བདེ་ཆེན་སྒྲོལ་མ།༼ཝཱར་ཎཱ།༽
བཅོ་ལྔའི་ཟླ་བ་དཀར་པོ།།
མ་སྐྱེས་ཨ་མའི་ཞལ་རས།།
ཡིད་ལ་སྒོམ་པའི་བྱམས་པ།།
མ་སྐྱེས་ཨ་མ་ཡིན་སོང་།།
གངས་ལ་བབས་པའི་ཞབས་རྗེ།།
མྱི་ཁ་རླུང་བུས་འཁུར་སོང་།།
མ་སྐྱེས་ཨ་མའི་ཞལ་རས།།
བཙལ་ཀྱང་མཇལ་རྒྱུ་མ་བྱུང་།།
ཟླ་འོད་ངོགས་ཀྱི་ཆང་ཁྱིམ།།
ལྷ་ས་མཐིལ་གྱི་གནས་ཚང་།།
ཞེ་ནས་དུངས་ཤ་ཅན་པོ།།
མ་སྐྱེས་ཨ་མ་ཡིན་སོང་།།
བྱ་དེ་ཁྲུང་ཁྲུང་དཀར་མོས།།
ནང་གི་དེ་ཉིད་བསླུས་ཀྱང་།།
ལི་ཐང་བསྐོར་ན་བསམ་པ།།
སྙིང་ལ་གས་ཆགས་ཤོར་སོང་།།
ཨ་ཅག་ལྷ་སའི་བུ་མོ།།
འཆལ་བོ་དང་བཟང་དབང་བོ།།
དཀར་གསལ་ཟླ་བ་ཤར་དུས།།
འཛོམས་པའི་བརྡ་ཞིག་ཡོད་སྐད།།
པོ་ཏ་ལ་རུ་བཞུགས་དུས།།
གསེར་གྱི་མེ་ཏོག་ཆུང་ཆུང་།།
བརྩེ་དུང་ཆང་གིས་མྱོས་པ།།
མ་སྐྱེས་ཨ་མས་ཤེས་སམ།།
གསང་བ་མིན་པའི་གསང་བ།།
གཉུག་སེམས་རྗེན་པའི་རང་མདངས།།
སྙན་མོ་མགུར་ལ་བཞེངས་དུས།།
སེམས་པ་སྐྱོ་སྐྱོ་བྱུང་ངམ།།
མི་རྗེ་བྱང་སེམས་ཅན་གཅིག།
མི་ཡུལ་འདི་ལ་འཁྲུངས་ཀྱང་།།
བླུན་པོ་དབང་ཤེད་ཅན་གྱིས།།
ལམ་ཆུང་བྲག་གིས་བཅད་སོང་།།
མདང་ནུབ་ཆང་གིས་མྱོས་ཏེ།།
བྲིས་པའི་འཕྲོ་མཐུད་སྙན་ངག།
ལྷོ་རོང་མོན་གྱི་སྲས་པོ།།
གང་གི་ཕྱོགས་ལ་བཏབ་ཡོད།།
སྙན་མོ་ཞེ་དྲག་བྱུང་་་བཀའ་དྲིན་ཆེ་ལགས།
མ་སྐྱེས་ཨ་མ་ཟེར་དུས། །
དྲིན་ཆེན་མ་ལོ་མ་དྲན། །
ལྟ་བའི་དཔྱད་པ་རྫོགས་ན། །
མ་སྐྱེས་ཨ་མ་ཤེས་སླ། །
ཡིད་ལ་སྒོམ་པའི་བྱམས་པ། །
སྒེག་ལྡན་མཛེས་མར་མ་འབོད། །
གཉིས་སྣང་འཁྲུལ་བ་ཞིག་ན། །
བྱམས་པ་བཙལ་ཀྱང་མི་རྙེད། །
བྱ་དེ་ཁྲུང་ཁྲུང་དཀར་མོ། །
བསྡུར་ཐབས་མེད་པའི་དཔེ་རེད། །
