རྩོམ་པ་པོ། སྨན་རིའི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ།
རང་ཅག་གཞུང་ལུགས་དོན་དུ་གཉེར་བའི་རིགས་སྨྲ་བ་ཡོངས་ལ་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་ངེས་པ་དོན་གྱི་མཁས་གྲུབ་ཆེན་པོ། མཚན་ཐོས་པ་ཙམ་གྱིས་དད་པའི་སྤུ་ལོང་ལྡེམ་ལྡེམ་དུ་གཡོ་བར་བྱེད་པའི་བོན་གྱི་སྤྱན་མངའ་བ་དེ་ཉིད་ཀྱིས། བསྟན་དང་འགྲོ་བའི་དོན་དུ་བརྩམས་པའི་བསྟན་པའི་གསལ་བྱེད་དམ་པར་གྱུར་པའི་འགྲེལ་དང་ཆ་ལག་དེ་རྣམས། འཕྲོས་སྦྱོར་གྱི་རིམ་པ་ཙམ་མིན་པར་མཐའ་དཔྱོད་ཀྱི་སྡོམ་ཚིག་ཏུ་སྤེལ་བ་མང་ལ། ཇི་ཙམ་རྟོག་དཔྱོད་གྱི་ལམ་ནས་འཇུག་པས། དེ་ཙམ་གྱིས་གོ་དོན་ཟབ་པར་འགྱུར་ཅིང་། ལན་ཅིག་དཔེ་བལྟ་བྱེད་པ་ཙམ་གྱིས་ངོམ་པར་མི་འགྱུར་ལ། ཡང་ནས་ཡང་དུ་རྣམ་པར་དཔྱོད་པའི་འདུན་པ་དྲག་པོ་འགོག་མེད་དུ་སྐྱེ་བར་འགྱུར་བ། དགག་བཞག་སྤང་གསུམ་དང་འབྲེལ་བའི་ཐུན་མིན་གྱི་བཞེད་པ་དག་ཐང་མར་བརྡལ་བས། ཐར་འདོད་ཀྱི་སྐྱེས་བུའི་ཚོགས་རྣམས་ཀྱང་། རིགས་པའི་གད་རྒྱངས་རྣམ་པར་སྒྲོགས་ནས་འཆད་རྩོད་ཀྱི་ཟློས་གར་ཅི་དགར་བསྒྱུར་བ་ལ་རབ་ཏུ་བྲེལ་ཏེ། ཉིན་མཚན་གྱི་སྣང་བ་ཟློག་པར་གྱུར་པའི་བསྟན་འཛིན་གྱི་སྐྱེས་བུ་དག་ཀྱང་མཐོང་ངོ་། མཆོག་གིས་མཛད་པའི་གསུང་རབ་ཀྱི་དགོངས་འགྲེལ་ཁག་ནི། ཚིག་དོན་གཉིས་ཀྱི་ཐད་ནས་བརྡར་ཤ་རྣམ་པར་བཅད་ཟིན་པ་ཤ་སྟག་ཡིན།
དཔེར་ན་མཚན་མཚོན་གྱི་ཚིག་ཟུར་རེ་རེ་ལ་དཔེ་མཚོན་ཏེ་ཞུས་ན། མཚོན་བྱའི་ཁྱད་པར་དུ་བྱས་པ་དག་མཚན་ཉིད་དུ་འཇོག་པའི་ལུགས་གཏན་ནས་མི་སྲིད་པ་ཡིན། རིགས་གནས་དང་ཆ་བཞག་རབ་ཕྱེས་སོགས་ཀྱི་དབྱེ་བསྡུའི་རིགས་རྣམས་དེ་བས་ཀྱང་མཐོང་རྒྱུ་མེད་དོ། གལ་ཏེ་ཕྱོགས་སྔས་མཚོན་བྱའི་ཁྱད་པར་དུ་བྱས་པ་མཚན་ཉིད་དུ་འཇོག་ནས་རྒོལ་བར་འགྱུར་བའི་ཚེ། ལུང་རིགས་ཟུང་འབྲེལ་གྱི་ལམ་ནས་ལོག་རྟོག་གཙང་དག་བྱ་རྒྱུ་ཉག་ཅིག་ལས་མ་འདས། དམ་པ་ཁོང་གིས་མཛད་པའི་མཚན་ཉིད་རིག་པའི་གཞུང་ལུགས་རྣམས་གཅིག་བས་གཅིག་ཟབ་ཅིང་། གཅིག་བས་གཅིག་ལེགས་པར་གྱུར་པ་འབའ་ཞིག་ཏུ་སྣང་ན་ཡང་། སྐབས་འདིར་བཤད་པར་བྱ་བའི་དཔྱད་གླེང་གི་སྒྲོམ་གཞི་ནི། ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ཅེས་བྱ་བའི་ཚད་མའི་བཀའ་བརྟེན་ཆེན་མོ་དེ་ཉིད་དོ། ཚད་མའི་བཀའ་བརྟེན་ཆེན་མོ་འདི་ཉིད། རོང་སྟོན་ཚུལ་སེང་གིས་ཉེ་བར་བསྐུལ་ཏེ་སྦྱར་བ་ཉིད་ཀྱི་འགྲེལ་ལས་གསལ་བ་ལྟར་ཡིན་ལ། ཚད་མ་རིག་པའི་གཏེར་མཛོད་ཆེན་པོ་འདི་ཉིད་བཀའ་བརྟེན་ཡིན་པར་བརྟེན། རྩིས་འགོ་རྣམ་པ་ལྔ་འམ་བདུན་དང་འབྲེལ་བའི་སྒོ་ནས་བརྩམས་པ་ཞིག་ཡིན་པར་གསལ།
ཐོག་མར་གཞུང་འདི་ཉིད་མཛད་པ་པོའི་དཔོན་གསས་ནི། ཕྱི་ལོའི་དུས་རབས་༡༢པའི་ཁོངས་སུ་འཁྲུངས་པའི་བོན་གྱི་སྤྱན་ལྡན་ཆེན་པོ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་ཞེས་བྱ་བ། ཕྱི་སོ་སོ་ཐར་པས་རྒྱུད་བསྡམས། ནང་གསང་བ་སྔགས་ཀྱི་ཐེག་པའི་གཞུང་བསྲངས། བློ་ཕུག་བླ་མེད་རྫོགས་པ་ཆེན་པོ་ལ་གཏད་པའི་སྡོམ་གསུམ་འགལ་མེད་ལམ་དུ་སློང་བའི་གཤེན་གྱི་དྲང་སྲོང་ཆེན་པོ། མདོ་སྔགས་སེམས་གསུམ་གྱིས་བསྡུས་པའི་གཞུང་ལུགས་རབ་འབྱམས་རྒྱ་མཚོ་ལ་མངའ་བསྙེམས་ཤིང་སྤྱན་དཀྱུས་རབ་ཏུ་ཡངས་པ། ཁྱད་པར་དུ་དབུ་ཚད་དང་གསང་སྔགས་ཀྱི་བོན་ལ་རྣམ་པར་དཔྱོད་པའི་བློ་གྲོས་ཀྱི་པད་མོ་རབ་ཏུ་བཞད་ཅིང་། གནའ་དེང་མཁས་གྲུབ་ཀུན་གྱིས་གདེང་འཇོག་འོས་པའི་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་རང་རྒྱུད་ལ་སྦྱར་ཏེ་འགྲེལ་བའི་གཡས་རུའི་རིགས་པ་སྨྲ་བའི་སེང་ཆེན་དུ་གྲགས་པ་དེ་ཉིད་ཡིན་ནོ།།
གཉིས་པ་ཡུལ་གང་དུ་མཛད་པ་ནི། བོན་གྱི་གདན་ས་ཆེན་པོ་གཡས་རུ་དབེན་ས་ཁ་ཞེས། སྐལ་ལྡན་བརྒྱ་ཕྲག་དུ་མས་ལུང་དང་རིགས་པའི་འབེལ་གཏམ་རྟག་ཏུ་སྒྲོགས་ཤིང་མཁས་གྲུབ་ཀྱི་ཚང་ཆེན་བར་མ་ཆད་པར་བརྡོལ་བའི་གནས་མཆོག་དེ་ཉིད་དོ། གསུམ་པ་ཕྱོགས་གར་གཏོགས་པ་ནི། བོན་སྒོ་བཞི་མཛོད་དང་ལྔ་ཡི་ནང་ནས། མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན་ཏེ། སྒོ་བཞི་ཀུན་ལ་རྒྱུག་ཅིང། མཐར་ཐུག་སྣང་ལ་རང་བཞིན་མེད་པའི་དོན་གཏན་ལ་འབེབ་པར་བྱེད་པའོ། སྡེ་སྣོད་གསུམ་གྱི་ནང་ནས། མངོན་པའི་སྡེ་སྣོད་གྱི་ཁོངས་སུ་གཏོགས་ཏེ། བསླབ་པ་ཤེས་རབ་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པའི་གཞུང་ཡིན་པའི་ཕྱིར་རོ། རིག་པའི་གནས་ལྔ་ཡི་ནང་ནས། སྒྲ་རིག་པའི་ཁོངས་སུ་གཏོགས་ཏེ། སྒྲ་རིག་པའི་འབུམ་སྡེ་གསུམ་གྱི་ནང་ནས་སྒྲ་ཚད་ཀྱི་རྩོད་འབུམ་ཁྲ་བོའི་ཁོངས་ནས་བྱུང་བ་ཡིན་པའི་ཕྱིར་རོ། བཞི་པ་རྒྱུད་གང་ལས་བཏུས་པ་ནི། རིག་པའི་གཏེར་མཛོད་དེ་ཉིད་ལས། ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ཅེས། བདེར་གཤེགས་རྒྱལ་བའི་དགོངས་ལུང་མཐའ་དག་དང་། རབ་གསལ་འཕགས་པའི་མན་ངག་བཅུད་དུ་འདྲིལ། ཞེས་པའི་ལུང་གི་བསྟན་དོན་ལྟར། སྟོན་པ་སངས་རྒྱས་ཀྱིས་གསུངས་པའི་སྒྲའི་འབུམ་གསུམ་དང། ཚད་མ་སྡེ་བདུན། གཞན་ཡང་ཞང་བོད་ཀྱི་མཁས་གྲུབ་ཆེན་པོ་བླ་ཆེན་དྲན་པ་ནམ་མཁས་མཛད་པའི་རྣམ་འབྱེད་འཕྲུལ་ལྡེ་དང་། ལི་ཤུའི་མན་ངག་ལུང་གི་ཚད་མ། ཤ་རའི་གལ་མདོ་སོགས་ཀྱི་དགོངས་དོན་ཇི་བཞིན་བླངས་ཏེ་བཏུས་པར་མཛད་པའོ། །
