—ཨ་ལྡེ་ཏེ་ལྕོབ་རཱས་བརྩམས།
མཛོད་དགེའི་ཚེ་རིང་ཆོས་སྒྲོན་གྱིས་དབྱིན་ཡིག་ལས་བསྒྱུར།
དེང་རབས་ཀྱི་ཚན་རིག་ནི་འགྲོ་བ་མིའི་རིགས་ལ་གནང་བའི་ཐུན་མོང་གི་དངོས་གྲུབ་ཅིག་རེད། ཅིའི་ཕྱིར་ཞེ་ན། དེས་ནི་ང་ཚོ་མིའི་རིགས་ཐམས་ཅད་མུན་ནག་དང་ལོག་ལམ་དུ་འཆིང་བའི་འཇིག་རྟེན་གྱི་རྒུད་པའི་ལྕག་སྒྲོག་ལས་སྒྲོལ་ཞིང་ཆེས་འོད་སྟོང་ལྡན་པའི་མུན་སེལ་གྱི་སྒྲོན་མེ་ཞིག་གནང་བས་ཡིན།
དེར་མ་ཟད་ཚན་རིག་གིས་ནི་གཏན་ཚིགས་ཀྱི་རྒྱབ་ལྗོངས་མེད་པའི་ལྟ་བ་རྙིང་བ་དང་རྨོངས་དད་ཀྱི་རྩ་བ་སོགས་དྲུངས་ནས་འབྱིན་ཞིང་འཇིག་རྟེན་གྱི་བྱ་དངོས་ཀུན་ལ་གཟུ་བོར་གནས་པའི་དྲང་ཐིག་གཞི་རྩར་བཟུང་བའི་རིགས་པ་ཡང་དག་གི་སྒོ་ནས་ཞིབ་མོར་དཔྱོད་པའི་ལམ་ནས་འཇུག་པ་མ་གཏོགས་རྒྱུ་མཚན་ལྟར་སྣང་ངམ་འོལ་ཚོད་ཙམ་གྱིས་ཐག་གཅོད་མི་བྱེད་པ་རེད། རྨོངས་དད་ཀྱི་ལྟ་བ་ནི་ཆེས་ཆེར་འཁྲུལ་བ་ཞིག་ཡིན་ཏེ། དེ་ནི་བརྟག་ཅིང་དཔྱད་པའི་རིགས་པ་དང་འགལ་བའི་ཕྱིར། དཔེར་ན། སྔ་མོའི་དུས་སུ་མི་རྣམས་ཀྱི་སའི་གོ་ལ་རང་སོར་གནས་ཤིང་ཉི་མས་དེར་སྐོར་བ་བྱེད་པར་ཡིད་ཆེས་བྱེད་པ་དང་རྒྱུ་སྐར་གཞན་ཞིག་གིས་ཉི་མར་སྐོར་བ་བྱེད་པར་འདོད་ཀྱང་། དུས་ཕྱིས་ཀྱི་ཚན་རིག་པ་ཚོས་ཞིབ་འཇུག་མཐིལ་ཕྱིན་པ་བགྱིས་པའི་མཇུག་འབྲས་སུ་སའི་གོ་ལ་དང་རྒྱུ་སྐར་གྱི་ཚོགས་ལ་ཉི་མས་སྐོར་བ་བྱེད་བཞིན་པ་དངོས་སུ་ར་སྤྲོད་གསལ་བོ་བྱུང་ཡོད། དེར་བརྟེན་ཚན་རིག་གིས་མིའི་བསམ་སྤྱོད་གཉིས་ཆ་ལ་ཚུལ་མཐུན་གྱི་གསར་བརྗེ་དང་། འཚོ་བ་ལ་ཡིད་དུ་འོང་བའི་འཕོ་འགྱུར་གསར་བ་ཞིག་གི་ཁ་དོག་བསྐྲུན་པ་རེད།
ཚན་རིག་གིས་མིའི་འཚོ་བར་ཕུལ་བའི་ལེགས་སྐྱེས་འགའ།