ཕ་ཡུལ་ལི་ཐང་གསུངས་དུས། །
དུངས་ཞེན་ཡོད་པར་མ་བསམ། །
བདེན་འཛིན་མཛེས་མའི་བསླུ་བྲིད། །
ཁོང་ལ་ཡོད་པ་མ་ཡིན། །
མ་བརྟགས་ཀུན་རྫོབ་སྣང་བ། །
སྐྱེ་བོ་འཁྲུལ་བའི་གཞི་རེད། །
དེ་ཙམ་ཞིག་བདག་མོ་བདེ་སྒྲོལ་ལ་ཁ་སྣོན་དུ་སྤྲིངས་པའོ། །
བཀྲ་ཤིས་བདེ་ལེགས།
སེམས་དང་བསམ་པའི་གཏད་སོ།།
ཟླ་བ་དཀར་པོར་བཏེགས་ཡོད།།
ཝཱར་ཎཱའི་བདེ་ཆེན་སྒྲོལ་མས། །
སྙན་ངག་འཕྲོ་མཐུད་བཏབ་སའི། །
ཚངས་རྒྱམ་ཟེར་ན་སུ་རེད། །
ཚངས་རྒྱའི་མ་དེ་ཅི་རེད། །
འཆལ་བོ་དང་བཟང་ཁོང་དང་། །
ཨ་ཅག་ལྷ་སའི་བུ་མོ། །
དཀར་གསལ་ཟླ་འོད་འོག་ལ། །
འཛོམས་པ་སྒྲོལ་མས་མཐོང་ངམ། །
མདང་ནུབ་འདོད་པས་མྱོས་ཏེ། །
གཉིད་དང་ཟས་བཅུད་ཉམས་སོང་། །
ད་ནུབ་ཆང་གིས་མྱོས་ནས། །
སྙན་དངགས་ཨེ་ཐོན་ལྟ་ཆོག །
ཚང་རྒྱམ་ཆང་གི་སྨྱོས་པའི།
མཛེས་མའི་ཞལ་ལ་སྲེགས་པ།
རབ་བྱུང་སྡོམ་པ་གཡུག་ནས།
འདོད་པའི་འདོམས་དུ་ཆོང་པ།
དགོས་པའི་བོད་འབངས་གཡུག་ནས།
མི་དགོས་ས་མཐའ་ཉུལ་བ།
དགོས་པའི་རྩམ་ཆོས་མེད་པ།
མ་སྐྱེས་ཨ་མའི་རྩམ་ཆོས།
མ་སྐྱེས་ཨ་མ་བཙལ་ནས།།
གླིང་བཞིར་རྐང་རྗེས་ཕབ་རྗེས།།
ཟླ་བའི་སྟེང་གི་རི་བོང་།།
མ་སྐྱེས་ཨ་མ་ཡིན་སོང་།།
མ་སྐྱེས་གདོད་ནས་དག་པའི།།
འོད་གསལ་སེམས་ཀྱི་རང་གཤིས།།
བདེ་སྟོང་འཇམས་སུ་ཀླས་པ།།
མ་སྐྱེས་ཨ་མ་ཡིན་སོང་།།
འཇམས་ཨེ། ད་རིང་ངའི་གྲོགས་པོ་དེ་ཅི་རེད་སོང་།
ཝ་ནའི་ཚ་རླབས་འོག་ནས།།
སྙན་ངག་འོད་བརྒྱ་འགྱེད་པའི།།
བུ་མོ་བདེ་ཆེན་སྒྲོལ་མ།།
སྙན་ཚིག་འབྱུང་གནས་ཡིན་སོང་།།
ཀླད་མེད་བླ་རྒན་འགའ་རེས།།
ཁྲེལ་མེད་གཡོ་སྒྱུ་བྱས་ཏེ།།
སྐྱོན་མེད་ཚངས་དབྱངས་རྒྱ་མཚོ།།
