རིན་ཆེན་སྒྲོལ་མ།
གཙང་པོ་དང་རླབས་ཕྲེང་གིས
ཁྱེད་ཀྱི་གཏམ་རྒྱུད་ཡང་ཡང་བཀྲུས་པས
གངས་རིའི་མཛེས་སྡུག་གི་དྭངས་མ
ལང་ཚོའི་དཔལ་དང་ གཤིས་སྤྱོད་ཀྱི་གཏིང་སར་ཐིམ
ཚངས་པའི་སྲས་མོ ང་ལ
བརྩེ་འདང་གི་འོད་གོར རོལ་དབྱངས་ཀྱི་རྨུ་ཐག་འཐེན་རོགས
སྤྲིན་དཀར་དང་ཁ་བས
ཁྱེད་ཀྱི་བརྩེ་འཛུམ་ལ་ཡང་ཡང་རེག་པས
འཆི་མེད་ན་ཆུང་གི་མཛེས་སྒེག
དལ་ལྷོད་དུ་ཕྱིན རོལ་རྩལ་གྱིས་སྟོང་
ཚངས་པའི་སྲས་མོ ང་ལ
མཛེས་སྡུག་གི་ལང་ཚོ་ཞིག་སྩོལ་རོགས
སེམས་ཁམས་འདི་རེ་སྒུག་ཡིན་པས
གསོལ་འདེབས་འདི་དམ་ཚིག་ཡིན་པས
མིག་ཆུ་འདི་གཙང་མར་བཞེས་དང་
ཚངས་པའི་སྲས་མོ
ཁྱེད་ཀྱི་དབྱངས་རྟའི་འགྱུར་ཁུགས་ལ་རེ་ཞིང་
ཐུགས་རྗེའི་གྲིབ་བསིལ་ལ་དུང་ དུང་བའི་དབང་གིས
ཐོད་པའི་ཉིན་སྲིབ་ལ་རི་མོ་བབས་ཤིང་
སེམས་ཀྱི་རི་ལུང་དུ་སྐྱོ་སྣང་འཁྱིལ
མེ་ཏོག་དང་གཡུ་སྦྲང་གིས
ཁྱེད་ཀྱི་གཏན་འདུན་གྱི་གླུ་ཚིག་ཡང་ཡང་སྐྱོར་བས
སྙན་ངག་མའི་སོར་རྩེ་ན
རྟོགས་བརྗོད་ཀྱི་ཟེགས་མ དུང་སྣང་གི་སྦྲང་རྩི་བབས་བྱུང་
ཚངས་པའི་སྲས་མོ ང་ལ
འཛུམ་ཟེར་དང་འགྱུར་ཁུག་གནང་རོགས
རྒྱ་མཚོ་དང་ནམ་མཁས
མཐོན་མཐིང་གི་རལ་བར་མཛེས་སྡུག་སྤྲས་པས
མཁར་བཞུད་ཀྱི་ཟླ་བ་ཉམས་སྣང་གིས་འཛུམ
རོལ་སྒེག་གི་སྟངས་སྟབས ཡིད་འོང་གི་བཞིན་རས
ཤེལ་དཀར་གྱི་ལང་ཚོར་ཐིམ
ཚངས་པའི་སྲས་མོ ང་ལ
ཤེས་རིག་གི་འབྲས་བུ་སྨིན་པར་སྨོན