འགྲོ་བ་མིའི་རིགས་སམ་འཇིག་རྟེན་གྱི་བདེ་སྐྱིད་ཀྱི་ཆེད་དུ་ཚན་རིག་གི་ལམ་ནས་དགོས་མཁོ་ཅན་གྱི་བྱ་དངོས་སྣ་ཚོགས་ཤིག་གསར་གཏོད་བྱས་ཤིང་། ཚན་རིག་གི་ལམ་ནས་གསར་གཏོད་བགྱིས་པའི་བྱ་དངོས་དེ་དག་གིས་ང་ཚོར་སྤྲོ་སྐྱིད་ཀྱི་ཚོར་བ་འགོག་མེད་དུ་སྦྱིན། དཔེར་ན། གནའ་སྔ་མོའི་ཞག་སྒྲོན་གྱི་ཚབ་དུ་ཁ་སང་དེ་རིང་ང་ཚོས་བེད་སྤྱོད་བྱེད་བཞིན་པའི་གློག་གི་སྒྲོན་མེ་དང་། རྟ་དྲེལ་ཞོན་པའི་ཚབ་ཏུ་རླངས་འཁོར་དང་གནམ་གྲུ་སོགས་དང་།(མོ་ཊ་ཀཱར) མདོར་ན་རླུང་འཁོར། བརྙན་འཕྲིན། རླུང་འཕྲིན། གྲང་གློག འཁྱགས་སྒམ། གོས་བཀྲུས་འཕྲུལ་འཁོར། ( བཙོ་བླག་འཕྲུལ་འཁོར།) སོགས་འཚོ་བའི་དགོས་མཁོ་ཡོངས་སུ་སྐོང་བར་བྱེད་པའི་མཐུན་རྐྱེན་བསྐྲུན་པ་ལྟ་བུའོ།
འཁྲུག་ཆ་དོད་པའི་དུས་རབས་འདིར་ཚན་རིག་ཡར་རྒྱས་ཕྱིན་པའི་གློག་ཀླད་དང་། ཁ་པར། གློག་འཕྲིན། དྲ་རྒྱ་སོགས་གཅིག་རྗེས་གཉིས་མཐུད་དུ་བྱུང་དང་འབྱུང་བཞིན་པ་འདིས་ང་ཚོར་བྱ་བ་ཅི་ཞིག་ཡིན་རུང་སྟབས་བདེ་ཞིང་དུས་ཚོད་འཕྲོ་བརླག་ཏུ་མི་གཏོང་ལས་སླ་མོར་འཇུག་པར་བྱེད་པ་མ་ཟད། ལྷག་པར་དུ་དེང་སང་བྱ་དངོས་ཡོད་ཚད་འཕྲུལ་ཆས་ཀྱིས་བཟོས་ཤིང་། མི་རྣམས་རང་ཁྱིམ་དུ་གནས་ཤིང་སྟབས་བདེའི་ཆ་རྐྱེན་དེ་དག་ལ་ངང་གིས་འཇུག་ཐུབ་པའོ།
སྤྲོ་བ་ཙམ་ནི་བདེ་སྐྱིད་མིན།
བདེ་སྐྱིད་མཐར་ཐུག་ནི་མིའི་སེམས་ཀྱི་བདེ་སྐྱིད་དེ་ཡིན་པ་ལས་ཕྱི་རོལ་གྱི་ཟས་གོས་དང་གནས་མལ་ལོངས་སྤྱོད་ཙམ་ནི་བདེ་སྐྱིད་ཀྱི་ཆ་རྐྱེན་གཙོ་བོ་མིན། དེའི་ཕྱིར་ཚན་རིག་གིས་ང་ཚོར་མཐར་ཐུག་གི་བདེ་བ་དང་སྤྲོ་སྐྱིད་སྦྱིན་མི་ཐུབ། ཅིའི་ཕྱིར་ཞེ་ན། ཚན་རིག་གིས་ཕྱི་རོལ་གྱི་ཁྲ་ཁྲ་ཟང་ཟིང་གི་འཇིག་རྟེན་ཙམ་ལས་ནང་སེམས་ཀྱི་དཀའ་ངལ་དང་དཀའ་ངལ་དེའི་རྐྱེན་ཀྱིས་བྱུང་བའི་སྡུག་བསྔལ་དང་རྙོག་དྲ་དག་ནམ་ཡང་སེལ་མི་ཐུབ།