ལྔ་པ་མཚན་ལ་ཇི་ལྟར་གསོལ་བ་ནི། ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ཅེས་བྱ་བ་ཡིན། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་བདེ་སྡུག་ནི་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་དང་མ་རྟོགས་པ་ལས་བྱུང་བར་གསུངས་ཤིང་། དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པར་བྱེད་པའི་ཐབས་ལ་ཐམས་ཅད་མཁྱེན་པས་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་ཀྱང་། དེ་རྣམས་ཀྱི་དོན་ཚུལ་བཞིན་དུ་འགྲེལ་ཞིང་ཤེས་བྱའི་གནས་ལུགས་འཇལ་བར་བྱེད་པ་ལ་ཚད་མ་ནི་སྙིང་པོ་ལྟ་བུ་གྱུར་པས་ན། ཚད་མའི་སྙིང་པོ་དེ་ཁོ་ན་ཉིད། ཅེས་དང་། ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད། ཅེས་བྱ་བ་ནི། མདོ་སྔགས་སེམས་གསུམ་གྱིས་མཚོན་སྔགས་སེམས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟར་རྒྱ་ཆེ་ཞིང་གཏིང་ཟབ་པའི་ནང་ནས། དེ་ཁོ་ན་ཉིད་ཀྱི་དོན་གཏན་ལ་འབེབ་པར་བྱེད་པའི་ཚད་མའི་རྣམ་བཞག་ལ། རྩ་བའི་དབང་དུ་བྱས་ན། ཚད་མ་གསུམ་དང། དེ་ལས་རྒྱས་པར་ཕྱེས་ན་ཚད་མ་དྲུག་གི་རིམ་པ་གུད་དུ་བཞུགས་པ་རྣམས་དང་། ཁྱད་པར་དུ་རིན་པོ་ཆེ་ཡི་གཏེར་དང་འདྲ་བའི་གནས་སྐབས་དང་མཐར་ཐུག་གི་རིག་པ་ཚད་མའི་བོན་སྡེ་རྣམས་ཕྱོགས་གཅིག་ཏུ་སྤུངས་པའི་རིག་པའི་མཛོད་ཆེན་འདི་ཉིད་ཡིན་པས། དཔེ་དོན་གཉིས་དང་འབྲེལ་བའི་སྒོ་ནས་མཚན་གྱི་རིམ་པ་དེ་ཉིད་གསོལ་བ་ཡིན་ནོ། །
དྲུག་པ་དོན་ཆེད་དགོས་པ་ཅིའི་དོན་དུ་མཛད་པ་ནི། བདེ་ལེགས་དང་བདེ་ལེགས་ཆེན་པོའི་གོ་འཕང་ཐོབ་པར་བྱེད་པ་ལ། འཁོར་འདས་སྤང་བླང་གི་རྣམ་བཞག་ཚུལ་བཞིན་དུ་ཤེས་དགོས། དེ་ལྟར་ཤེས་པར་བྱེད་པ་ལ་རྒྱུ་མཚན་དང་སྦྲེལ་ཏེ་བླང་དོར་གྱི་རིམ་པ་ལ་འཇུག་དགོས་པ་ཡིན། དེ་ལྟར་ཡོང་བར་བྱེད་པ་ལ་ཡིན་ལུགས་ཚུལ་བཞིན་དཔྱོད་པའི་རིག་པ་ཚད་མ་དང་རྒྱལ་འཕགས་ཀྱི་བཀའ་ལུང་ཟབ་མོ་དེ་དག་དཔང་བཞག་བྱས་པ་ལ་བརྟེན་ནས་འབྱུང་དགོས་པ་ཡིན་པས་ན་དེ་ལྟར་རོ། རྒྱུ་མཚན་དེ་དག་གི་ཕྱིར་མཐར་གཏུགས་ན་འཁོར་འདས་ཀྱི་མཚན་ཉིད་ཤེས་པ་གལ་ཆེ་བ་ཤེས་བྱེད་དུ། བོན་གྱི་སྤྱན་ལྡན་ཆེན་པོས་ཀུན་བཏུས་ལེའུ་བརྒྱད་ཀྱི་ཐ་མར་མཚན་མཚོན་གཞི་གསུམ་གྱི་རྣམ་བཞག་དེ་ཉིད་བསྟན་པ་ཡིན་ལ། རྗེ་བདག་ཉིད་ཆེན་པོས་ཤེས་པར་བྱ་བའི་ཡུལ་གྱི་དབང་དུ་བྱས་ནས། ལེའུ་དང་པོའི་ཁོངས་སུ་བསྡུས་ཏེ་བསྟན་པ་ཡིན་ནོ། རྣམ་པ་གཅིག་ཏུ་ན། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ལ། མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་ཡིད་གཉིས་ཀྱི་དབང་གིས་རྒོལ་བར་འགྱུར་པའི་ཚེ། ཚད་མའི་རིག་ལམ་ལ་བརྟེན་ནས་དགག་བཞག་སྤོང་གསུམ་དང་འབྲེལ། ཡིན་ལུགས་ཅི་བཞིན་གོ་བརྡ་སྤྲོད་དགོས་པས་ནའོ།།
བདུན་པ་དེ་ལྟར་མཛད་པའི་ཡོན་ཏན་ནི། རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་བདེ་བླག་ཏུ་རྟོགས་པ་ལ་བརྟེན་ནས། ཡང་དག་ངེས་པའི་ལམ་ལ་འཇུག་པར་འགྱུར་བ་དང། བློ་སྒྲོམ་རྨོངས་པའི་ཐ་རམས་ཀྱི་སྒོ་མོ་འབྱེད་པར་མཛད་པ་དང། ལེགས་པ་ཀུན་འབྱུང་གི་ཡོན་ཏན་བསྐྱེད་པར་མཛད་པ། མྱང་འདས་ཐར་པའི་གྲོང་དུ་བསྐྱོད་པར་མཛད་པ། སྣ་ཚོགས་དྲི་མ་མེད་པའི་ཡེ་ཤེས་ཀྱི་ཚོགས་རྣམས་རྒྱས་པར་མཛད་པ། མི་རྟོག་ཤེས་རབ་ཀྱི་སྣང་བ་འདྲེན་པར་བྱེད་པ། མཐའ་བྲལ་གཡོ་མེད་ཀྱི་ངང་ལ་མཉམ་པར་མཛད་པ། མཐར་ཐུག་འདས་པ་ཆེན་པོའི་དངོས་གྲུབ་བསྙེམས་ཏེ། སྒྲིབ་གཉིས་གཡུལ་ལས་རྣམ་པར་རྒྱལ་བའི་ཡོན་ཏན་དགུ་དང་ལྡན་པའི་ཚུལ། ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ལས། དེ་ལྟར་ཟབ་འབྲས་ལེགས་པའི་གཞུང་ལུགས་ལ། ཞེས་པ་ནས། དེ་ལྟའི་ཡོན་ཏན་རྣམ་པ་ཀུན་ལྡན་པའི། ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་འདི། ཞེས་པའི་བར་གསལ་བར་བསྟན་པ་ལྟར་བཀོད་པ་ཡིན་ནོ། དེ་ལྟར་རྨད་དུ་བྱུང་བའི་ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ཅེས་བྱ་བའི་ཚད་མའི་འགྲེལ་ཆེན་འདི་ནི། ལེའུ་བརྒྱད་ལས་གྲུབ་པའི་བདག་ཉིད་ཅན་ཞིག་ཡིན།
ལེའུ་དང་པོའི་ཁོངས་སུ་མཆོད་བརྗོད་དང་གླེང་གཞི། ཤེས་པར་བྱ་བ་ལ་ཡུལ་གསུམ་གྱི་རང་བཞིན་དང་། ཤེས་བྱེད་བློ་ཡི་རང་བཞིན་ལ་རྟོག་པ་དང་རྟོག་མེད། བློ་རིག་བརྒྱད་དང་ཚད་མིན་གྱི་བློ་ལྔ་བཅས་ཀྱི་རྣམ་བཞག་སོགས་བསྟན། ལེའུ་གཉིས་པའི་ཁོངས། ཚད་མ་སྤྱི་ཡི་རང་བཞིན་དང་། དགག་སྒྲུབ་དང་རྫས་ལྡོག། རྫས་ཡོད་དང་བཏགས་ཡོད། བརྗོད་བྱ་དང་རྗོད་བྱེད། དངོས་རྟོགས་དང་ཤུགས་རྟོགས། སྤྱི་དང་བྱེ་བྲག