རྩོམ་པ་པོ་ལྡན་མ་བྱམས་པ་ཆོས་དབང་།
རྩོམ་སྒྲིག་པའི་སྔོན་གླེང༌།
ས་ཡེན་སི་ Science སྟེ་ཡོངས་གྲགས་སུ་ཚན་རིག་གི་བརྡ་ཆད་དུ་བསྒྱུར་བར་མཛད་པ་དེ་ནི་ལེ་ཊིན་གྱི་ཐ་སྙད་ས་ཡེན་ཊི་ཡ་ Latin scientia ཞེས་པ་ལས་ཟུར་ཆག་པ་ཞིག་ཡིན། ས་ཡེན་ཊི་ཡ་ཞེས་པའི་གོ་དོན་ངོ་མ་ནི། རིག་གནས་སམ་ཤེས་བྱ་ལ་གོ་དགོས། ཡོངས་གྲགས་སུ་ཚན་རིག་གམ་ས་ཡེན་སི་ཞེས་པ་ནི། འཇིག་རྟེན་ཁམས་དང་འབྲེལ་བའི་རིག་གནས་ཕྱོགས་བཏུས་བྱས་པ་ཙམ་དུ་མ་ཟད། རིག་གནས་དེ་དག་བཙོ་སྦྱང་བྱས་ནས་མཐར་དཔྱད་པ་དག་ཐེར་བྱ་ནུས་ཅན་གྱི་ཁྲིམས་ཡིག་དང་གྲུབ་དོན་གཏན་ལ་ཕབ་པའི་མ་ལག་ཅིག་ལ་ཟེར། དེ་ལྟ་བུའི་རིག་གནས་ཁག་འཕེལ་རྒྱས་ཕྱིན་པ་ལས་ཕྱོགས་ཕན་ཚུན་གཅིག་ལས་གཞན་ཟབ་པ་དང་རྒྱ་ཆེ་བ། རྒྱུ་མཚན་དང་ཡིད་ཆེས་འཕེར་ཆེ་བ་ཞིག་ཏུ་རིམ་གྱིས་གྱུར་བ་ལ་བརྟེན་ནས་དེང་གི་དུས་སུ་ཚན་རིག་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་ཧ་ཅང་ཚད་མཐོན་པོར་གནས་ཡོད།
སྤྱིར་ཚན་རིག་གི་ཤེས་བྱ་འདི་ཡོངས་གྲགས་སུ་སྡེ་ཚན་ཆེ་ཁག་གཉིས་སུ་བགོས་ཡོད། དེ་ཡང་དང་པོ་ནི། རང་བྱུང་གི་རིག་གནས་ཏེ་དེས་རང་བྱུང་གི་དངོས་པོ་༼སྐྱེ་ལྡན་གྱི་ཚེ་སྲོག་ལྟ་བུ་༽ལ་རྟོག་དཔྱོད་བྱས་པ་དང༌། གཉིས་པ་ནི། སྤྱི་ཚོགས་ཀྱི་རིག་གནས་སྟེ་འགྲོ་བ་མིའི་ཀུན་སྤྱོད་དང་ཚོགས་སྡེའི་སྐོར་ལ་རྟོག་དཔྱོད་བྱས་ཡོད། སྡེ་ཚན་འདི་གཉིས་ཀ་ནི་ཉམས་ཞིབ་ཀྱི་གཞིར་བྱས་པ་མ་གཏོགས་ཆོས་ལུགས་ཀྱི་ལམ་ལུགས་ལྟར་ལྟ་གྲུབ་ཞིག་སྔོན་དུ་གཏན་འབེབས་བྱས་པ་ལས་འཕྲོས་པའི་རིག་གནས་ཤིག་མིན་པས་སྐྱེ་བོ་གཞན་གྱིས་ཀྱང་དེར་སླར་ཡང་ཉམས་ཞིབ་བྱས་ནས་ཡིད་ཆེས་འཕེར་ཆེ་བའི་གྲུབ་དོན་གཞན་ཞིག་རྙེད་ཚེ་དེའི་གོ་ས་རུ་བཞག་ཆོག