ཀླུ་སྨྱོན་ཧེ་རུ་ཀ
ང་ནི་སྙན་ངག་གི་བསྟན་བཅོས་ཆེན་པོ་ ཚངས་སྲས་བཞད་པའི་སྒྲ་དབྱངས དཔར་ཐེངས་དང་པོ་ཉོ་མཁན་དང་ཀློག་མཁན་གྱི་གྲས་ཤིག་ཡིན། ཚང་མས་མཁྱེན་གསལ་བཞིན། དེ་དུས་བོད་ཀྱི་ཆོས་དང་རིག་གཞུང་སྤྱི་དང་ཁྱད་པར་དུ་སྙན་ངག་གི་རིག་གནས་ལ་མཚོན་ན་སྐྱ་ཟད་སྔོ་སྡུག་གི་དུས་སྐབས་ཤིག་རེད་ལ། ཡང་མུན་ནག་མཚན་མོ་རིང་པོ་ཞིག་གི་རྗེས་སུ་ཤར་བའི་སྐྱ་རེངས་ཀྱི་དུས་སྐབས་ཤིག་ཀྱང་རེད། ཟང་ཟིང་ཆེ་བའི་ལོ་ཟླ་མང་པོ་ཞིག་བརྒྱུད་པའི་དབང་གིས། སྤྱིར་ན་ང་ཚོའི་མང་རྫོང་ལ་མཚོན་ན་བོད་རིགས་འདུས་སྡོད་ཆེ་བའི་རྫོང་ཞིག་ཡིན་མོད། དུས་དབང་གིས་རྫོང་དཔེ་ཚོང་ཁང་དུ་བོད་ཡིག་གི་དཔེ་ཆ་ཧ་ཅང་ཉུང་།
སྐྱེ་བ་སྔོན་མའི་ཚོགས་བསགས་སམ་སྐྱེ་བ་འདིའི་རླུང་རྟ་མཐོ་བས་ཡིན་གང་ལྟར་ང་ལ་མཚོན་ན་ཆུང་དུས་ནས་སྒྲུང་གཏམ་ཀློག་རྒྱུར་ཧ་ཅང་དགའ་ལ། སྒྲུང་གཏམ་དེ་ཚོའི་ནང་གི་ཚིག་སྦྱོར་སྙན་མོ་དེ་ཚོར་ཡང་ཤིན་ཏུ་མོས། ངའི་བླ་མ་ཨ་ལགས་ཡོངས་འཛིན་རྡོ་རྗེ་འཆང་ཚང་གིས་དཔེ་ཁྲིད་མང་པོའི་སྐབས་སྤྱི་དང་ཁྱད་པར་དུ་བསྡུས་གྲྭའི་དཔེ་ཁྲིད་ལས་ཡན་ལག་གི་ཁ་དོག་བརྒྱད་ཀྱི་སྐབས་སུ་སྙན་ངག་ཚིག་བཞི་ཞིག་ཡང་སྐྱོར་གནང་གི་རེད། དེ་ནི། བླ་བྲང་གི་གྲྭ་པ་སྙན་ངག་མཁན་མིང་སུ་ཡིན་མི་ཤེས་པ་ཞིག་གིས་ཆར་བ་འབབ་མིན་ལ་བྲིས་པའི་སྙན་ངག་ཅིག་སྟེ།
ཉལ་འགྲོའི་ཐོད་བཅིངས་རྩེ་མོ་ཁུག་སྣས་བཀླུབས། །
སྟོབས་ཆེན་གྱད་བུས་ཚང་སྣེ་གཞན་དུ་སྤོར། །
ལྷོ་ཡི་དྲི་འཛིན་ཆུ་ལྷར་ཕྱོགས་པ་འདིས། །
འགྱངས་མིན་སྤྲིན་གྱི་མེ་ཏོག་བསྙིལ་བར་ངེས། །
ཞེས་པ་འདི་ཡིན་ཞིང་། རྗེ་བླ་མ་ཁོང་གིས་གོང་གི་ཤོ་ལོ་ཀ་འདིའི་ནང་གི་མངོན་བརྗོད་རེ་རེ་བཞིན་བཀྲལ་ཏེ་སློབ་བུ་ཚོའི་སེམས་གཏིང་དུ་སྙན་ངག་གི་ས་བོན་ཁྱད་པར་བ་རེ་བཏབ་གནང་འདུག