དགག་སྒྲུབ་ཀྱི་དངོས་ཤུགས་རྟོགས་ཚུལ། མངོན་རྗེས་ལ་ལོག་རྟོག་དགག་པའི་རིམ་པ་བཅས་གསལ་བར་བསྟན། ལེའུ་གསུམ་པའི་ཁོངས་རྒྱལ་བའི་བཀའ་ཚད་མ་དང། ལུང་ཚད་མ་གཉིས་ཀྱི་རྣམ་བཞག་རྒྱས་པར་གསུངས། ལེའུ་བཞི་པའི་ཁོངས་མངོན་རྗེས་གཉིས་ཀྱི་དབྱེ་གཞིར་གྱུར་པའི་རིག་པ་ཚད་མའི་རྣམ་བཞག་སྤྱི་དང་། ནང་གསེས་མངོན་སུམ་ཚད་མའི་རིམ་པ་བཅས་བཤད། ལེའུ་ལྔ་པའི་ཁོངས་རྗེས་དཔག་ཚད་མའི་མཚན་ཉིད་དང་བསྒྲུབ་བྱའི་སྐོར། རྗེས་དཔག་གི་སྒྲ་འཇུག་ཚུལ་གྱི་བཤད་པ། བོན་ཅན་གྱི་བཤད་པ། མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཀྱི་བཤད་པ། རྟགས་ལྟར་སྣང་ལས་འཕྲོས་པའི་འགལ་དང་མ་ངེས་མ་གྲུབ་གསུམ་གྱི་རྣམ་བཤད་དང་། རྟགས་ཀྱི་བྱེད་ལས། འགལ་འབྲེལ་དང། ཡང་དག་པའི་རྟགས་ཀྱི་རྣམ་དབྱེ་བཅས་གསལ། ལེའུ་དྲུག་པའི་ཁོངས་རང་དོན་རྗེས་དཔག་དང་དགག་སྒྲུབ་ཀྱི་རྟགས་གཉིས་པོའི་སྐོར་ཁ་གསལ་བྱས། ལེའུ་བདུན་པའི་ནང་གཞན་དོན་རྗེས་དཔག་དང། རྗེས་དཔག་གི་བསལ་བ། རྒོལ་བའི་རྣམ་བཞག རྩོད་ངག ཐལ་འགྱུར་བཅས་གསུངས། ལེའུ་བརྒྱད་པའི་ནང་མཚན་མཚོན་གཞི་གསུམ་གྱི་བཤད་པ་དང་། མཚན་ཉིད་ཀྱི་རྣམ་བཞག། མཚོན་བྱའི་རང་བཞིན། མཚན་གཞི་ཡི་རང་བཞིན། མཚན་མཚོན་གཞི་གསུམ་གྱི་འབྲེལ་ཚུལ་དང། མཚོན་ཚུལ། འགལ་མཚུངས། མཚན་མཚོན་འཁྲུལ་པ་སྤོང་བའི་རིམ་པ་བཅས་ལེགས་པར་གཏན་ལ་ཕབ་ནས་བསྟན།
ལེའུ་བརྒྱད་པོ་དེ་དག་མདོར་དྲིལ་ན། རྩ་བའི་ས་བཅད་གསུམ་གྱི་ཁོངས་སུ་འདུ་བ་སྟེ། རྩ་བའི་ས་བཅད་དང་པོ་ཤེས་པར་བྱ་བ་ཡུལ་གྱི་རང་བཞིན་ཁོངས་ལེའུ་དང་པོ་དང་། རྩ་བའི་ས་བཅད་གཉིས་པ་ཤེས་པར་བྱེད་པ་ཡུལ་ཅན་གྱི་རང་བཞིན་ཁོངས་ལེའུ་གཉིས་པ་ནས་ལེའུ་བདུན་པའི་བར་ཆ་ཚང་དང། རྩ་བའི་ས་བཅད་གསུམ་པ་དེ་དག་གི་རང་བཞིན་མཚན་མཚོན་གཞི་གསུམ་གྱི་རང་བཞིན་གཏན་ལ་དབབ་པའི་ཁོངས་ལེའུ་བརྒྱད་པ་ཆ་ཚང་བསྡུས་ཡོད། ཀུན་བཏུས་ལེའུ་དང་པོའི་ཁོངས། ཚད་གསུམ་ཟུང་དུ་མ་འབྲེལ་ན་སྟོན་པའི་བཀའ་མིན། བདེན་གཉིས་དོ་རུ་མ་མཉམ་ན་གཡུང་དྲུང་གི་བོན་མིན། ཞེས་མདོ་ལས་ལུང་དྲངས་ནས་བཀོད་འདུག་པའི་མདོ་དེ་གང་ཞིག་ཡིན་མིན་རྙེད་སོན་མ་བྱུང་། འོན་ཀྱང་དོན་ལ་ཁྱད་པར་མེད་མོད་ཀྱང། ཚིག་གི་ཆ་ནས་ཅུང་མི་མཐུན་པ་མཛད་མདོ་འབྲིང་པོ་མདོ་ཟེར་མིག་ལེའུ་བཅོ་བརྒྱད་པའི་ཁོངས་གཤེན་རབ་ཀྱི་སྲས་སྤྲུལ་པའི་ལེའུ་བརྒྱད་པའི་ནང་། ཟུང་དུ་འབྲེལ་བའི་ཚད་མ་གསུམ་མ་མཐུན་ན་སྟོན་པའི་བཀའ་མིན། དོ་རུ་མཉམ་པའི་བདེན་པ་གཉིས་མ་འགོགས་ན་གཡུང་དྲུང་གི་བོན་མིན། ཞེས་གསལ་ལོ། །
ཚད་མ་དྲུག་གི་སྐོར་ལེའུ་དང་པོའི་ནང། ཚད་མ་དྲུག་གིས་མི་མཚོན་ན། གྲི་མེད་གཡག་རོ་བཤའ་བ་འདྲ། ཞེས་ནང་རྒྱུད་ལས་ལུང་དྲངས་པའི་ནང་རྒྱུད་དེ་གང་ཡིན་ད་བར་རྙེད་སོན་མ་བྱུང་། ཚད་མ་གསུམ་ནི་བཀའ་ཚད་མ་དང་ལུང་ཚད་མ་རིག་པ་ཚད་མ་གསུམ་ཡིན་པ་ཀུན་བཏུས་ལེའུ་བཞི་པའི་ནང་ཞིབ་པར་གསལ། འོ་ན་ཚད་མ་དྲུག་ཅེས་པ་འདི་ཉིད་གང་ཞིག་ཡིན་མིན་ལ། རིགས་པའི་ལམ་ལ་ཞུགས་པའི་ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་རིགས་སྨྲ་བ་རྣམས་ཀྱིས་བསྭོ་སྒྲའི་བོན་དབྱངས་རྣམ་པར་སྒྲོགས་པའི་འཆད་ཉན་གྱི་ར་བའི་ནང་། རིགས་ལམ་གྱི་བརྒལ་བརྟག་འདྲེན་སྐབས། གནད་དོན་འདི་དག་གི་ཐད་ལུང་རིགས་དང་འབྲེལ་བའི་ཟིན་མཚམས་ཁག་གཉིས་བྱུང་།
ཁ་ཅིག་གིས་ཚད་མ་དྲུག་བྱ་བ། རྒྱལ་བའི་བཀའ་ཚད་མ་དང། འཕགས་པའི་ལུང་ཚད་མ། རང་གི་རིག་པ་ཚད་མ། མངོན་སུམ་ཚད་མ། རྗེས་དཔག་ཚད་མ། དེའི་སྟེང་སྐྱེས་བུ་ཚད་མ་རྩིས་པས་དྲུག་ཡིན་ཟེར། ཚད་མ་དྲུག་གི་ཁོངས་སྐྱེས་བུ་ཚད་མ་རྩིས་དགོས་པའི་རྒྱུ་མཚན་ཡང། ལུང་ཚད་མ་ལས། སྐྱེས་བུ་མི་བསླུ་མི་འཁྲུལ་བ། མངོན་སུམ་པ་དང་རྗེས་སུ་དཔག ཅེས་གསུངས་པའི་ལུང་ལ་བརྟེན་ནས་དེ་ལྟར་འགྲེལ་ཞིང་། ཟིན་མཚམས་ཀྱང་དེ་ལྟར་བྱས་པ་མཐོང་། ཡང་འགྲེལ་བྱེད་པ་ཁ་ཅིག་གིས། ཚད་མ་དྲུག་བྱ་བ། རྒྱལ་བའི་བཀའ་ཚད་མ་དང། འཕགས་པའི་ལུང་ཚད་མ། དོན་དམ་མཐར་ཐུག་གི་ཚད་མ། རིག་པ་ཚད་མ། མངོན་སུམ་ཚད་མ། རྗེས་དཔག་ཚད་མ་དང་དྲུག་ལ་ངོས་འཛིན་དགོས་པའི་དམ་བཅའ་མཛད། སྐྱེས་བུ་ཚད་མ་དེའི་ཁོངས་སུ་མི་གཏོགས་ཟེར། ཚད་མའི་ཐ་སྙད་ཀྱིས་བརྒྱན་པ་ཐམས་ཅད་དེའི་ཁོངས་སུ་འདུ་བའི་ངེས་པ་མེད། དེ་ལྟར་ན་གཏན་ཚིགས་ཚད་མ་ཡང་ཚད་མ་དྲུག་གི་ཁོངས་སུ་འདུ་བར་འགྱུར་རོ་ཞེས་སྐད་གསང་མཐོན་པོས་སྒྲོགས་པར་བྱེད་དོ།
གང་ལྟར་ལུགས་གཉིས་ཀས་ཀུན་སློང་རྣམ་པར་དག་པས་དགག་བཞག་སྤོང་གསུམ་གྱི་ལས་ལ་ཞུགས་པ་འདི་ཉིད། གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེའི་མཛེས་རྒྱན་དུ་གྱུར་ཞིང་ལེགས་པར་མཐོང་ན་ཡང་། དོན་དངོས་ཚད་མ་དྲུག་བྱ་བ་གང་ཞིག་ཡིན་མིན་རྒྱལ་འཕགས་བླ་མའི་བཀའ་ལུང་དཔང་དུ་བཞག་ནས། ཁོ་ཐག་ཆོད་པ་བྱ་རྒྱུ་དེ་ཡང་གལ་ཆེན་ཞིག་ཆགས་ཡོད། དེས་ན་ཚད་མ་དྲུག་པོ་འདི་ཡིན་ཞེས་ངོས་འཛིན་པར་བྱེད་པ་ལ། དང་ཐོག་ཚད་མ་དྲུག་གི་སྐོར་ལེའུ་གང་དང་གང་གི་སྐབས་སུ་གསལ་བར་འགྱུར་མིན་ལ་བརྟགས་པ་གལ་ཆེ། ཀུན་བཏུས་ལེའུ་བརྒྱད་ཀྱི་ནང་ནས་ལེའུ་གཉིས་པ་དང་གསུམ་པ་བཞི་པ་ལྔ་པ་བཅས་ལ་རྟོག་དཔྱོད་ཚུལ་བཞིན་གནང་ན། ཚད་མ་དྲུག་གང་ཞིག་ཡིན་མིན་ངོས་འཛིན་གསལ་པོ་བྱ་ཐུབ་པའི་གདེངས་སྤོབས་ཆེ།