སྐབས་འདིར་རང་བྱུང་ཞེས་པ་ནི་ང་ཚོའི་ནང་ཆོས་ཀྱི་གཞུང་ལས་རྒྱུས་མ་བྱས་པར་གྲུབ་པའི་ཆོས་ལ་འཇོག་པ་ལྟར་དུ་འཛིན་མི་རུང༌། ཚན་རིག་པའི་གཞུང་ལས་བཤད་པ་ལྟར་ན་དེང་གི་དུས་སུ་ཚན་རིག་པས་རང་བྱུང་གི་འཇིག་རྟེན་ཁམས་སྐོར་ལ་ངེད་ཅག་གི་བློ་ཡུལ་ལས་འདས་པའི་དཔྱད་པ་བྱེད་བཞིན་ཡོད་པ་དེའི་ཐོག་མའི་ཤིང་རྟའི་སྲོལ་འབྱེད་ལྟ་བུ་ནི། ཨེ་རིསི་ཊོ་ཊལ་དང༌། གྷེ་ལི་ལིའུ་སོགས་ཡིན། དེ་བཞིན་དུ། ཤིན་ཏུ་ཕྲ་བའི་རྡུལ་ཕྲན་སྐོར་ལ་དཔྱད་པ་ཞིབ་ཕྲར་བགྱིས་ནས་གྲུབ་དོན་ཐོག་མར་གཏན་ལ་ཕབ་མཁན་ནི་ཨ་ཡེནྶེ་ཊན་དང༌། ནིའུ་ཊན་སོགས་ཡིན། ཡང༌། སྐྱེ་ལྡན་གྱི་སྲོག་ཆགས་དང་རྩི་ཤིང་རྣམས་ཐོག་མར་ཇི་ལྟར་སྐྱེས་པ་དང༌། བར་དུ་ཇི་ལྟར་འཚོ་གནས་བྱེད་པ་དང༌། ཐ་མར་ཇི་ལྟར་འགག་པའི་སྐོར་ལ་དེང་གི་ཚན་རིག་པས་བཤད་བཞིན་པ་རྣམས་ནི་ཐོག་མར་ཆར་ལེསི་ཌར་ཝིན་ལ་སོགས་པས་གསར་བཏོད་རང་བཞིན་ཅན་གྱི་བརྟག་དཔྱད་བགྱིས་ནས་གྲུབ་དོན་གཏན་ལ་ཕབ་པ་དེ་ལས་གྱེས་པ་ཤ་སྟག་ཡིན།
དུས་རབས་ཉེར་གཅིག་པ་འདི་ནི་འདས་པའི་དུས་རབས་བཅོ་ལྔ་དང་བཅུ་དྲུག་པའི་དུས་དང་ཡོངས་སུ་མི་འདྲ་བར་མི་རིགས་རིང་ལུགས་དང༌། སྤྱི་ཚོགས་རིང་ལུགས། ཚན་རྩལ་རིང་ལུགས་ལྷག་པར་བདོ་བ་དང༌། ཆོས་ལུགས་དད་པའི་རིང་ལུགས་ཉམས་ཆག་ཏུ་འགྲོ་བཞིན་པའི་སྐབས་ཡིན། ཡང་ན། ཆོས་དང་འཇིག་རྟེན་མི་ཆོས་རིང་ལུགས་གཉིས་ཀྱི་འགྲན་རྩོད་ཀྱི་འགག་རྩར་སླེབས་ཡོད་ཅེས་བརྗོད་ནའང་འགྲིག