ངའི་སློབ་དཔོན་རྣམ་པའི་ཁྲོད་དུ་དགེ་བཤེས་འགྲན་ཟླ་བྲལ་བ་ཞིག་ཡོད་པའི་མཚན་ལ་རུ་མང་དགེ་བཤེས་བྱམས་པ་འཕྲིན་ལས་ཚང་ཞུ་ཞིང་། ཁོང་གིས་བླ་བྲང་ནས་དཔེ་ཆར་གཟིགས་དུས་ཉིན་རེར་དཔེ་ཁྲིད་བཅུ་རེར་ཡང་ཕེབས་པ་རེད་ཅེས་བཤད་སྲོལ་ཞིག་འདུག་ལ། ངོ་མ་ཁོང་གི་ཡོན་ཏན་ལ་བསམས་ན་དེ་ལོས་བདེན་བསམ་སྤྱད་ཅིག་ཡིན། ཁོང་མདོ་སྔགས་རིག་གནས་གང་ལ་ཡང་མཁས་པ་ཞིག་རེད་འདུག་པས། ང་ཚོའི་ས་ཆར་དབུ་ཕར་སོགས་གཞུང་ཆེན་གྱི་དཔེ་ཁྲིད། སྨན་རྩིས་སོགས་ཐུན་མོང་གི་རིག་གནས་ཤིག་སྦྱོང་འདོད་ན་ཁོང་ལ་མ་གཏུགས་ཐབས་མེད་ལྟ་བུ་ཞིག་རེད། སློབ་དཔོན་ཁོང་ང་ཚོའི་དགོན་པ་དང་འཇིག་རྟེན་མི་ཡུལ་འདིར་དུས་ཡུན་ཐུང་ངུ་ཞིག་ལས་མ་བཞུགས་རུང་། ཁོང་བཞུགས་པའི་རིང་དེར་ངས་ཁོང་གི་མདུན་ནས་ཕར་ཕྱིན་དང་བསྡུས་གྲྭ། གསོ་རིག་དང་སྙན་ངག་གི་དཔེ་ཁྲིད་མོད་པོ་ཞིག་ཞུ་རྒྱུ་བྱུང་།
ཡག་ཐོག་ཡག་བརྩེགས་ཤིག་ལ། སྐབས་དེར་རྗེ་བསེ་ཚང་བ་ཆེན་པོའི་མཁྱེན་རབ་ལས་ཐོན་པའི་སྙན་ངག་གི་བསྟན་བཅོས་ ཚངས་སྲས་བཞད་པའི་སྒྲ་དབྱངས ཞེས་པ་འདི་ཡང་དེ་དུས་རྫོང་གི་དཔེ་ཁང་ན་འཚོང་རྒྱུ་འདུག ངེད་ཅག་གསར་བུ་སྐོར་ཞིག་གིས་སྙན་དེབ་འདི་ཉོས་ནས་དགེ་བཤེས་ཚང་ལ་སྙན་ངག་སློབ་ཁྲིད་ཀྱི་སྙན་སེང་ཞུས་པར་ཁོང་གིས་ཀ་ཀོར་ཅིི་ཡང་མེད་པར་ལམ་སེང་ཞལ་བཞེས་གནང་སོང་བ་དེ་ནི་ཇི་འདྲའི་དགའ་འོས་པའི་དོན་བཟང་ཞིག་རེད་ཨང་།
ང་ཚོའི་དགོན་པའི་གྲྭ་ཤག་སྤྱི་དང་འདྲ་བར་དགེ་བཤེས་ཁོང་གི་གཟིམ་ཁང་གི་སྒེའུ་ཁུང་ཡང་ཤར་དང་ལྷོ་རུ་གཏད་ཡོད་པས། དཔེ་ཁྲིད་ཀྱི་དུས་སྐབས་མང་ཆེ་ཤོས་སུ་སྒེའུ་ཁུང་ལས་ཉི་འོད་དྲོན་པོ་ཞིག་དགེ་བཤེས་ཚང་གི་གཟི་བརྗིད་ཆེ་བའི་སྐུ་དང་ཕྱག་གི་ ཚངས་སྲས་བཞད་སྒྲའི་ སྟེང་འཕྲོས་ཡོང་བ་ནི་ཇི་འདྲའི་མཛེས་ཤིང་དད་པ་སྐྱེ་ཡོང་བ་ཞིག་རེད་ཨང་། དགེ་བཤེས་ཚང་སྐུ་ཤ་ཅུང་རྒྱགས་ཤིང་གསུང་སྐད་སྙན་ཞིང་བརྗིད་པ། ཐུགས་གཤིས་བཟང་ཞིང་ཀུ་རེ་རྩེད་མཚར་ལ་མཉེས་པ་ཞིག་ཡིན་པས། ཁོང་དང་ངེད་ཅག་སློབ་བུ་རྣམས་ལམ་སེང་འདྲིས་བདེ་གཤིབས་སླ་ཆགས་སོང་།