ཀུན་བཏུས་ལེའུ་གཉིས་པའི་འཇུག་རྩོམ་ལས། གཞལ་བྱའི་ཡུལ་ལ་འཇལ་བྱེད་ཚད་མ་ནི། ངེས་བྱ་བཀའ་དང་དཔང་འགྱུར་ལུང་གི་དོན། རིག་པ་མངོན་སུམ་རྗེས་དཔག་རྣམ་དྲུག་གིས། དེ་དོན་ཉམས་སུ་མྱོང་བ་བསྐྱེད་པར་འགྱུར། ཞེས་པ་འདི་ཉིད་བོན་གྱི་སྤྱན་ལྡན་ཆེན་པོས་གསལ་བར་གསུངས་པའི་ཚད་མ་དྲུག་ངོས་འཛིན་གྱི་རྩ་བའི་སྡོམ་ཚིག་གི་འཆིང་ཆེན་པོ་ཡིན་པས། དེ་ཉིད་ཡལ་བར་མི་དོར་བར་དཔྱད་པའི་གཞི་རྐང་འཛིན་དགོས་པ་གལ་ཆེན་ཞིག་ཏུ་མཐོང་། ངེས་བྱ་བཀའ་དང་ཞེས་པས། ཚད་མ་དྲུག་གི་དང་པོ་རྒྱལ་བའི་བཀའ་ཚད་མ་སྟེ། ཐམས་ཅད་མཁྱེན་པའི་བདག་རྐྱེན་ལས་གསུང་ཞིང་རིགས་པའི་བསྟན་ངག་གིས་དབེན་པའི་མི་བསླུ་རྟོགས་པའི་བོན་གསུམ་ལྡན་དེ་ཉིད་བསྟན་པ་ཡིན་ནོ། གཉིས་པ་དཔང་འགྱུར་ལུང་ཞེས་པས། ཚད་མ་དྲུག་གི་གཉིས་པ་འཕགས་པའི་ལུང་ཚད་མ་སྟེ། རྒྱལ་བས་གསུངས་པས་གཏན་ཚིགས་སུ་ཆེ་ཞིང་དཔང་པོ་ཐུབ་པ་སྟེ། དྲང་ན་རང་རྒྱུད་ཚིམ་ཞིང་རང་ལ་ངེས་ཤེས་སྐྱེད་པར་བྱེད་པ་དང་། ཕ་རོལ་པོའི་ཐེ་ཚོམ་ཟློག་པར་བྱེད་པའི་མི་བསླུ་རྟོགས་པའི་བོན་སུམ་ལྡན་དེ་ཉིད་བསྟན་པ་ཡིན་ནོ། །
གསུམ་པ་དཔང་འགྱུར་ལུང་གི་དོན་ཞེས་པས། ཚད་མ་དྲུག་གི་གསུམ་པ་དོན་དམ་མཐར་ཐུག་གི་ཚད་མ་སྟེ། ཡུལ་གྱི་སྒོ་ནས་དོན་དམ་མངོན་སུམ་དུ་འཇོག་པའི་ཚད་མ་དམ་པ་དེ་ཉིད་བསྟན་པ་ཡིན་ནོ། དཔང་འགྱུར་ལུང་གི་དོན་ཞེས་པ་འདི་དང། གལ་མདོ་ལས་མངོན་གསུམ་དབང་པོ་ཡིད་དང་རིག་པ་དོན་ཞེས་པའི་སྐབས་ནས་བསྟན་པའི་དོན་གཉིས་པོ་གཅིག་ལ་འཇོག་དགོས་པ་ཡིན་ནོ། བཞི་པ་རིག་པ་ཞེས་པས། མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་གཉིས་ཀྱི་དབྱེ་གཞིར་གྱུར་པའི་ཚད་མ་བཞི་པ་རིག་པ་ཚད་མ་སྟེ། རང་གི་གཞལ་བྱ་འཇལ་བར་བྱེད་པའི་མི་བསླུ་རྟོགས་པའི་བོན་གསུམ་ལྡན་དེ་བསྟན་པ་ཡིན་ནོ། ལྔ་པ་མངོན་སུམ་ཞེས་པས། ཚད་མ་དྲུག་གི་ལྔ་པ་མངོན་སུམ་ཚད་མ་སྟེ། རྟོགས་པར་བྱ་བའི་ཡུལ་གཞལ་བྱ་མངོན་འགྱུར་འཇལ་བར་བྱེད་པའི་མི་བསླུ་རྟོགས་པའི་བོན་སུམ་ལྡན་དེ་ཉིད་བསྟན་པ་ཡིན་ནོ། དྲུག་པ་རྗེས་དཔག་ཞེས་པས། ཚད་མ་དྲུག་པ་རྗེས་དཔག་ཚད་མ་སྟེ། རྟོགས་པར་བྱ་བའི་གཞལ་བྱ་ལྐོག་འགྱུར་འཇལ་བར་བྱེད་པའི་མི་བསླུ་རྟོགས་པའི་བོན་གསུམ་ལྡན་དེ་ཉིད་བསྟན་པ་ཡིན་ནོ།
དོན་དམ་མཐར་ཐུག་གི་ཚད་མ་མངོན་སུམ་ཚད་མ་ཡིན་བཞིན་དུ། ཚད་མ་དྲུག་གི་ཁོངས་ནས་གསུམ་པར་འཇོག་སྟེ་དམིགས་སུ་བཀར་ནས་བསྟན་དགོས་པའི་དོན་གང་ཡིན་ཞེ་ན། ཚད་མའི་རྣམ་བཞག་དེ་དག ཐམས་ཅད་མཁྱེན་པས། བདེ་ལེགས་དང་བདེ་ལེགས་ཆེན་པོའི་གོ་འཕང་ཐོབ་བྱེད་དུ་གསུངས་པ་ཡིན་ལ། བདེ་ལེགས་ཆེན་པོའི་གོ་འཕང་ཐོབ་པར་བྱེད་པ་ལ། རྟོགས་བྱའི་དམ་པ་ཟབ་མོ་དོན་དམ་པའི་བདེན་པ་དེ་ཉིད་ཡིན་ཞིང་། ཉམས་ལེན་གྱི་མཆོག་ཏུ་གྱུར་པ་རྣལ་འབྱོར་གྱི་ཚད་མ་ཡིན་པས་ན། དམིགས་སུ་བཀར་ནས་འཇོག་པར་བྱེད་པ་ཡིན་ནོ། ལུང་ཚད་མ་ལས། གནས་སྐབས་མངོན་སུམ་རང་རིག་ལ། རྣལ་འབྱོར་མངོན་སུམ་མཐར་ཐུག་གོ། ཞེས་གསུངས་པའི་རྗེས་སུ་འབྲང་ངོ་། དེས་ན་ཁོ་བོ་ནི་ལུགས་གོང་འོག་གཉིས་སུ་ཡོད་པའི་ནང་ནས། ལུགས་འོག་མའི་མཐའ་དཔྱོད་དེ་ཉིད་ལ་ལུང་རིགས་ཀྱི་རྒྱུ་མཚན་མང་བར་མཐོང་བས། གུས་པས་དགའ་དད་སྤྲོ་གསུམ་གྱི་ངང་ནས་རིགས་སྨྲའི་བུ་རྒོད་རྣམས་ལ་སྙིང་ཐག་པ་ནས་བསྔགས་བརྗོད་གྲངས་མེད་ཞུའོ། །
(བོན་པོ་ལགས་ཀྱིས་མཚམས་སྦྱོར་བྱས།)
དཔལ་ལྡན་ཁ་བརྡ་ཚང་ལ་སྙིང་ནས་སྐུ་དྲིན་ཆེ་ཞུ། ཁ་བརྡ་དྲྭ་བ་ཡུན་དུ་བརྟན་པའི་བཀྲ་ཤིས་སྨོན་ལམ་འདེབས། །
བོན་པོ་ལགས་ཀྱིས་འདི་ངོ་མོ་ཡག་པོ་ཞིག་བྲིས་འདུག གླེང་སྟེགས་འདིས་བོད་སྐད་སྲུང་སྐྱོོབ་ཆེད་ལས་དོན་ཆེན་པོ་ཞིག་སྒྲུབ་པར་ཡིད་རེ་དགའ།
བོན་གྱི་མཁས་པ་ཚོ། དགེ་ལུགས་པའི་གྲྭ་སར་ཕེབས་མྱོང་བ་འདྲ།
ཚད་མ་དྲུག་ཟེར་བ་དེ་ཐུན་མོང་མ་ཡིན་པ་ཞིག་རེད་
དགེ་བཤེས་ཉི་མ་དོན་འགྲུབ་ཀྱིས་གནང་སྟངས་འདི་ཡག་པོ་རེད། ཕན་ཚུན་ཁ་གཏོང་རེས་བྱས་ནས་བསྡད་པ་ལས་ཕར་ཕྱོགས་ཚུར་ཕྱོགས་གཉིས་ཀའི་གཞུང་ལུགས་ལ་བརྟག་དཔྱོད་བྱེད་ན་ཡག་པོ་རེད། བོན་པོའི་གྲིབ་ནག་ཕོག་ནའང་གནོད་ཀྱི་རེད་ཟེར་ནས་རྒྱང་རིང་དུ་བསྡད་མཁན་བན་དེ་བ་ཚོས་དགེ་བཤེས་ཉི་མ་དོན་འགྲིག་ལ་སློབ་སྦྱོང་བྱོས།
ཀུན་བཏུས་ལེའུ་གཉིས་པའི་འཇུག་རྩོམ་ལས། གཞལ་བྱའི་ཡུལ་ལ་འཇལ་བྱེད་ཚད་མ་ནི། ངེས་བྱ་བཀའ་དང་དཔང་འགྱུར་ལུང་གི་དོན། རིག་པ་མངོན་སུམ་རྗེས་དཔག་རྣམ་དྲུག་གིས། དེ་དོན་ཉམས་སུ་མྱོང་བ་བསྐྱེད་པར་འགྱུར།་་་་ཞེས་པའི་སྐབས་སུ་ཚད་མ་ལ་དབྱེ་བ་དྲུག་ཕྱེས་པ་མ་རེད་བསམས་ཀྱི་འདུག
དབང་ཤེས་ལྔ་དང་ཡིད་ཤེས་གཅིག་སྡོམ་པའི་དྲུག་བསྟན་འདུག་པར་འདོད། མ་གཏོགས་ཚད་མ་ལ་མངོན་སུམ་དང་རྗེས་དཔག་གཉིས་གང་གི་ཁུངས་སུ་མ་གཏོགས་པའི་ཚད་མ་ཞིག་ཡོད་ན་རིགས་པ་དང་འགལ་འོང་ངེས་རེད།
སྤྱིའི་ཆ་ནས་དབང་ཤེས་ལྔ་དང་ཡིད་ཤེས་བཅས་དྲུག་དབྱེ་སྲོལ་ཡོད་ཀྱང་འདི་དག་དྲུག་པོ་ཡི་ཁུངས་ཀྱི་ཚད་མ་ཡིན་ན་མངོན་རྗེད་གང་རུང་ཡིན་པའི་ཁྱབ་པ་རེད།
དམ་པ་དགེ་ཆོས་ཀྱིས།
།ཚོགས་དྲུག་སྣང་བ་ཡུལ་གྱི་མེ་ཏོག་གི་ཐང་དུ། །གཏད་མེད་རིག་པའི་བུ་ཆུང་ཕར་ཕར་ལ་འཁྱམས་པས། །དོན་ཆེན་གནས་ལ་སེམས་པའི་དྲན་འདུན་གྱི་ལམ་སྲོལ། །ད་ལྟ་རྗེས་མེད་བོར་བའི་སྣང་ཚུལ་འདི་སྐྱོ་བ།་་་་ཞེས་གསུངས་ཡོད།
སྤྱིའི་ཆ་ནས་བན་དེ་བའི་གཞུང་ལུགས་ཁག་གི་ནང་དུའང་མིག་ཤེས། རྣ་ཤེས། སྣ་ཤེས། ལྕེ་ཤེས། ལུས་ཤེས། ཡིད་ཤེས་དྲུག་དབྱེ་བ་ཕྱེས་ཡོད། མ་གཏོགས་ཚད་མ་ལ་དབྱེ་བ་དྲུག་ཕྱེས་མེད། གལ་སྲིད་ཚད་མ་ལ་དབྱེ་བ་དྲུག་ཕྱེས་ན་གཏན་ཚིགས་རིག་པ་དང་འགལ་བའི་གྲུབ་མཐའ་རེད་འདོད་དོ།