གང་ལྟར་ང་ཚོས་བེད་སྤྱོད་བྱེད་བཞིན་པའི་བྱ་དངོས་དེ་དག་གིས་ནི་ང་ཚོ་ལེ་ལོ་ཅན་དང་། གཞན་བརྟེན་གྱི་འཕྲུལ་ཆས་ལྟ་བུར་བཟོས་པ་དང་། དེང་གི་ཆར་ཚན་རིག་ལ་མ་བརྟེན་པར་ང་ཚོས་བྱ་བ་ཅི་ཞིག་བསྒྲུབ་དགོས་ཀྱང་སྒྲུབ་མི་ཐུབ་པ་ལྟ་བུར་སོང་བ་བདེན་དུ་ཆུག་ཀྱང་།དེ་ནི་དེང་རབས་ཚན་རིག་གིས་དེང་སང་གི་མི་ཚོ་འཕྲུལ་ཆས་ཀྱི་བྲན་གཡོག་ལྟ་བུར་སྒྱུར་བཞིན་པ་དང་། མི་རྣམས་ཀྱིས་རང་ལ་ལྷན་སྐྱེས་སུ་མངའ་བའི་མཐར་ཐུག་གི་བདེ་སྐྱིད་སྒྲུབ་བྱེད་བླ་ན་མེད་པ་སྟེ་ཕུལ་དུ་བྱུང་བའི་མིའི་རྣམ་དཔྱོད་ཉིད་བེད་སྤྱོད་གཏོང་བའི་སྒོ་མོ་འགོག་པར་བྱེད་ཅིང་ལྷད་མེད་པའི་རང་གི་མི་གཤིས་དྭངས་མ་སོགས་རྨང་ནས་འཇོམས་བཞིན་ཡོད། དཔེ་མཚོན་ཙམ་ཞུས་ན། ཁ་སང་དེ་རིང་ང་ཚོ་མང་ཆེ་བ་ཞིག་གིས་རླངས་གསོག་མདོང་དབྱིབས་ཀྱི་ཐབ་དེར་བེད་སྤྱོད་བཏང་ནས་ཟ་མ་བཟོ་བཞིན་པ་མ་གཏོགས་རང་བྱུང་ཁོར་ཡུག་ཏུ་ཡོད་པའི་བུད་ཤིང་སོགས་བེད་སྤྱོད་མི་གཏོང་མོད། གལ་སྲིད་རླངས་ཐབ་དེ་དག་མེད་པར་ཅི་བྱ་གཏོལ་མེད་དུ་གྱུར་འགྲོ་བ་ལྟ་བུ་རེད།
དུས་རབས་ཉེར་གཅིག་པ་ཚན་རྩལ་གྱི་དུས་རབས་འདིར་ང་ཚོ་མི་རྣམས་ཉིན་རེ་ནས་ཉིན་རེར་འཕྲུལ་ཆས་ཀྱི་ཡོ་བྱད་ལྟ་བུར་འགྱུར་བཞིན་པ་དེ་འཚོལ་རྟོགས་བྱེད་ཐུབ་པ་དང་། མི་འགྱངས་བ་པར་ང་ཚོའི་དབུགས་ཀྱི་རྒྱུ་བ་ཐམས་ཅད་འཕྲུལ་ཆས་ཀྱིས་འགོག་པར་བྱེད་པ་ཡང་ཚོད་དཔག་བྱེད་ཐུབ། དེར་བརྟེན་ཚན་རིག་མ་དར་བའི་དུས་ཀྱི་རང་དབང་གི་བྱ་དངོས་ཡོད་ཚད་ལ་འཇུག་ཆོག་པའི་འཚོ་བའི་ལམ་སྣེ་དེ་བསྐྱར་དུ་འཆར་ན་སྙམ་པ་བྱུང་ངོ་།
ཚན་རིག་གི་ཉེན་ཚབས།