རྣམ་པ་ཚོས་མཁྱེན་གསལ་བཞིན་ ཚངས་སྲས་བཞད་པའི་སྒྲ་དབྱངས ཞེས་པའི་སྙན་ངག་གི་གཞུང་ཆེན་འདིའི་ནང་དུ། དང་པོར་སྙན་གཞུང་མེ་ལོང་མའི་རྩ་བ་དང་དེའི་འགྲེལ་བ། གཉིས་པར་རྒྱལ་དབང་ལྔ་པའི་སྙན་ངག་གི་དཔེར་བརྗོད་དང་དེའི་འགྲེལ་བ། གསུམ་པར་བོད་མཁས་པའི་སྙན་ངག་གི་དཔེར་བརྗོད་དང་འགྲེལ་བ། བཞི་པར་ཨ་ལགས་བསེ་ཚང་ཁོང་གི་དཔེར་བརྗོད་བཅས་རིམ་བཞིན་བཀོད་ཡོད་ཅིང་། ཨ་ལགས་ཚང་མདོ་སྔགས་རིག་གནས་དང་བཅས་པར་མཁས་པའི་ཁྱད་ཆོས་མང་པོ་ཞིག་སྙན་ངག་དཔེར་བརྗོད་ཀྱི་འགྲེལ་བ་རེ་རེའི་སྟེང་ནས་མངོན་ཡོད་ན་ཡང་། ངེད་ཅག་གསར་སློབ་པ་ཚོས་ཀྱང་ལས་སླ་བོར་གོ་ཐུབ་པའི་ཚིག་སྦྱོར་ཕལ་བ་མང་པོ་ཞིག་གི་ལམ་ནས་བཀྲལ་ཡོད་པ་ཡང་ཁོང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད།
ཚངས་སྲས་བཞད་པའི་སྒྲ་དབྱངས འདི་སྙན་ངག་གི་བསྟན་བཅོས་ཁོ་ན་ཞིག་མ་ཡིན་པར། དཔེ་ཆ་འདིའི་ནང་དུ་ནང་དོན་རིག་པ་དང་སྒྲ་རིག་པ། ལོ་རྒྱུས་རིག་པ་སོགས་ཁྱེད་ཀྱིས་མ་ཤེས་ཐབས་མེད་ཀྱི་རིག་པའི་གཞུང་ལུགས་མང་པོ་ཞིག་ཐང་མར་བརྡལ་ཡོད་པས། སྙན་དེབ་འདི་མགོ་ནས་མཐར་ཆགས་སུ་སྦྱངས་པ་ཡིན་ན། ཁྱེད་ཀྱིས་སྔོན་ཆད་མ་ཤེས་པའི་བོད་ཀྱི་རིག་གནས་ཆེ་བ་དང་ཆུང་བའི་ཁྲོད་ཀྱི་ཐ་སྙད་ཧ་ཅང་མང་པོ་ཞིག་དང་ལོ་རྒྱུས་རྒྱབ་ལྗོངས་མང་པོ་ཞིག་ཞར་དང་ཞོར་ལ་སྦྱོང་ཐུབ། གཞན་ཁྱེད་ཀྱིས་སྙན་དེབ་འདིའི་ནང་གི་སྙན་ངག་གི་དཔེ་བརྗོད་རྩོམ་པ་པོ་བཞི་ཡི་སྐུ་ཚེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མང་པོ་ཞིག་ཀྱང་གློག་བརྙན་ལ་བལྟས་པ་ཇི་བཞིན་མཐོང་ཐུབ།
ངའི་དགེ་རྒན་ཚང་གིས་སྙན་ངག་གི་དཔེ་བརྗོད་འབྲི་བ་ལ་རྒྱལ་དབང་ལྔ་བ་ལས་ཀྱང་བོད་མཁས་པ་ཧ་ཅང་ཡག་པོ་འདུག ཁོང་གི་སྙན་ངག་ལ་འོ་མ་དང་ཀ་ར་བཞིན་དུ་བྲོ་བ་ཁྱད་པར་བ་ཞིག་མྱོང་རྒྱུ་ཡོད་ཅེས་ལན་མང་གསུངས་མྱོང་བ་ད་དུང་དྲན། སྤྱིར་ན་ངའི་དགེ་རྒན་ཁོང་ཚང་སྙན་ངག་ལ་ཧ་ཅང་མཁས་ཤིང་། རིག་གནས་གསར་བརྗེའི་སྐབས་སུ་བྲིས་གནང་བའི་སྙན་ངག་དབྱངས་ཅན་མའི་སྐུ་བསྟོད་དང་ཁོང་གི་གྲོགས་པོ་དགེ་བཤེས་དགེ་འདུན་ཚང་ལ་བྲིས་པའི་སྙན་ངག་སོགས་སྙན་རྩོམ་ཐོར་རེ་བ་སྐོར་ཞིག་དམངས་ཁྲོད་དུ་ཁྱབ་འདུག་པ་དེ་ཚོ་ཡང་སྙན་པའི་ཚད་དུ་འདུག