བན་དེས་ཆོས་རྒྱལ་མེས་དབོན་རྣམས་གསུམ་དེ་མེས་པོ་ནང་ནས་བཀའ་དྲིན་ཆེ་བའམ་གཙོ་ཆེ་སུ་འདོད། བོན་པོས་རྒྱལ་པོ་གླང་དར་ལ་བཀའ་དྲིན་ཆེབའམ་གཙོ་ཆེ་སུ་འདོད། དེ་བཞིན་རྫོགས་ཆེན། བཀའ་འགྱུར། བསྟན་འགྱུར། འདུལ་བ། མདོ་སྡེ། མངོན་པ། ཚད་མ་སོགས་ཐ་སྙད་འདྲ་འདྲ་མང་ཡང་དོན་ལ་ནི་སྟོན་པ་སོ་སོ་རེད། བན་དེས་མདོ་སྔགས་གཉིས་ཀྱི་སྟོན་པའི་བདག་པོ་དེ་བཅོམ་ལྡན་འདས་དང་གུ་རུ་རིན་པོ་ཆེ། བོན་པོས་སྟོན་པ་གཤེན་རབས་སྟེ་བསྟན་པ་འདོད་ཚུལ་འདྲ་ཡང་སྟོན་པ་འདོད་ཚུལ་ནི་ཁག་ཁག་སོ་སོ་རེད། དེས་ན་ཆགས་སྡང་གི་ཚད་མ་མི་རྩོད་པར་རང་རང་གི་སྟོན་པའི་གསུང་ཚད་མ་གཅིག་ཡིན་ཀྱང་རྒྱུན་གྱི་ཉམས་ལེན་ལ་ཁྱེར་ཨེ་ཐུབ་ལྟོས་དང་ཁེ་ཕན་མི་ཆེའམ།
རྩོམ་ཡིག་འདིར་ཚད་མ་དྲུག་གི་སྐོར་ལ་འགྲེལ་བརྗོད་ལེགས་པར་གནང་ཟིན་འདུག་པས་དེར་ཞིབ་གཟིགས་གནང་ན་དེ་དོན་རྟོགས་པར་ངེས། འདིར་རྣམ་ཤེས་ཚོགས་བརྒྱད་དང་ཚོགས་དྲུག་བཤད་པའི་སྐབས་ཨ་ཡིན་ན། སྤྱི་སྟངས་རྒྱལ་བའི་བཀའ་ཚད་མ་ཞེས་པ་དང་འཕགས་པའི་ལུང་ཚད་མ་ཞེས་པ་དེ་དག་ཀྱང་། རང་གི་རྒྱུད་ཐོག་གམ་རིག་པ་ཚད་མའི་ངོར་། བཀའ་ལུང་ལ་རང་གི་ཐོས་བསམ་སྒོམ་གསུམ་གྱིས་དྲངས་བའི་ངེས་ཤེས་ཚད་མ་ཡང་དག་པར་བརྙེད་ནས། རང་གི་རིག་པ་ཚད་མའི་ངོར་གཏན་ལ་འབེབ་དགོས་པར་སེམས། དེས་ལྟར་གནང་ཐུབ་ན་གང་ཟག་གཅིག་གི་རང་གི་རྒྱུད་ཐོག་ཏུ་ཚད་གསུམ་ཟུང་དུ་འབྲེལ་ཞེས་པ་དེ་ཡང་དག་པར་འབྲེལ་ཐུབ་པར་སེམས་སོ། རྒྱུ་མཚན་དེ་ལ་བརྟེན་ནས་གོང་གི་ལུང་ཚིག་དེར་་་ངེས་བྱ་བཀའ་དང་་་དཔང་འགྱུར་ལུང་་་གི་དོན། ཞེས་བྱུང་བར་སྙམ་མོ། །
ནུབ་ཕྱོགས་གངས་ཕྲུག་ལགས།
འདི་ནི་དུས་རབས་བཅུ་གཉིས་པའི་ནང་དུ་བྱུང་བའི་བོན་གྱི་ཚད་མའི་གཞུང་ལུགས་ཅིག་གི་སྐོར་ལ་དཔྱད་པའི་གཏམ་རེད།
མ་འོངས་པར་ཁྱེད་རང་ཚོ་གནས་བསྐོར་ལ་ཕེབས་ན། བོན་གྱི་གདན་ས་གཡས་རུ་དབེན་ས་ཁ་དང་། བན་དེའི་གདན་ས་གསང་ཕུ་ནེའུ་ཐོག་གཉིས་ལའང་ངེས་པར་ཕེབས་རོགས། །
དྲ་གྲོགས་བོན་པོ་ལགས། བོན་པོའི་ཚད་མ་རྣམ་འགྲེལ་གྱི་གཞུང་ལུགས་ཁག་ལ་རང་ངོས་ནས་སློབ་སྦྱོང་བྱས་ཀྱི་མ་བྱུང་བའི་བློ་ཕམ་ཆེན་པོ་ཡོད། ངས་བན་དེ་བའི་ཚད་མའི་གཞུང་ལུགས་ལ་སློབ་སྦྱོང་ཏོག་ཙམ་བྱས་མྱངས་ཡོད། སྐབས་དེ་དུས་བོན་གྱི་དཔེ་ཆ་ལ་བལྟ་ཡ་རེག་ཡོད་ན་ཕན་ཐོགས་ཆེན་པོ་ཡོད་ངེས་རེད།
གོང་དུ་ལུང་དྲངས་པའི་ནང་་་་རིག་པ་མངོན་སུམ་རྗེས་དཔག་རྣམ་དྲུག་གིས་་་་ཅེས་པའི་སྐབས་སུ་་རྣམ་དྲུག་ཅེས་གསུངས་འདུག་པ་ལས་རྣམས་དྲུག་ཅེས་གསུངས་མི་འདུག རྣམ་དྲུག་ཅེས་པའི་སྐབས་སུ་རྣམ་ཤེས་དྲུག་བཤད་ཀྱི་འདུག རིག་པ་བཤད་ཀྱི་འདུག
བཀའ་ཚད་མ་དང་ལུང་ཚད་མ། སྐྱེ་བོ་ཚད་མ་ཞེས་པའི་སྐབས་སུ་་་་སླུ་བ་མེད་པའི་བཀའ་དང་སླུ་བ་མེད་པའི་ལུང། སླུ་བ་མེད་པའི་སྐྱེ་བོ་ཅེས་བསྟན་གྱི་ཡོད། གསལ་ཞིང་མི་སླུ་བའི་རིག་པ། ཚད་མའི་མཚན་ཉིད་འཇོག་གི་རེད། དཔེར་ན། མི་རྟག་པ་རྟོགས་པའི་བློ་ལྟ་བུ་རེད།
བཀའ་ཚད་མ་ཡོད་ཀྱང་བཀའ་ཚད་མ་དེ་ཉིད་ཚད་མ་མ་རེད། དེར་ཐལ། ཤེས་པ་མ་ཡིན་པའི་ཕྱིར། དེར་ཐལ། སྒྲ་ཡིན་པའི་ཕྱིར།
ང་ཚོས་མཐོང་མི་ཐུབ་པའི་འགྲོ་བ་རིགས་དྲུག་གི་རྒྱུད་ཀྱི་ཚད་མའི་སྐོར་མི་བཤད། འགྲོ་བ་མིའི་རྒྱུད་ཀྱི་ཚད་མ་བཤད། འགྲོ་བ་མིའི་རྒྱུད་ཀྱི་བློ་རིག་གི་རྣམ་བཞག་བཤད། འགྲོ་བ་མིའི་རྒྱུད་ལ་ཞེན་ཡུལ་རྟོགས་པའི་ཚད་མ་ལ་མངོན་སུམ་དང་རྗེས་དཔག་གཉིས་མ་གཏོགས་འོང་ཤེས་ཡ་ཁོ་རང་མེད། མངོན་སུམ་དང་རྗེས་དཔག་གང་ཡང་མིན་པའི་ཞེན་ཡུལ་རྟོགས་པའི་ཚད་མ་ཞིག་འཇོག་ཐུབ་ཐབས་རྩ་བ་ནས་མེད་པར་འདོད་ཀྱི་ཡོད། ངས་བལྟས་ན་འགྲོ་བ་མིའི་རྒྱུད་ལ་མངོན་སུམ་དང་རྗེས་དཔག་གང་ཡང་མིན་པའི་རྣམ་ཤེས་ཚད་མ་ཞིག་འཇོག་ན་ཚུལ་གསུམ་རིག་པས་གནོད་པ་ཡོང་ངེས་རེད།
བོན་གྱི་གཞུང་ལུགས་ཁག་ལ་འགྲེལ་ལོག་བརྒྱབ་ན་ཕན་ལས་གནོད་ཆེ་བ་ཡོད་པས་གསལ་ཁ་འདི་བཏོན་པ་ཡིན། ངས་ངོས་ཀྱང་གཏན་ཚིགས་རིག་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་གྱི་མིན།
ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་ཏེ་ཁྱོད་ཀྱི་གཞལ་བྱ་ལ་རང་མཚན་གཟུང་ཡུལ་དུ་བྱེད་པའི་རྟོག་བྱ་མངོན་འགྱུར་དང་སྤྱི་མཚན་གཟུང་ཡུལ་དུ་བྱེད་པའི་རྟོག་བྱ་ལྐོག་འགྱུར་གཉིས་སུ་གྲངས་ངེས་པའི་ཕྱིར་ཞེས་གསུངས་པལྟར་རང་ལུགས་ལ་ཚད་མ་ལ་གཉིས་སུ་འདོད། ཚད་མ་ཡིན་ན་ཤེས་པ་ཡིན་པའི་ཁྱབ་སྟེ་གསར་དུ་མི་བསླུ་བའི་རིག་པ་ཞིག་ཡིན་དགོས་པའི་ཕྱིར། ལུང་ཚད་མ་སྐྱེས་བུ་ཚད་མ་སོགས་ནི་འདི་ནས་བཤད་པའི་ཚད་མ་ཡིན་ཏེ་ཤེས་པ་མ་ཡིན་པའི་ཕྱིར་རོ།
དེ་ལྟ་བུ་ཚད་མའི་དབྱེ་བ་ཕྱེས་ན་དྲུག་ལས་མང་བ་གྱུར་བའི་སྐྱོན་ཡོད་དོ།
ཀུན་བཏུས་ལེའུ་གཉིས་པའི་འཇུག་རྩོམ་ལས། གཞལ་བྱའི་ཡུལ་ལ་འཇལ་བྱེད་ཚད་མ་་་ནི། ངེས་བྱ་བཀའ་དང་དཔང་འགྱུར་ལུང་གི་དོན། རིག་པ་མངོན་སུམ་རྗེས་དཔག་རྣམ་དྲུག་་་གིས། དེ་དོན་ཉམས་སུ་མྱོང་བ་་་བསྐྱེད་་་པར་འགྱུར།