ཚན་རིག་གི་འཕྲུལ་གསར་དང་ལྟ་གྲུབ་འཕེལ་རྒྱས་ཀྱི་ཡོ་ལང་ཆེ་བའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་དེ་ལྟ་བུའི་འགལ་ཟླའི་བསམ་ཚུལ་མངོན་ཚན་ཆེན་པོ་ཡོད་ཀྱང་ང་ཚོ་བོད་པའི་སྤྱི་ཚོགས་ནང་དུ་དངངས་འཚབ་སྐྱེ་དགོས་པའི་དུས་སུ་སླེབས་མེད་པ་ལྟ་བུར་མངོན་ཡང་མ་འོངས་པར་ཧ་ལམ་འབྱུང་ངེས་པ་ཡིན། ཁྱེད་ཀྱིས་རང་གི་སྤུན་མཆེད་ཚ་བོ་ཚ་མོ། བོད་རིགས་གཞོན་སྐྱེས་ཁག་རྒྱ་ནག་དང༌། རྒྱ་གར། ནུབ་ཕྱོགས་རྒྱལ་ཁབ་ཀྱི་མཐོ་སློབ་ནས་ཐོན་པ་རྣམས་ཀྱི་བསམ་བློ་གཏོང་ཕྱོགས་ལ་བརྟག་དཔྱད་དང་བགྲོ་གླེང་བྱས་ཚེ་གསལ་པོར་མཁྱེན་ཐུབ།
ཆོས་ལུགས་ཁག་གི་ར་བའི་ནང་དུ་ཚན་རིག་གི་ལྟ་ཚུལ་ཤུགས་ཆེར་སླེབས་པའི་རྟགས་མཚན་གཅིག་ནི། ཆོས་ལུགས་ཉམས་ལེན་པས་ཕྱི་དངོས་པོ་ཕྲ་རགས་ཀྱི་སྐོར་ལ་འཛིན་ཚུལ་དང་འགྲེལ་བཤད་རྒྱག་སྟངས་ལས་གསལ་པོར་རྟོགས་ཐུབ། དཔེར་ན། བོད་ལ་དུས་ལོག་མ་བྱུང་བའི་སྔ་རོལ་དུ་བོད་ཀྱི་མཁས་པ་རྣམས་ཀྱིས་འཇིག་རྟེན་ཁམས་ཀྱི་སྐོར་ལ་འགྲེལ་སྐབས་ཡིད་གཉིས་ཐེ་ཚོམ་མེད་པར། རི་ཡི་རྒྱལ་པོ་རི་རབ་དབུས་སུ་དང༌། དེའི་མཐའ་བསྐོར་ལ་གླིང་བཞི་གླིང་ཕྲན་ཉི་ཟླ་དང་བཅས་པ་གནས་པར་བཤད། ཕྱོགས་གཅིག་ནས་བསམས་ན་ཁོང་ཚོར་ཐུགས་ཁག་ཅི་ཡོད། སློབ་དཔོན་དབྱིག་གཉེན་གྱིས་བརྩམས་པའི་མཛོད་ལས་དེ་ལྟར་བཤད་པའི་རྗེས་སུ་འབྲངས་པ་ཡིན། ལོ་རབས་ལྔ་བཅུའི་རྗེས་སུ་འགྲེལ་བཤད་དེ་ལྟར་རྒྱག་རྒྱུར་ཡོངས་སུ་མ་བདེ་བར་གྱུར་ཡོད། ཅིའི་ཕྱིར་ཞེ་ན། ཚན་རིག་པས་འཛམ་གླིང་མི་མང་གི་སྤྱན་སྔར་གཟའ་སྐར་འཁོར་ཕྱོགས་ཇི་ལྟར་ཡིན་པ་གསལ་ལྷམ་མེར་བསྟན་པས་ཡིན། འོན་ཀྱང༌། ངེད་ཅག་གིས་མཐའ་གཅིག་ཏུ་ཚན་རིག་པས་བཤད་པ་ལྟར་དུ་འཆད་མ་ནུས་པར་ཆོས་ཚན་བར་གྱི་དབུ་མའི་ལམ་གྱི་སྟེང་ནས་འགྲེལ་བཞིན་ཡོད་པ་ནི། ནང་ཆོས་ཀྱི་གཞུང་ལ་རྒྱུ་མཚན་ཡང་དག་མ་མཐོང་བར་ཨ་འཐས་སུ་ལར་ཞེན་དང་ཡིད་ཆེས་ཤུགས་ཆེ་བ་དང༌། ཕྱོགས་གཞན་ཚན་རིག་པ་ལ་ངེད་ཅག་གིས་མཐའ་གཅིག་ཏུ་དགག་པར་བྱེད་པའི་ཁུངས་སྐྱེལ་ཡང་དག་མེད་པའམ། ཡང་ན་རྟོག་གེ་མགོ་འཁྲེགས་པའི་རིང་ལུགས་བཟུང་བའི་གནད་ཀྱིས་སོ། །
ཀློག་པ་པོས་མཁྱེན་དགོས་པ་ནི། ཁོ་བོས་ཚན་རིག་ནི་ཡང་དག་པ་སྐྱོན་མེད་དང༌། ནང་ཆོས་ནི་མཐའ་གཅིག་ཏུ་སྐྱོན་ལྡན་ཞིག་ཏུ་ནམ་ཡང་བརྗོད་ཀྱིན་མེད། འོན་ཀྱང༌། དུས་རབས་འདི་ནི་ང་ཚོས་ཚན་རིག་པ་རྣམས་ཕྱིར་རྒོལ་ལ་བཟུང་ནས་ཕན་ཚུན་རྩོད་གླེང་བྱེད་པའི་དུས་ཡིན། ཚན་རིག་གི་ཤེས་བྱའི་སྡེ་ཚན་ཁོངས་ནས་དངོས་ཁམས་རིག་པ་དང༌། སེམས་ཁམས་རིག་པ། གཟའ་སྐར་རིག་པ། གནམ་དཔྱད་རིག་པ། སྐྱེ་དངོས་རིག་པ། རྫས་སྦྱོར་རིག་པ་ལ་སོགས་པ་རྣམས་ངེད་ཅག་གིས་ཇི་བཞིན་པར་རྟོགས་མ་ཐུབ་ཀྱང་གཞི་རིམ་གྱི་རྣམ་བཞག་ཅུང་ཟད་ཅིག་ཤེས་པ་དང༌། དེའི་སྟེང་དུ་ནང་པའི་དབུ་ཕར་ཚད་མའི་གཞུང་ལ་དཔྱིས་ཕྱིན་པར་ཤེས་ཀྱིན་ཡོད་ཚེ་ད་གཟོད་ཕྱི་གླིང་བའི་མི་རིགས་དང་ལྷན་དུ་མཇིང་པ་འགྲེང་ཞིང་སྤོབས་པ་དང་བཅས་ཏེ་བགྲོ་གླེང་བྱས་ཆོག དེ་བརྒྱུད་ནས་སྟོན་པ་ཐུབ་པའི་དབང་པོས་གསེར་གྱི་ཡང་ཞུན་ལྟ་བུའི་བསྟན་པ་ཕྱོགས་མཐར་རྒྱས་པ་ལ་ཡང་རམ་འདེགས་ཆེན་པོ་ཐོན་པར་ངེས།
དངོས་ཁམས་རིག་པའི་སློབ་དཔོན་ཆེན་མོ་ཨ་ཡེནྶེ་ཊན་དང༌། སྐྱེ་ལྡན་རིག་པའི་སློབ་དཔོན་ཆེན་པོ་ཌར་ཝིན་གཉིས་ནི་ཚན་རིག་གི་རིག་གནས་སྲོལ་བཏོད་པ་ཕ་མ་ལྟ་བུར་གྱུར་ཡོད། དེ་ནི་རིགས་པ་སྨྲ་བ་ཀུན་གྱིས་རྩོད་མེད་དུ་ཁས་ལེན་གྱིན་ཡོད། ཁོང་གཉིས་དང་དེ་བཞིན་གནམ་དཔྱད་རིག་པ་བ་