང་གཤོག་རྩལ་ངོམ་པའི་གཟི་བྱིའུ་དེ།།
བདེན་པའི་ཆོས་ཉིད་འཚོལ་བའི་ཕོ་ཉའོ།།
གང་དུ་འཕྲད་ཀྱང་དགའ་བ་བསྒོམ་པར་བྱ།།
2015/4/28་ལ་ལྷ་རིས་པ་ཚངས་དབང་དགེ་འདུན་བསྟན་པས་བྲིས།།
发自我的 iPhone