གྲོགས་མེད་ས་མཐར་བརྫངས་སོང་།།
མགོན་མེད་གངས་ཅན་པ་རྣམས།།
མ་མེད་བུ་ཆུང་བཞིན་དུ།།
སྐྱིད་མེད་སྡུག་གི་ཁུར་བོས།།
རྫོགས་མེད་ལོ་ཟླར་མནན་སོང་།།
ཡུལ་མེད་འཁྱམ་པོ་བདག་གིས།།
ཟློག་མེད་ལོ་རྒྱུས་ནག་པོར།།
གཡེལ་མེད་ཕྱིར་མིག་འཕངས་པས།།
དགའ་མེད་སྐྱོ་བས་གཟིར་སོང་།།
2་བློ་མིག་མུན་པས་ལྡོང་བས། །
ལྷ་བླར་ལུང་བསྟན་ཞུས་འདུག །
བྱས་པ་སྣབ་ལུགས་ཤིག་ལ། །
ཕྱག་རྟགས་ལྷ་བླས་གནང་བཞག། །
དམར་བོ་རི་ལ་སྦྱངས་པའི། །
པོ་ཏཱ་ལ་རུ་ཁྲིད་བྱུང་། །
གསེར་གྱི་ཁྲི་ལ་བཀོད་ནས །
མི་ཡིས་ལྷ་རུ་བཏགས་སོང་། །
ལོ་ཟླ་ཡུན་གྱིས་སོང་བས། །
ལང་ཚོའི་མཚར་ཁ་ལོང་བྱུང་། །
སྙིང་དང་གློ་བའི་བར་ནས། །
ཕོ་སར་སྣང་བ་རྒྱས་བྱུང་། །
གསེར་གྱི་རྒྱ་ཕུབ་འོག་ནས། །
རྒྱང་ཕྱོད་སྤྱན་གྱི་གྱི་གྲུ་ཁ། །
ལྷ་ས་ཞོལ་ལ་ཤོར་བས།
སེམས་པ་སྨན་ལ་ཐོག་སོང་་། །
སྤྲིན་་དང་སྤྲིན་པའི་བར་ན། །
ཟླ་བའི་ཡུབ་་འགྲོས་བྱས་བས་། །
སེམས་དང་སེམས་པའི་གཞི་ན། །
འཛུམ་པའི་ཞལ་རས་་ཤར་བྱུང་། །
སེམས་པ་ཐོག་སའི་སྨན་ཤར། །
གྲོང་ཁྱིམ་གང་གི་ཡིན་ནམ། །
སེམས་དང་གློ་བའི་བར་གྱི། །
གཏམ་འདི་བརྗོད་ཐག་ཆོད་སོང་། །
སྙིང་གཏམ་མི་ལ་འཆལ་སོང་། །
མི་ཁ་དགྲ་རུ་ལངས་སོང་། །
འཆལ་ཕོ་དང་བཟང་དབང་བོས། །
ས་མཐར་སྐོར་དགོས་བྱུང་སོང་། །
འཆལ་བོ། འཆལ་པོ། འཆལ་ཕོ་གསུམ་ལས་གང་གམ།
ནུབ་ཕྱོགས་ནུབ་རིའི་རྩེ་ལ། །
དཀར་གསལ་ཟླ་བ་ནུབ་སོང་། །
མ་སྐྱེས་ཨ་མའི་ཞལ་རས། །
དྲན་པའི་ཡུལ་ཙམ་ཆགས་སོང་། །
འཆལ་པོས་འཆལ་བས་འཆལ་ཕོར་མིང་ཐོགས་པ་འདྲ།
དཔེར་ན། འཆལ་མོས་འཆལ་བས་འཆལ་མོར་བཏགས་པ་བཞིན་ནོ།