དགེ་བཤེས་ཚང་གིས་སྔ་དྲོར་བསྡུས་གྲྭ་དང་ཕར་ཕྱིན་ལམ་རིམ་ལྟ་བུའི་དཔེ་ཁྲིད་གནང་བ་དང་། ཕྱི་དྲོར་རྒྱུད་བཞི་དང་སྙན་ངག་སོགས་དཔེ་ཁྲིད་གནང་བའི་སྐབས་སུ། ངའི་ཆེས་དགའ་འོས་ཀྱི་དཔེ་ཁྲིད་དང་སྙན་ངག་དང་བསྡུས་གྲྭ་གསོ་རིག་བཅས་ཡིན། སྙན་ངག་གི་དཔེ་བརྗོད་འབྲི་བའི་སྐབས་སུ་ཁོང་གིས། སྤྱིར་ན་ མེ་ལོང་མ འདི་སློབ་དཔོན་དབྱུག་པ་ཅན་གྱིས་ཁོང་གི་གྲོགས་པོ་རྒྱལ་པོ་དེའི་སྲས་སྲས་མོ་ཚོའི་ཆེད་དུ་བརྩམས་པས་འདོད་པའི་སྐོར་མང་པོ་ཞིག་ཡོད་ན་ཡང་། ངེད་ཅག་གྲྭ་པ་ཚོས་སྙན་ངག་གི་དཔེ་བརྗོད་འབྲི་དུས་ མེ་ལོང་མ རང་ལ་དཔེ་བླངས་ན་མི་འགྲིགས་པར་རང་རང་གི་བླ་མ་དང་ལྷག་པའི་ལྷ་སོགས་ལ་དཔེ་བླངས་ནས་སྙན་ངག་འབྲི་དགོས་ཞེས་ཡང་ཡང་བདམས་པ་ཡང་ད་དུང་དྲན་ཞིང་། དེ་ནི་ཨ་ལགས་བསེ་ཚང་གི་སྙན་ངག་གི་དཔེ་བརྗོད་ལས་རྟོགས་ཐུབ་པ་ཞིག་ཀྱང་རེད།
འདིར་ང་ཚོས་དྲན་ཐུབ་པ་ཞིག་སྟེ། ཨ་ལགས་བསེ་ཚང་གིས་ ཚངས་སྲས་བཞད་པའི་སྒྲ་དབྱངས རྩོམ་གནང་བའི་སྐབས་དང་། ཨ་ལགས་དུང་དཀར་ཚང་གིས་ཁོང་གི་སྙན་དེབ་ ཚིག་རྒྱན་རིག་པའི་སྒོ་འབྱེད རྩོམ་པའི་དུས་སྐབས་ཕལ་ཆེར་གཅིག་པ་ཡིན་ན་ཡང་། ཨ་མདོ་དང་དབུས་ཀྱི་ཨ་ལགས་ཁོང་རྣམ་པ་གཉིས་ཀྱི་སྙན་ངག་གི་དཔེ་བརྗོད་འབྲི་སྟངས་ལ་ཁྱད་པར་ཆེན་པོ་ཞིག་ཡོད་པ་ཡང་ཞོར་འཕྲོས་ཙམ་ཡིན།
སྐབས་དེ་ནས་བཟུང་སྟེ་ ཚངས་སྲས་བཞད་པའི་སྒྲ་དབྱངས ཞེས་པའི་སྙན་ངག་གི་བསྟན་བཅོས་འདི་བོད་མདོ་ཁམས་གསུམ་དང་རྒྱལ་ཕྱི་ནང་གང་སར་ཁྱབ་སོང་ལ། སྙན་དེབ་འདིའི་སྙན་གྲགས་དང་ལྷན་དུ་ཨ་ལགས་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གིས་སྙན་ངག་གི་རིག་པར་བཅངས་པའི་ཐུགས་རེ་ཆེན་པོ་དེ་ཡང་གེགས་མེད་ལྷུན་འགྲུབ་བྱུང་སོང་། བོད་ཕྱི་ལོགས་ལ་མཚོན་ན་སྙན་ངག་གི་བསྟན་བཅོས་ཆེན་པོ་འདི་ཚར་བརྒྱད་ལ་སྐྱར་དཔར་བྱས་འདུག་པ་འདི་ཁོ་ནས་ཀྱང་མི་གྲངས་མང་པོ་མིན་པའི་སྤྱི་ཚོགས་ཤིག་ཏུ་ཡང་སྙན་དེབ་འདིའི་མཛད་འཕྲིན་ཅི་ཙམ་ཞིག་རྒྱས་ཡོད་མེད་རྟོགས་ཐུབ།
བོད་ཀྱི་དགོན་སྡེ་ཆེ་ཆུང་དང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སློབ་གྲྭ་ཆེ་འབྲིང་ཆུང་ཕལ་མོ་ཆེའི་ནང་དུ་ ཚངས་སྲས་བཞད་པའི་སྒྲ་དབྱངས འདིའི་གཟི་འོད་དང་དྲི་ཞིམ་གྱིས་ཁྱབ་ཡོད་ལ། བོད་ཀྱི་སྙན་ངག་པ་ཕལ་མོ་ཆེའི་མདུན་ཅོག་སྟེང་དུ་ ཚངས་སྲས་བཞད་པའི་སྒྲ་དབྱངས ད་དུང་ཡང་མུ་མཐུད་དེ་ལྷང་ལྷང་དུ་གྲག་བཞིན་ཡོད། སྙན་དེབ་འདི་ནི་ཡེ་ཤུའི་ དམ་པའི་གསུང་རབ བཞིན་བོད་པའི་སྙན་ངག་གི་ དམ་པའི་གསུང་རབ གཅིག་བུ་དེ་ཡིན། ཡིད་མི་ཆེས་ན་ཁྱེད་ཀྱིས་སྙན་དེབ་འདི་ཚར་གཅིག་ཀློགས་དང་མཁྱེན་ཡོང་ངེས་ཞེས་བདག་གིས་ཁ་ཚོན་བཅད་ནས་བརྗོད་ཐུབ།
དུས་རབས་འདས་ཤིང་མི་རབས་བརྗེས་པའི་ལོ་རྒྱུས་ཀྱི་འཁོར་སྐྱོད་ཁྲོད་དུ། འཛམ་གླིང་སྤྱི་དང་འདྲ་བར་རང་རེ་གངས་ཅན་པའི་མཁས་པ་ཚོའི་བརྩམས་ཆོས་མང་པོ་ཞིག་གི་གཟི་བྱིན་ལ་ནམ་ཡང་ཉམས་པ་མི་འདུག་ཅིང་། དེ་དག་གི་ཁྲོད་དུ་ ཚངས་སྲས་བཞད་པའི་སྒྲ་དབྱངས འདི་ནི་རང་རེའི་སྲིད་པའི་གངས་རྒན་ཚོའི་སྙིང་ཁྲག་གིས་བསྐྱེད་དུ་བསྲིངས་པའི་གངས་ལྷ་མེ་ཏོག་ཇི་བཞིན་མཐོ་སྒང་གི་གྲང་རླུང་དང་ཁ་ཆར་བུ་ཡུག་གི་ཁྲོད་ན་རང་ཉིད་ཀྱི་ཁྱད་ཆོས་དང་རང་ཉིད་ཀྱི་གཟི་བརྗིད་ཀྱིས་ནམ་ཡང་ཀྲོང་ངེར་འགྱིངས་འདུག་ཨང་།
དགེ་ལྡན་པའི་སེར་སྐྱ་མང་པོ་ཞིག་ལ་བསེ་ཚང་ཞེས་པའི་མཚན་འདི་ཧ་ཅང་རྒྱུས་ཡོད་ཅིག་ཡིན། དེ་ནི་བསེ་ངག་དབང་བཀྲ་ཤིས་ཚང་གིས་བརྩམས་པའི་བསྡུས་གྲྭའི་བསྟན་བཅོས་གྲགས་ཅན་ བསེ་བསྡུས་གྲྭ ཞེས་པ་དེ་བརྒྱུད་ནས་དར་ཁྱབ་བྱུང་བ་ཞིག་རེད་ལ། ཁོ་བོས་ཀྱང་བསེ་ཚང་ཞེས་པའི་མིང་ཚིག་འདི་བསེ་བསྡུས་སྦྱོང་དུས་མཐོང་བ་ལགས། བསེ་བསྡུས་གྲྭ འདིར་ཕལ་ཆེར་བསྡུས་ཚན་ཉེར་དྲུག་ཡོད་ཅིང་ཚན་པ་རེ་རེར་རང་ཉིད་ཀྱི་ཁྱད་ཆོས་སམ་དབྱངས་འགྲོས་ཤིག་ཡོད། བསྟན་བཅོས་འདི་རྩོམ་པ་པོས་འབྲས་སྤུངས་སུ་སློབ་གཉེར་བྱེད་དུས་གཉིད་ལྕོག་མི་རྒྱག་པའི་ཆེད་དུ་རང་ཉིད་ཀྱི་སྐེ་རུ་ཐག་པ་ཞིག་བཅིངས་ཏེ་ཁང་པའི་གདུང་མར་བཏགས་པའི་གཏམ་རྒྱུད་ཅིག་འདུག་ཅིང་། སྔོན་གྱི་མཁས་པ་མང་པོས་དེ་ལྟར་སློབ་གཉེར་ལ་དཀའ་བ་སྤྱད་པའི་གཏམ་རྒྱུད་ངོ་མཚར་ལ་ཡིད་འགུག་པ་ཇི་སྙེད་ཅིག་གདའ།