ཞེས་པའི་་་རྣམ་དྲུག་གིས་་་ཅེས་པ་ནི་གོང་དུ་བསྟན་པའི་ཚད་མ་རྣམ་པ་དྲུག་གམ་ཡང་ན་རྣམ་གྲངས་དྲུག་ལ་གོ་དགོས་པར་སྣང་། ནི་སྒྲས་ཚད་མ་དྲུག་ངེས་པར་བཟུང་ནས་་་་གིས་སྒྲས་ཚད་མ་དྲུག་གི་བྱེད་ལས་གང་ཡིན་བསྟན་པར་སེམས་སོ། །
བཀྲ་ཤིས་ལགས།
ཁྱེད་ཀྱིས། ༼བོན་པོས་རྒྱལ་པོ་གླང་དར་ལ་བཀའ་དྲིན་ཆེབའམ་གཙོ་ཆེ་སུ་འདོད།༽ ཟེར་བ་ནི་མ་བརྟག་བབ་ཅོལ་དུ་སྨྲས་པའི་གཏམ་ཁོ་ནར་ཟད་དོ། བོན་ལ་དམིགས་བསལ་བྱས་བཞག་པའི་ལོ་རྒྱུས་ནི་གང་ཡང་མཐོང་རྒྱུ་མེད། བཙན་པོ་ཁོང་ནི་བོད་སྤྱིའི་འཇིག་རྟེན་ལ་ཐུགས་ཁུར་ཆེ་བཞེས་གནང་མཁན་ཞིག་ཡིན་པ་ནི་ལོ་རྒྱུས་པ་མང་པོས་ཡང་ནས་ཡང་དུ་བསྔགས་པར་ཐོས། །
མཐོང་བ་མངོན་གྱུར་སྟོན་པ་ལ་མངོན་སུམ་ཚད་མས་གནོད་པ་མེད་པ།
མ་མཐོང་ལྐོག་གྱུར་སྟོན་པ་ལ་རྗེས་དཔག་ཚད་མས་གནོད་པ་མེད་པ།
ཤིན་ཏུ་ལྐོག་གྱུར་སྟོན་པ་ལ་ཡིད་ཆེས་རྗེས་དཔག་གིས་གནོད་པ་མེད་པ་ཞེས་གསུམ་ཡོད་བསམ་སོང་། འདིའི་ནང་གི་་་ཡིད་ཆེས་རྗེས་དཔག་་་དེ་ཚད་མ་ཡིན་ནམ་མིན། ཡིན་ན་ཡིན་ཚུལ་དང་མིན་ན་མིན་ཚུལ་འཇོག་ཐུབ་བམ། །
ཡིད་ཆེས་རྗེས་དཔག་ཚད་མ་ནི། ཚད་མ་ཡིན་དགོས། དཔེར་ན། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱི་བདེ། །ཞེས་པའི་ལུང་ཆོས་ཅན་། རང་གི་བསྟན་དོན་ལ་མི་སླུ་བ་ཡིན་ཏེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། ཞེས་པས་ལས་འབྲས་སོགས་གཞལ་བྱ་ཤིནད་ཏུ་ལྐོག་གྱུར་འཇལ་བྱེད་ཀྱི་རྟགས་ཡང་དག་ཅིག་ལ་བརྟེན་ནས་རང་བློར་རྗེས་དཔག་ཚད་མ་སྐྱེ་དགོས།
དྲྭ་གྲོགས་ཀརྡོ་རབ་འབྱམས་པ་ལགས་བཀའ་དྲིན་ཆེ་ཞུ། ལས་འབྲས་་ཤིནད་ཏུ་ལྐོག་གྱུར་ཡིན་སྟངས་ཁ་གསལ་པོ་ཞིག་གསུངས་རོགས་གནོངས།
སེང་ཕྲུག་བརྟན་པ་ལགས་།
ཁྱེད་ཀྱིས། ༼བོན་པོ་ལགས་ཀྱིས་འདི་ངོ་མོ་ཡག་པོ་ཞིག་བྲིས་འདུག གླེང་སྟེགས་འདིས་བོད་སྐད་སྲུང་སྐྱོོབ་ཆེད་ལས་དོན་ཆེན་པོ་ཞིག་སྒྲུབ་པར་ཡིད་རེ་དགའ།༽ གསུངས་གནང་བར་བཀའ་དྲིན་ཆེ་ཞུ། ཡིན་ནའང་བདག་རང་ནི་རྩོམ་པ་པོ་མིན་པས། ཁྱེད་ཀྱི་ལེགས་གསོལ་དེ་རྩོམ་པ་པོ་དངོས་སྨན་རིའི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་མཆོག་ལ་འབུལ་རོགས་གནོངས། བཀའ་དྲིན་ཆེ་ཞུ། །
Bonpo ལགས། བོན་པོ་ཉིད་ནས་གོང་དུ་རྒྱལ་པོ་གླང་དར་བོད་སྤྱི་ལ་ཐུགས་ཁུར་ཆེ་ཤོས་གནང་མཁན་ཞིག་ཡིན་པར་འདོད་པ་དེ་ག་རང་རྟགས་སུ་བཀོད་ཡོད། བབ་ཅོལ་དུ་གང་ཡང་སྨྲས་མེད་ཞུ་རྒྱུ་ཡིན།
ཞིབ་འཇུག་པ་བན་ཤུལ་དཔལ་མཁར་རྒྱལ་ལགས་ཀྱིས་བརྩམས་གནང་བའི་མདའ་གཞུ་ཁུར་བའི་དགེ་སློང་ཞེས་པའི་དཔྱད་རྩོམ་དེར་འདི་འདྲ་ཞིག་ཐ་ཚིག་དུ་བསྒྲགས་གནང་འདུག །
༼ཡིན་ནའང་རྒྱལ་རབས་ལོ་རྒྱུས་རྣམས་སུ་རྒྱལ་བོ་བཀྲོངས་བའི་གནས་ཚུལ་བྱུང་ཡོད་པ་དེར་ཡ་མཚར་བ་གང་ཡང་མེད་ཀྱང་བོད་རྒྱལ་བཀྲོངས་བའི་ཕྱིས་ཀྱི་བོད་ཁམས་ཀྱི་གནས་ཚུལ་ལ་བསམ་བློ་ཁྱོན་ནས་གཏོང་མ་ཐུབ་པའམ་དེའི་སྐོར་གྱི་འཆར་གཞི་གང་ཡང་མེད་པ་དེ་ནི་སྐབས་དེའི་རྒྱ་གར་དང་བོད་ཀྱི་སེར་མོ་བ་ཆབ་སྲིད་ལ་མིག་རྒྱང་ཐུངས་བ་དག་གིས་མཉམ་སྦྲེལ་བྱས་ནས་བཟོས་པའི་ལོ་རྒྱུས་ཀྱི་ནག་ཉེས་ཚབས་ཆེན་ཡིན་པ་མགྲིན་པ་གཟེངས་སུ་གཏོད་ནས་བཤད་ཆོག་པ་ཡིན།༽
ངས་ཐོས་ཅེས་བྲིས་ཡོད་པས་ཐོས་སྟངས་འདི་འདྲ་ཡིན་ལགས། ད་དུང་འདི་འདྲ་བ་མང་པོ་ཡོད་ཀྱི་རེད། སྐད་ཅ་འདི་ཚོ་ནི་འུ་ནག་པོ་ཐུག་ནས་སྡུག་སྐད་ཤོར་སོང་བ་དེ་འདྲ་ཡིན་ས་རེད། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བོད་ཀྱི་གཞོན་ནུ་ཚོ་ལ་སྙིང་རྗེ་ཟེར་བ་དེ་ཡོད་ན་བསྐྱེད་དགོས་ས་རེད་དོ། །
སྐྱེ་བ་སྔ་ཕྱི་དང་། ལས་བཟང་ངན་གྱི་འབྲས་བུ་བཟང་ངན་གྲུབ་སྟངས་འདི་ཚོ་ཤིནད་ཏུ་ལྐོག་འགྱུར་ཁོངས་སུ་གཏོགས་པ་རེད། ལས་འབྲས་ཤིནད་ཏུ་ལྐོག་འགྱུར་དང་། སྟོང་ཉིད་དམ། བདག་མེད་པ་འདི་ཅུང་ཟད་ལྐོག་འགྱུར་རེད། དེས་ན། འཕགས་པ་ལྷས་བཞི་བརྒྱ་པར། བདེ་བར་གཤེགས་པས་ཤིནད་ཏུ་རྟོགས་དཀའ་བ་ཅིག་གསུངས་ཡོད་ན། དེ་མ་རྟོགས་བར་རེ་ཞིག་བདེ་བར་གཤེགས་པས་གསུངས་པའི་་སྟོང་ཉིད་དེ་རིགས་པས་བསྒྲུབས་པ་འདི་ཉིད་ལ་ཡིད་ཆེས་བྱས་ནས་སྡོད་ཅེས་གསུངས་ཡོད་རེད།
རང་ཤག་གི་དཔེ་མཛོད་ནང་གི་བཞི་བརྒྱ་པ་དེ་ཡང་རྙེད་མ་སོང་། ཚིགས་སུ་བཅད་པ་དེ་ཡང་བློ་ཡུལ་ནས་བརྗེད་ངེས་རྐུན་པོས་འཁྱེར་ཚར་འདུག ད་དུང་དེ་རིང་ཧང་གྷ་རིའི་་རྒྱལ་སའི་ནང་ལ་ marathon མ་ར་ཏོན་རྒྱུགས་ཤར་གློད་ཡ་ཡིན་པས། དེར་གྲ་སྒྲིག་དང་ཚ་གེ་ཚི་གེ་བྱས་ནས་བསྡ་ཡོད། ལན་འདེབས་རྒྱས་པར་དགོས་ན་རྗེས་སུ་ཕུལ་ཆོག
བཀྲིས་འདེ་ལེགས་ཆོས་གྲོགས་བོན་པོ་ལགས། ཁྱོད་ཀྱིས་ངས་དགའ་བསུ་ཞུས་པར་ངོ་ལེན་ཕྱེད་ཙམ་གནང་ནས་སྣང་མེད་ཀྱི་ཆུའི་ནང་བསྐྱར་བ་འདིས་ང་ལ་ཡིད་སྐྱོའི་ཚོར་སྡུག་དྲག་པོ་ཞིག་སྟེར་བྱུང་། སྐྱོ་བའི་ངང་ལུས་སོང་།