དེ་ཡང་ཕྱོགས་གཞན་ཞིག་ནས་ཞུས་ན། ཚན་རིག་གི་ཉེན་ཚབས་བསམ་གྱིས་མི་ཁྱབ་སྟེ། ང་ཚོའི་ཉིན་རེའི་བདེ་སྐྱིད་བརླག་པར་བྱེད་པའི་རྡུལ་ཕྲན་མཚོན་ཆ་དང་། ཡང་རླུང་འབར་མདེལ་སོགས་བེད་སྤྱོད་ལོག་པར་བྱེད་པས་མིའི་ཚེ་སྲོག་དང་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཉེན་ཚབས་དང་གནོད་སྐྱོན་དེ་བས་ཀྱང་ཆེ་བའོ།།
མདོར་ན། ཚན་རིག་པས་བྱ་དངོས་གསར་གཏོད་བྱེད་པའི་དམིགས་ཡུལ་ནི་མི་རྣམས་ཉེན་ཁ་ནས་སྐྱོབ་ཞིང་བདེ་སྐྱིད་བསྐྲུན་ཐབས་ཤིག་ཡིན་པའི་ཕྱིར་ན། ཚན་རིག་གི་ནུས་པ་ཡོད་ཚད་ངེས་པར་དུ་མིའི་རང་གཤིས་དང་མཐུན་པར་བཀོལ་སྤྱོད་བྱེད་གལ་ཆེ། ཕྱོགས་གཅིག་ནས་ཚན་རིག་གིས་མིའི་འཚོ་བ་སྟབས་བདེ་དང་སྤྲོ་སྣང་ཅན་དུ་བསྒྱུར་བ་དང་། ཕྱོགས་གཞན་ཞིག་ནས་ཉེན་ཁའི་ནང་དུ་གཡུག་པ་རེད། བདེ་སྐྱིད་ནི་ནང་སེམས་ཀྱི་ཚོར་འདུ་དང་འབྲེལ་བའི་ཞི་བདེ་དང་ལྷིང་འཇགས་ལྡན་པའི་མི་ཚེའི་འཚོ་བ་ཞིག་ཡིན་སྟབས། ཚན་རིག་གི་གསར་གཏོད་བྱས་པའི་འཚོ་བའི་ནང་གི་བྱ་དངོས་རྣམས་རང་ཉིད་དང་སྤྱི་ཚོགས་ཀྱི་བདེ་སྐྱིད་རྣལ་མ་དེ་འགྲུབ་ཐབས་ཀྱི་དམིགས་ཡུལ་དུ་བཟུང་ནས་ཚན་རིག་གིས་བསྐྲུན་པའི་བྱ་དངོས་ལ་ཞུགས་དགོས་པ་ལས་ནམ་ཡང་ཚན་རིག་དང་ཚན་རིག་པའི་བྲན་གཡོག་ལྟ་བུ་བྱ་མི་རུང་ངོ་། །
འདིའི་མ་ཡིག་འདི་ན་ཡོད་པ་དེ་ཡིན་ནམ་བསམས་སོང་།
http://www.importantindia.com/15466/short-essay-on-science-and-human-happiness/
ཨིན་ཞེས་པའི་སྒྲ་འཐོན་པ་ལ་དབྱིན་ཞེས་་བོད་སྐད་དུ་གསར་གཏོད་བྱས་པ་ན། ད་བ་ཡ་གསུམ་ཐོས་པ་འབྲི་་བ་ལ་ཆོ་འདུག་གམ།
བསྒྱུར་བ་ཡིན་ན། ཕྲད་ཀྱི་འགྲོས་མི་མཉམ་པ་ཙམ་ལས་དོན་ཚིག་གི་འབྲེལ་བ་ནི་ཐག་ཉེ་ནས་ཐོ་ཐུག་པ་ཡོང་དགོས་བ་ཡིན། དེ་འདྲ་མ་བྱུང་ན། དཀའ་ལས་ཁག་རོགས་དང་ཉི་མ་ཟད་རོགས་ཡིན་འགྲོ། རྒན་རབ་ཀྱིས་བཀོད་པའི་འབྲེལ་ཐག་དུ་མཐུད་པའི་མ་རྩོམ་དེ་ཡིན་ན། ཨ་ཁ་ཁ། ཟེར་དགོས་བྱུང་སོང་།