མཇུག་ཏུ་གླེང་དགོས་པ་ཞིག་ནི་ཁ་གྱའི་ཁྱུང་སྔོན་གྱིས་བཙུགས་པའི་ ཁྱུང་སྔོན་འཕྲིན་སྟེགས འདི་ཡིན་ཞིང་། འཕྲིིན་སྟེགས་འདི་ནི་བོད་ནང་གི་འཕྲིན་སྟེགས་ཡོངས་ཀྱང་ནང་ནས་ཁྱད་དུ་འཕགས་པ་ཞིག་ཡིན། དེ་ནི་དེའི་སྤུས་ཚད་དང་མྱུར་ཚད་གཉིས་ཀྱི་སྟེང་ནས་འཇོག་ཐུབ། འཕྲིན་སྟེགས་འདི་ལྟ་བུ་ཇེ་མང་དུ་བཏང་ཚེ། རང་རེ་བོད་ནང་ཕྱི་ནང་གཉིས་ན་ཡོད་པའི་རྩོམ་པ་པོ་ཚོའི་སྙིང་རྩ་དང་ཁྲག་རྩ་ཀླད་རྩ་སོགས་རྩ་ཕྲན་ཆེ་ཆུང་དུ་མ་ཞིག་ལྷན་དུ་སྦྲེལ་ཐུབ། མཉམ་དུ་འཕར་ཐུབ། རྟག་ཏུ་གནས་ཐུབ། ང་རང་བྱ་ལོར་སྐྱེས་པས་ཡིན་ནམ་རང་ཉིད་ལ་མཚོན་ན་བྱ་རྒྱལ་ཁྱུང་ཆེན་ལ་ཧ་ཅང་དགའ། ཁྱུང་ཆེན་གྱིས་གནམ་འཕང་གཅོད་པ་མཚོན། ཁྱུང་ཆེན་གྱིས་དཔའ་ངར་ལྡན་པ་མཚོན། ཁྱུང་ཆེན་གྱིས་མཐོང་རྒྱ་ཆེ་བ་ཡང་མཚོན།
ཨ་ལགས་བསེ་ཚང་རིན་པོ་ཆེ་སྐུ་འཁྲུངས་ནས་ལོ་འཁོར་བརྒྱད་ཅུ་འདས་སོང་། ཚངས་སྲས་བཞད་པའི་སྒྲ་དབྱངས ཆེས་ཐོག་མར་བསྒྲགས་ནས་ལོ་ངོ་སོ་དྲུག་བཞུད་ཟིན། ཁྱུང་སྔོན་འཕྲིན་སྟེགས བཙུགས་ནས་བགྲང་བྱ་གསུམ་ཙམ་འགོར་འདུག ཐམས་ཅད་མི་རྟག་པ་དང་མཛེས་སྡུག་གི་ཀློང་ནས་འདར་ཞིང་ཡོམ་དུས། རིན་པོ་ཆེ་ཞིག་དང་སྙན་དེབ་ཅིག ད་དུང་འཕྲིན་སྟེགས་ཤིག་གིས་རང་ཉིད་ཀྱི་དྲི་བསུང་དང་རང་ཉིད་ཀྱི་འོད་སྣང་བཀྱེ་བཞིན་འཇིག་རྟེན་འདིར་གནས་ལུགས་ཤིག་སྟོན། མི་ཡུལ་འདིར་དཔལ་འབར་ཞིག་སྒྲོན། གངས་ཁྲོད་འདིར་ཞབས་རྗེས་ཤིག་འཇོག
ཨ་ལགས་བསེ་ཚང་། སྐུ་ཚེ་ཞབས་པད་བརྟན།
ཚངས་སྲས་བཞད་སྒྲ། གཟི་བྱིན་རྟག་པར་སྨོན།
ཁྱུང་སྔོན་འཕྲིན་སྟེགས། ཡང་ཡང་མཇལ་བར་སྨོན།
ཞེས་ཨ་རིའི་ནུབ་བྱང་གི་དུས་བཞིར་མེ་ཏོག་བཞད་པའི་གྲོང་ཁྱེར་ཞིག་ནས་སྤྱི་ལོ་ ༢༠༡༧ ལོའི་ སྟོན་ཁའི་ཉི་འོད་ལ་ལྡེ་བཞིན་བྲིས།
བཀའ་དྲིན་ཆེ། ཚང་མ་ཞིབ་བཀླགས་བྱ་ཟིན། བློ་སྐྱེད་ཀྱང་མང་པོ་བྱུང་། གང་ལྟར་ཉམས་མྱོང་ཅན་ཚོས་ལོ་རྒྱུས་བྲིས་པ་དང་། ཆང་རྐྱལ་ཚོས་བཟི་ཁ་གླེང་པ་གཉིས་ལ་དམིགས་བསལ་གྱི་ཡོན་ཏན་རེ་འདུག