ཁྱེད་ཀྱིས་གོང་དུ་རྒྱལ་པོ་བཀྲོངས་པ་འདིས་བྱས་པར་བརྟེན་ད་ལྟ་བོད་དང་བོད་མི་ཚོ་གནས་སྟངས་སྐྱོ་བོ་དེ་འདྲའི་ནང་ཡོད་པ་ལྟ་བུ་ཞིག་གསུངས་འདུག་སྙམ། དེ་དག་གསུང་དགོས་དོན་གང་ཡིན་ནམ། དཔེར་ན་རྒྱལ་རབས་ལོ་རྒྱུད་ནང་ལྟར་བྱས་ན་གལ་སྲིད་རྒྱལ་པོ་བཀྲོངས་མེད་ན རྒྱལ་པོས་ནང་ཆོས་དང་ནང་པ་རྩ་མེད་དུ་བཏང་ཚར་ཡོད་པ་སྨོས་མ་དགོས་པ་རེད། འོན་ཀྱང་ཆོས་གཞན་ཞིག་ཏན་ཏན་དར་ནས་གནས་ཡོད་ངེས་རེད། ཆོས་ལུགས་དེ་གང་རེད་གཅིག་གསུང་དང་། ཏན་ཏན་ཁྱེད་རང་ལ་གསུང་ཡ་ཡོད་རེད། ཤིན་ཏུ་ལྐོག་འགྱུར་གྱི་གཞལ་བྱ་མ་རེད། ངས་ནང་པ་དར་ན་ཡག་པོ་རེད་ཆོས་གཞན་དར་ན་ཡག་པོ་མེ་རེད་ལབ་ཀྱི་མེད། གང་དར་ན་བོད་ཀྱི་སེམས་ཅན་གྱི་ལས་དང་སྨོན་ལམ་ལ་བརྟེན་པའི་ཆོས་ཤིག་དར་གནས་སུ་ཡོད་ངེས་རེད། དེར་ནང་པ་སངས་རྒྱས་གཅིག་པུ་མ་རེད་བོན་པོ་དང་། ཁ་ཕྱི་དང་། ཕྱིས་སུ་དར་བའི་ཡི་ཤུ་སོགས་ཡོད་རེད། དེ་ཚོར་ངས་རང་སོའི་ཁམས་དང་མོས་པར་འཚམ་པའི་ཆོས་ཡང་དག་ཞིག་ཏུ་ངོས་འཛིན་ཞུ་ཡི་ཡོད། འདི་བདེན་པ་ཡིན་མ་གཏོགས་ངོ་སྲུང་དགོས་སོགས་ཀྱི་ཆེད་མིན། ད་ང་ཚོས་འབྱུང་འགྱུར་བོད་ཀྱི་སྐོར་ལ་བགྲོ་གླེང་བྱེད། དེ་འཆམ་མཐུན་གྱི་རྒྱལ་ཁབ་བཟང་པོ་ཞིག་ཏུ་གྱུར་ཐབས་གང་དང་གང་འདུག དེ་དག་ལག་བསྟར་གང་འདྲ་བྱ་དགོས་མིན་སོགས་ལ་ཐུགས་བསམ་བཞེས། གཞོན་ནུ་ཆོར་བསྐུལ། དེ་འདྲ་གནང་བ་ཡིན་ན་བོད་ཅེས་ཁྱིམ་བཟང་པོ་ཞིག་ཏུ་གྱུར་ནས་ཐམས་ཅད་བདེ་བར་འཚོ། རང་སོས་དགའ་དད་གང་འདོད་ཀྱི་དཔལ་ལ་སྤྱོད་ནས་ཡོད་ན་སྐྱིད་པ་ཨ། མཚན་ཉིད་རིག་ཟེར་ན། ཚན་རིག་ཟེར་ན། གནའ་བོའི་རིག་པ་ཟེར་ན། དེང་དུས་རིག་ཟེར་ན། ཐམས་ཅད་བདེ་བ་འཚོལ་བའི་ཐབས་ལམ་ལྟ་བུར་ངོས་འཛིན་ཞུ་ཡི་ཡོད། དཔེར་ན་ཕ་མ་གཅིག་པའི་སྤུན་ལྟ་བུ་སོ་སོའི་ལྟ་བ་ཆོས་ལུགས་སོགས་ཁ་ཁ་ཡིན་དེས་རྐྱེན་གྱི་སྐབས་རེ་ཕན་ཚུན་རྩོད་ཀྱི་ཡོད་ནའང་ཚང་མ་མཉམ་དུ་འཛོམས་བྱམས་བརྩེ་ངང་གནས། གཅིག་གིས་གཅིག་ལ་རོགས་བྱེད། དེ་ལྟ་བུའི་ངང་གནས་ཐུབ་པ་བྱུང་ན་འཇིག་རྟེན་འདིའི་སྟེང་རྒྱལ་ཁབ་གཅིག་གི་མཐར་ཐུག་སྒྲུབ་བྱ་འདི་རེད།
ལོ་རྒྱུས་སོགས་གང་ལ་རྩོད་ཞིབ་གནང་བ་ཡིན་ན་ཕྱོགས་ཞེན་ཀྱི་མ་ལྷད་དགོས་རྒྱུ་འདི་གལ་ཆེན་པོ་ཞིག་ཆག་བསྡད་ཡོད། ཆོས་དང་འཇིག་རྟེན་གང་ལའང་དྲང་བདེན་ལས་གལ་ཆེ་བའི་དོན་གཞན་ཞིག་སྟབས་ཚང་མས་གཟབ་གཟབ་གནང་རོགས།
བསམ་ཚུལ་ཡིན་་་་་དོན་སྟོང་བསམ་ཆུར་བསྐྱུར་་་་དོན་ཅན་མཐོང་ན་བསམ་བློ་ཐོངས།།།།།།།།།
སེང་ཕྲུག་བརྟན་པས་ལྷག་བསམ་དཀྲུགས་པ་ལས་ཐོན་པའི་སྙིང་གཏམ་བདུད་རྩིའི་ཉིང་ཁུ།
དོན་གཞན་ཞིག་མེད་སྟབས་་་་་ནོར་བཅོས
ཐུའུ་ཀན་གྱིས་བོན་གྱི་གྲུབ་མཐའ་གླེང་པའི་སྐབས་སུ།
༼ བོད་ཡུལ་མུན་པར་དམ་ཆོས་ཉི་མའི་འོད། འཆར་བའི་ལམ་ཡངས་འཆའ་བར་གཤེན་ལུགས་ཀྱི། སྐྱ་རེངས་ཕོ་ཉ་སྔོན་དུ་འོངས་པ་ལ། བོན་ཞེས་གྲགས་པའི་གྲུབ་མཐའི་བྱུང་བ་གླེང༌། ༽
ཞེས་གསུངས་ཡོད་ཚུལ་ཞིག་འདུག་པས་བོན་དང་ནང་པ་ཟེར་ནས་ཁག་ཁག་ཞེ་བོ་ཕྱེ་མཁན་ཚོས་འདི་ལ་འགྲེལ་བཤད་ག་འདྲ་རྒྱག་རྒྱུ་ཡིན་ནམ་ལགས། །
འདི་ནང་བོན་ནང་པ་ཡིན་མིན་གྱི་གང་ཡང་གསལ་བའི་ཟུར་ཚིག་ཙམ་ཡང་མིན་འདུག ཡོད་ན་ཁྱེད་ཀྱི་ཟུར་སྟོན་ཞིག་གནང་བར་དགའ་བསུ་ཞུ།
འདིར་ནང་པ་ཞེས་པ་འདི་སྟོན་པ་ཤཱཀྱ་ཐུབ་པའི་ཆོས་ལུགས་ནང་པ་ཞེས་ཐ་སྙད་ཀྱིས་བརྒྱན་པའི་ནང་པ་དེར་གོ་དགོས། དཔེར་ན་རེ་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་སྟེ་རྟོག་ཡུལ་ཡོད་པའི་ཕྱིར། འཇིག་རྟེན་གྱི་གྲགས་པ་དང་བསྟུན་ནས་འཇོག་དགོས་མ་གཏོགས་སུག་ལག་བཞི་བ་ལའང་འདུག་དེ་ལ་རྟ་ཞེས་བརྗོད་མི་ཆོག་པ་གང་རེད་ཟེར་ན་དྲི་བ་དེ་ལམ་ལུགས་དང་མཐུན་པ་ཞིག་མ་རེད་སྙམ། བཀྲིས་ལ་བཀྲིས། དོན་གྲུབ་ལ་དོན་གྲུབ་ཅེས་མིང་གིས་བརྗོད་པ་ལྟ་བུ་རེད། བོད་སྐད་ལ་ནང་པ་ཟེར་བ་དེ་དབྱིན་སྐད་ལ་BUDDHISM་ཟེར་བ་དེ་རེད། གསལ་པོ་ཆག་ངེས་རེད།
ནང་པ་བོན་ཞེས་མིང་བཏགས་ན་མི་ཆོག་པ་གང་ཡང་མེད། ནང་པའི་ཐ་སྙད་སྦྱར་བས་ཁེ་ཕན་ཆེན་པོ་དེ་འདྲ་འཐོབ་རྒྱུ་གང་ཡང་མེད། འཇིག་རྟེན་གྲགས་པའི་དབང་གིས་བཞག་པས་ནང་པ་ཞེས་བརྗོད་པ་ཙམ་གྱིས་
སྟོན་པ་ཤཱཀྱའི་ཆོས་ལུགས་གོ་བའི་རྒྱུ་མཚན་ཡིན་ནོ།
ནང་པ་ཡིན་ན་ཤཱཀྱ་ཐུབ་པས་བསྟན་པའི་ནང་པ་ཡིན་པས་མ་ཁྱབ་བོ། དཔེར་ན། སྔོན་འོད་སྲུང་གིས་བསྟན་པའི་ནང་དང་མ་འོངས་བྱམས་པའི་མགོན་པོས་བསྟན་འགྱུར་གྱི་ནང་པ་གཉིས་རེ་རེ་ནས་གྲུབ་པའི་ཕྱིར། །
སྤྱིར་སྟངས་ཤཱཀྱ་ཐུབ་པ་ཁོང་རང་ནང་པ་དངོས་གནས་ཨ་ཡིན་ན། ཡིན་ན་ཡིན་ཚུལ་ཇི་ལྟར་ཡིན་དགོས་སམ།
ད་ལྟའི་འཇིག་རྟེན་ན་གྲགས་པའི་ནང་པ་ཡིན་ན་ཤཱཀྱ་ཐུབ་པས་བསྟན་པའི་ནང་པ་ཡིན་པའི་ཁྱབ། དེ་མིན་ཡོངས་གྲགས་ཀྱི་ནང་པ་ཞིག་ཞོག མ་འོངས་འབྱུང་འགྱུར་གྱི་རྒྱལ་ན་བྱམས་པའི་བསྟན་པ་དང་འདས་འོད་སྲུང་བསྟན་པ་ལ་ནང་པ་ཞེས་པའི་མིང་གིས་གདགས་པར་འགྱུར་བདང་བཏགས་པ་ཁྱེད་ཀྱི་གང་འདྲ་ཤེས་སོང་། མངོན་ཤེས་ཀྱིས་གཟིགས་པ་འདྲ། དུས་དེ་དང་དེའི་དུས་སུ་བོད་པ་དང་བོན་ཞེས་ཐ་སྙད་ཡོད་མ་ཡོད་ཤེས་ཚོད་ཐིག་གམ། ད་ལྟའི་འཛམ་གླིང་གི་གནས་སྟངས་དང་སྐད་རིག་བཞིན་འདས་པའང་དེ་ལྟར་བྱུང་ཡོད་པ་དང་མ་འོངས་པའང་དེ་ལྟར་འབྱུང་གི་བསམ་པའི་ཚོད་དཔག་པ་འདི་ནོར་འཁྲུལ་རེད། མཚན་ཉིད་མཁས་དབང་ཞིག་གིས་དོན་ཆུང་འདི་ཤེས་བཞིན་དུའང་བྱིས་པས་རྔན་པ་ཐོབ་ཆེད་ཕར་སྒྲིལ་ཚུར་སྒྲིལ་ཐབས་ཤེས་གང་ཡོད་ཀྱི་ཨུ་ཚུགས་བྱེད་པ་ལྟ་བུ་དོན་སྟོང་རེད། མཁས་དབང་ཡིན་ན་མིང་དང་ཚོན་ལ་ཧ་ལས་མ་དགོས་པ་ཞིག་རེད།
ནང་གི་ཆོན་ལ་འགྱུར་བ་མ་མཆིས་ན།
ཕྱི་ཚོན་ཙམ་གྱི་ཐར་པ་ཐོབ་པ་མེད།