བདག་གིས་ཀྱང་ཚངས་སྲས་བཞད་སྒྲ་འདི་ལན་འགའ་རེ་བཀླགས་མྱོང་། ལོ་ཆུང་དུས་རྔ་བ་ཀིརྟི་དགོན་གྱི་སློབ་ཆུང་དུ་ཡོད་སྐབས་ཚངས་སྲས་བཞད་སྒྲ་འདིའི་དོན་མ་གོ་བར་དཀའ་ངལ་མང་པོ་ཞིག་འཕྲད་མྱོང་། བཤེས་གཉེན་བཀའ་དྲིན་ཅན་མང་པོ་ཞིག་གིས་ལན་མང་བསྐྱངས་པའི་ཉེར་ལེན་གྱིས། དུས་ཕྱིས་ཚངས་སྲས་བཞད་སྒྲ་འདི་དོན་གཉེར་ཅན་འགའ་རེ་ལ་བསླབ་ཁུལ་ཡང་བྱས། ད་ལྟ་གཉིས་ཀ་དྲན་ཡུལ་ཙམ་དུ་གྱུར། འོན་ཀྱང་། བཞད་སྒྲ་འདིར་སྐབས་མང་པོར་ས་སྐྱ་ངག་ཆོས་ཞེས་ཕྱོགས་སྔར་བཀོད་པའི་གཞུང་དེ་བོར་བརླགས་སུ་སོང་ནས་དེང་སང་གར་ཡོད་མཇལ་དུ་མེད་ཅིང་། རྩོམ་པ་པོ་རང་གིས་ཀྱང་གཞུང་དངོས་མཇལ་མ་མྱོང་བར་ངག་རྒྱུན་ཙམ་བཀོད་པའི་ཚུལ་གླེང་གི་འདུག དེ་བདེན་མིན་མ་ཤེས། གོ་ཐོས་སུ་གཞུང་དེ་རྡ་ས་བོད་ཀྱི་དཔེ་ཁང་ན་ཡོད་ཚུལ་འབྲེལ་ཡོད་གཅིག་གིས་གླེང་མོད། དུས་ཕྱིས་བདག་གིས་བརྩད་གཅོད་སྐབས་མཇལ་མ་སོང་བ་ནི་བརྗེད་ཐོ་ཙམ་དུ་བཀོད་པ་ཡིན།
བསྟན་བཅོས་འདི་མངགས་ཉོ་བྱས་ན་ག་བར་ཐོབ། ཁྱེད་ཀྱིས་དགོངས་ན་འབྲེལ་སྦྱང་གནང་རོགས་མཛོད་ཞུ།
བལ་ཡུལ་མཆོད་རྟེན་སྐོར་ལམ་དེབ་ཚོང་ཁང་ན་འདུག
༄༅། དཔེ་ཡག་པོ་བྲིས་གནང་འདུག་
ཐུགས་རྗེ་ཆེ། སྙན་པོ་འདུག་
མ་འོངས་པར་ངེས་པར་རག་ཐབས་ཞུ་གི་ཡིན།
རྒྱ་གར་ནང་ནས་ཐོབ་ཀྱི་རེད་དམ།
ལོས་ཐུབ།
ཚངས་སྲས་བཞད་སྒྲ་ནང་། བོད་མཁས་དཔེ་བརྗོད་མང་ཆེས་ཤོས་ལ་འགྲེལ་བ་ཡག་པོ་གནང་ཡོད་ཀྱང་། ཆོས་དང་བླ་མའི་མཚན་སོགས་ཁ་ཤས་ནོར་ཡོད་པས། ནོར་བཅོས་དགོས་པ་མ་གཏོགས་མ་དག་རྒྱུན་འབྱམས་འགྲོ་ཉེན་ཆེ།
ཨ་ལགས་ཀླུ་སྨྱོན་ལགས། ནང་ཆོས་ཀྱི་མཚན་ཉིད་རིག་པ་འདི་ཕྱི་རོལ་བ་ལ་བརྟེན་ནས་དར་བ་ཨེ་ཡིན་ནམ། གཞན་དྲྭ་གྲོགས་ཚོས་ལོ་རྒྱུས་ཤེས་མཁན་ཡོད་ན་ལན་ཞིག་གནང་རོགས། །
ཕྱི་རོལ་ཡུལ་དང་ནང་སེམས་ཀྱི་འབྲེལ་བ་ཇི་འདྲ་ཡིན་མིན་ཞིབ་འཇུག་བྱས་པའི་སྡོམ་ཚིག་མང་པོ་ཕྱོགས་བསྡོམས་བྱས་ནས་ཕྱི་ནང་གི་མཚན་ཉིད་རིག་པ་བྱུང་བ་རེད།