དེས་ན་མིང་དང་ཚོན་གྱི་ལས་སྤངས་ཏེ།
ཡང་དག་ཆོས་པའི་རྗེས་འགྲོ་སྙིང་ནས་སྐུལ།
དེ་ལྟ་བུ་དོན་སྟོང་སྙིང་ནད་གྱི་རྩོད་པ་ངེ་འདྲ་མང་པོ་ཐོས་སོང་། མ་ཚད་ང་ཚོའི་དགེ་ལུགས་པའི་མིང་ཙམ་གྱི་དགེ་བཤེས་ཀྱི་དེ་འདྲའི་བྱིས་པའུ་དྲི་བར་ལན་འདེབས་ཀྱི་ཀླད་པ་ཟད་ནས་དེ་ལ་ཧ་སང་ཧོན་འཐོར་འགའ་མཐོང་ཡ་འདུག བཞད་གད་ཀྱི་གནས་སུ་བཞག ལོ་མང་རིག་པ་བརྡར་བའི་འབྲས་བུར་རིག་རྡུམ་ཞིག་ཁྱེར་ནས་ཕྱི་རྒོལ་ཕམ་པའི་ཐབས་ཟད་ལུགས་གཅིག་པར་ཀླད་འཁྲུག་དེས་ཡིན་ཚུལ་ཁྱེད་ཚོས་འདོད་པ་ལྟར་སྒྲུབ་ཐབས་བྱས། དེ་ལས་ཕམ་ཡོང་དུས་ཁོང་ཁྲོ་ལངས་པ་མཐོང་། རིག་འགྲེལ་གྱིས་ཕུངས་པའི་བྱ་བ་ཁོ་ནར་ཟད།
ཆོས་ལུགས་སོ་སོར་ཐ་སྙད་རེ་རེ་ཡོད། ཐ་སྙད་དེ་དང་དེར་བརྟེན་ནས་ཆོས་དེ་དང་དེ་ཡིན་པ་ཤེས་ཀྱི་ཡོད་རེད། དེར་ཞེ་བོ་བྱིས་པའི་ཨུ་ཚུགས་བྱེད་དགོས་གང་འདུག་དོན་མེད་རེད།
དོན་མེད་དྲི་ལ་ལན་འདེབས་མང་ན།
བདག་གི་ཀླདཔ་དོན་སྟོང་གྱུར་སྲིད།
དོན་གྱིས་ཕྱུག་པའི་བརྗོད་གཞི་མཆིས་ན།
ཆོས་གྲོགས་ང་ཡིས་དགའ་བསུ་ཞུ་ངེས།
བཀྲིན་ཆེ།
དུས་གསུམ་སངས་རྒྱས་རྣམས་ལ་གསོལ་བ་འདེབས། ཕྱོགས་བཅུའི་བདེར་གཤེགས་རྣམས་ལ་གསོལ་བ་འདེབས་གསུངས་པ་དེ་དག་ལ་དགོངས་པ་ཡག་པོ་བཞེས་རོགས་གནོངས། མངོན་ཤེས་ཀྱིས་གཟིགས་པའི་ནུས་པ་མེད་ཀྱང་། རིག་ཤེས་ཀྱིས་ཏོག་ཙམ་མཐོང་མཁན་འདྲ་པོ་བྱེད་ཀྱི་འདུག གསོལ་བ་རྫུན་མ་བརྒྱབ་པ་ནི་ཡིན་གྱི་མ་རེད། གསོལ་བ་དངོས་གནས་བརྒྱབ་པ་ཡིན་ན་རྒྱག་ས་སུ་ཡིན་ཤེས་དགོས་པར་སེམས།
སྤྱིར་སྟངས་བོན་པོ་ནང་ཡིན་ན་སྐྱོན་ག་རེད་ཡོད་པ་རེད་དམ། སེམས་འཕྲལ་བྱེད་ས་གཙོ་བོ་དེ་གང་ཡིན་ནམ་ལགས།
མིང་བྱང་གི་སྐད་ཆ་བཤད་པ་ཡིན་ན། དམ་པའི་ཆོས་དང་དམ་ཆོས་ཅེས་སུ་འབོད་དགོས་པར་སེམས། ཡིན་ནའང་དེང་སང་མཐོ་དམན་གྲགས་ཞན་ཚང་མས་་་བོད་བརྒྱུད་ནང་བསྟན་་་ཞེས་སུ་འབོད་ཀྱི་འདུག བོད་བརྒྱུད་ནང་བསྟན་་་གྱི་མིང་འདོགས་མཁན་དེ་སུ་ཡིན་ནམ་ལགས།
ངས་ནི་བདེར་གཤེགས་སྙིང་པོས་ཁྱབ་པའི་འགྲོ་བ་སེམས་ཅན་ཐམས་ཅད་ནང་པ་ཡིན་པར་འདོད་ཀྱི་ཡིན། ཁྱེད་ཚོས་འདོད་སྟངས་ཀྱི་ནང་པ་དེ་ཧ་ཅང་རྒྱ་ཆུང་བས་མ་ཚད་གུ་དོག་འགྲོ་ཡི་འདུག སེམས་ཅན་ཐམས་ཆད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་གསུངས་པ་ཇི་བཞིན་་རྒྱ་ཆེ་ཙམ་བྱས་ན་མ་གཏོགས་འགྲིག་ས་མ་རེད་དོ།
ཤཱཀྱ་ཐུབ་པ་ནང་པ་ཡིན་ཚུལ་དེ་ཡང་གསུངས་རོགས་གནོངས།
བོན་པོ་ནང་པ་ཡིན་མིན་ལ་རྩོད་པ་གང་ཡང་མེད་སྔོན་ཞུས་ཡོད། ནང་པ་ཡིན་གསུངས་པ་ཡིན་ན་དེར་དགའ་བོས་ངང་ངོས་འཛིན་ཞུ་ཐུབ་མཁན་གྱི་གང་ཟག་ཞིག ད་ལྟའ་ི་འཇིག་རྟེན་ནང་གྲགས་པའི་ནང་པ་ཞེས་པ་ཙམ་གྱིས་བློ་ལ་འརྩོལ་མེད་གྱི་འཆར་བ་འདི་ཤཱཀྱ་ཐུབ་པའི་བསྟན་པ་ལ་ཡིན་ལ་པམངོན་གསལ་རེད་དེ་མ་རེད་ཞུ་ཡི་ཡོད། དེའི་ནང་པ་དེ་ཡིན་གསུངས་པ་ཡིན་ན་འཐད་ཀྱི་མ་རེད་གང་ལགས་ཟེར་ན་བསྟན་པ་གཅིག་ལ་སྟོན་པ་གཉིས་ཡོང་མི་སྲིད་ཞུ་ཅི་དགོས་མཁྱེན་རྒྱ་ཡངས་པ་ཁྱེད་ཀྱིས་མཁྱེན་མཁྱེན་པ་ཡིན་པར་གོར་མ་ཆག
ཐམས་ཅད་ཡང་དག་ཤེས་བཞིན་དུ་བྱིས་པའི་ཨུ་ཚུགས་བྱས་ན་དོན་མེད་རེད། གང་ལྟར་ཡང་ཐ་སྙད་ཚད་མས་མ་གནོད་ན་སེང་ཕྲུག་ང་ལ་མ་འགྲིག་པ་གང་ཡང་མེད། བྱ་བ་བཟང་པོས་ཉོན་མོངས་ཀྱི་རྒྱར་འགྱུར་བར་དོགས་ནས་འདིར་མཚམས་འཇོག་སྦྲགས་མརུང་པ་དང་མི་ལེགས་པའི་ཆ་ཐམས་ཅད་ལ་དགོང་སེལ་ཞུ། བཀྲིས་བདེ་ལེགས་སྤུན་ཟླ་ད་མར་བྱུགས་ཡོད་ད།།།།།།།།
སྤྱིར་བཏང་གྲུབ་མཐའ་སོ་སོའི་ཐ་སྙད་བེད་སྤྱོད་གཏོང་སྟངས་ལ་ཁྱད་པར་ཆེན་པོ་ཡོད་པ་རེད། གང་ལྟར་དེ་རིང་འདིར་བོན་གྱི་ཚད་མ་གསུམ་དང་དྲུག་ཟེར་བ་ཞིག་བོན་གྱི་གཞུང་ལུགས་རྣམས་སུ་གསུངས་ཀྱི་ཡོད་པ་ཤེས་སོང་པས།འབྲི་མཁན་ལ་བཀའ་དྲིན་ཆེ་ཞུ། དེ་མ་ཡིན་པ་དེ་རིང་འདིར་ཅོ་ཉིས་ཡག་པོ་གླེང་འདུག་པས་དགའ་བ་འཕེལ་བས་ཅོ་ཉི་ལ་ཡང་བཀའ་དྲིན་ཆེ་ཞུ།
དེང་སང་བོན་བན་གཉིས་ལ་ཁྱད་པ་ཆེན་པོ་ཡོད་ལེ་མ་རེད། དང་པོ་བོད་ལ་བོན་དར། རྗེས་སུ་ཁྲི་སྲོང་གི་སྐབས་སུ་ནང་པ་ས་དར་རྡོའི་དར་གྱི་གྱུར་དུས་བོན་པོས་ནང་ཆོས་ནང་འདྲེན་བྱས་ཏེ་དོན་ལ་བོན་བན་གཉིས་ཕྱི་རྣམ་པ་ལས་ནང་གི་དོན་སྙིང་གཅིག་པར་གྱུར་ཚར་པ་རེད།
དེང་སང་བོན་བན་གཉིས་ལ་ཁྱད་པ་ཆེན་པོ་ཡོད་ལེ་མ་རེད་ན། བན་དེ་ཚང་ལ་འདི་འདྲ་ཡོད་དམ། ༼ཕྱི་སོ་སོ་ཐར་པས་རྒྱུད་བསྡམས། ནང་གསང་བ་སྔགས་ཀྱི་ཐེག་པའི་གཞུང་བསྲངས། བློ་ཕུག་བླ་མེད་རྫོགས་པ་ཆེན་པོ་ལ་གཏད་པའི་སྡོམ་གསུམ་འགལ་མེད་ལམ་དུ་སློང་བའི་གཤེན་གྱི་དྲང་སྲོང་ཆེན་པོ།༽ ཨམ་སེ་ཁ། །
ཚད་མ་དྲུག་གིས་མི་མཚོན་ན། གྲི་མེད་གཡག་རོ་བཤའ་བ་འདྲ།
ལུང་ཚིག་འདི་ངོ་མ་སྙན་གདའ།
ཚད་མ་ལ་གཉིས་རང་མ་གཏོགས་མི་དགོས་བསམ་མཁན་ཚོས་བསམ་བློ་ཡག་པོ་ཐོངས་ཨ།། །
༅༅། བཀའ་དྲིན་ཆེ་དགེ་བཤེས་ལགས།
ཚད་མ་དྲུག་གི་སྐོར་ལ་དཔེ་ཡག་པོ་བྲིས་གནང་འདུག་པ་བཀའ་དྲིན་ཆེ།
སླད་ཕྱིན་དྲ་གྲོགས་ཚོ་འདི་འདྲ་བོ་རྩོམ་འབྲི་གནང་ན་དཔེ་ཡག་པོ་འདུག།
བོད་ཀྱི་ནང་ཆོས་སྐོར་ལ་དཔྱད་པ་གནང་ནས་འབྲི་གནང་ན་ག་ཚོད་གཏིང་ཟབ་པོ་ཡོད་རེད།
མི་དགོས་པའི་ཆོ་མེད་པའི་ཕར་ཚུར་སྐྱོན་འཛུགས་བྱེད་རེ་བྱེད་པ་ནི་བླུན་པོ་ཀླད་སྟོང་རེད་འདུག་