ནང་པའི་སྔོན་དུ་ཕྱི་རོལ་བར་མཚན་ཉིད་རིག་པ་ཡོད་དམ། སྔོན་རྒྱ་གར་དུ་ནང་པའི་དགོན་ཆེན་དག་ཏུ་སྒོ་སྲུང་་པ་པཎ་ཊི་ཏ་དགོས་པར་བཤད་འདུག དེར་དཔག་ན་ཕྱི་རོལ་བར་མཚན་ཉིད་རིག་པ་འདི་ཧ་ཅང་རྒྱ་ཆེན་དར་ཡོད་པར་སྙམ། དེར་བརྟེན་ངས་བསམ་ན་ནང་པའི་མཚན་ཉིད་རིག་པ་འདི་ཕྱི་རོལ་བ་ལ་བརྟེན་་ནས་ནང་པ་ཚོས་ཀྱང་མཚན་ཉིད་རིག་པ་འདི་ལ་ཤུགས་རྒྱབ་ཡོད་པ་འདྲ། དེ་མིན་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པ་ལ་མཚན་ཉིད་རིག་འདི་ལྟ་བུ་རྒྱ་ཆེན་པོ་དགོས་རྒྱུ་མ་རེད་སྙམ། །
ཇོ་ནང་བའི་རྒྱ་གར་ཆོས་འབྱུང་དུ་གསལ་བའི་ཤངྐར་ཨཅརྱ་ཟེར་བ་སྐྱེ་བ་བརྒྱུད་མར་ནང་བ་དང་རྩོད་མཁན་བྱུང་བར་དཔྱད་ན་དུས་རབས་མང་པོར་རྒྱ་གར་དུ་མཚན་ཉིད་རིག་པ་ཧ་ཅང་དར་ཁྱབ་ཆེ་བ་རྟོགས་ནུས་ལ། ཁྱད་པར་དུ་གྲུབ་མཐའི་གནད་འགག་གི་འགལ་ཟླར་གྱུར་པའི་གྲུབ་མཐའ་གསར་བ་ནང་པ་ལྟ་བུ་བྱུང་ཚེ་དེའི་ལྡོག་ཟླ་ཚོས་རིགས་པ་དང་ལྟ་བ་གསར་བ་མ་བཙལ་ན་རང་རང་གི་བསྟན་པར་ཉེན་ཁ་ཆེ་བ་ལགས། དཔེར་ན་དེང་སང་གི་དགེ་བཤེས་ཤ་དགའ་སྐོར་ཞིག་གིས་ཚོགས་འདུ་བསྡུས་ཏེ་་ཐེག་པ་ཆེན་པོའི་དགེ་འདུན་གྱིས་མ་རྒན་དུད་འགྲོའི་ཤ་ཚིལ་རླངས་པ་ཐུལ་ལུ་ལུ་བཟའ་རུང་བའི་གཏམ་བཤད་བརྙན་དུ་བླངས་ཏེ་འགྲེམ་སྤེལ་བྱེད་པ་བཞིན་ནོ།།
དགེ་བཤེས་འགས་ཤ་ཟོས་ན་ལེགས་ཚུལ་སྤེལ་གྱི་ཡོད་པ་ཧ་གོ་མ་སོང་། སྤྱིར་ཤ་ཟོས་ན་ཉེས་པ་ཡོད་པ་རིག་པས་དཔྱད་ན་རྟོགས་་སླ་བོ་རེད། འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤ་དེ་ལས་འབྲེལ་གྱི་ཚུལ་དུ་གསོལ་ནས་བསྔོ་སྨོན་ཡང་དག་རེ་བྱེད་ན་སེམས་ཅན་དེ་ཕྱི་མར་ལུས་བརྟེན་ཡག་པོ་ཞིག་རྙེད་ཀྱི་རེད་སྙམ། དེ་མིན་བག་མེད་དུ་ཟོས་ན་ཉེས་པ་ཆེན་པོ་ཡིན་པ་སྨོས་མེད་རེད། ཤ་དགའ་རྣམས་ཀྱིས་རང་ཉིད་སེམས་ཅན་དེ་ཡིན་པའི་འདུ་ཤེས་བཞག་ནས་སྒོམ་ན་ལས་སླ་བོ་རྟོགས་ཐུབ་པ་རེད། གང་ཟག་སུ་འདྲ་ཞིག་ཡིན་ཀྱང་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོོད་པ་གཅིག་མཚུངས་རེད། །
སྔོན་བྱོན་མཁས་པའི་ལེགས་བཤད་སྙན་ངག་ལ།
བཅུད་ལེན་ཐུབ་པ་རྗེས་ཡོང་ན་གཞོན་འགན།
བོད་མིའི་སྐད་ཡིག་རིག་གནས་ཤེས་བྱ་ནི།
གཏིང་མེད་རྒྱ་མཚོར་ནོར་བུ་ལེན་དང་འདྲ།
སྙན་པོ་གདའ། བསེ་ཚང་བཀའ་དྲིན་ཆེ། རྩོམ་པ་པོ་ཀླུ་སྨྱོན་ལགས་སུ་འཚམས་སྦྱོར་བ་བཀའ་དྲིན་ཆེ།
ཡག་པོ་འདུག