ཨེ་རིསི་ཊོ་ཊལ་དང༌། གྷེ་ལི་ལིའོ་སོགས་ཀྱིས་རྒྱུ་མཚན་སྣ་མང་འདུས་པ་དང༌། ཡིད་ཆེས་འཕེར་བའི་དཔྱད་པ་བརྒྱུད་བརྗོད་གཞི་འདི་དག་ལྟ་གྲུབ་ཅིག་ཏུ་བརྩིས་ནས་གསལ་བཤད་བྱས་ཡོད། སྤྱིར་ངེད་ཅག་གི་དམངས་ཁྲོད་ཞལ་རྒྱུན་འགའ་ཤས་ཏེ་དཔེར་ན། གནའ་བོའི་བོད་མི་རིགས་ཀྱི་འབྱུང་ཁུངས་ནི་སྤྲེལ་བྲག་ཡིན་པ་དང༌། འདུས་རྫས་རྣམས་མཐར་གཏུགས་ན་འབྱུང་བ་ལྔ་ལས་གྲུབ་པ་ཤ་སྟག་ཡིན་ཟེར་བ་སོགས་ནི་ཚན་རིག་གི་བཤད་ཚུལ་དང་མཐུན་ནའང་དེ་ཙམ་གྱིས་ངེད་ཅག་ཚན་རིག་པ་ཡིན་པ་དང་ཚན་རིག་ལས་ལྷག་པའི་ཚད་མ་པ་ཡིན་པ་སྒྲུབ་ནུས་སམ། དམངས་ཁྲོད་ཀྱི་བཤད་རྒྱུན་དེ་དག་ནི་འདོད་པར་བབས་ན་ཚན་རིག་དང་མཐུན་པ་དང༌། མ་བབས་ཚེ་འཇིག་རྟེན་རྒན་པོའི་གཏམ་རྒྱུད་རེད་ཅེས་གང་གི་ཕྱོགས་སུ་བཞག་ནའང་ཆོག་པའི་རིགས་ཤིག་ཡིན། འཇིག་རྟེན་ཆགས་རབས་དང༌། རྡུལ་རྫས་སྐོར་ལ་ངེད་ཅག་ཙམ་མ་ཟད། མི་རིགས་གཞན་ལའང་འདྲ་ཆག་ཆག་རེ་འཆད་རྒྱུ་ཡོད་ལ་མི་མཐུན་པའི་ཆའང་འཆད་རྒྱུ་ཡོད།
དེབ་འདིའི་ནང་དོན་སྐོར་རགས་ཙམ་འབྲི་ན། དེ་ཡང༌། གཟའ་སྐར་དང་ཉི་ཟླའི་སྐོར་ཕྱོགས་དང༌། དེ་བཞིན་དུ། སྐྱེ་ལྡན་གྱི་རྩོམ་གཞི་ཕྲ་ཕུང་དང༌། རིགས་རྒྱུན་སྐྱེ་འཕེལ་བྱེད་པའི་ཕྲ་ཕུང༌། དབང་རྩའི་མ་ལག་གིས་ང་ཚོ་འཚོ་གནས་ཀྱི་ཆེད་བྱ་བ་གང་དང་གང་བྱས་དང་བྱེད་བཞིན་པ་དང༌། ཇི་འདྲ་བྱེད་པའི་སྐོར་ལ་པར་རིས་བརྒྱུད་འགྲེལ་བཤད་བྱས་ཡོད། རྗོད་བྱེད་ཀྱི་ཚིག་རྐྱང་པ་མ་ཡིན་པར་པར་རིས་ཀྱི་ལམ་ནས་འགྲེལ་བ་ནི་ཀློག་པ་པོ་ལ་གོ་དོན་རྟོགས་བདེ་བ་དང༌། རྒྱུད་ལ་བག་ཆགས་ཟབ་མོ་འཇོག་པའི་ཁྱད་པར་ཆེན་པོ་ཡོད་པར་བསམས་ནས་ཡིན།
ཤིན་ཕྲའི་དངོས་ཁམས་རིག་པ་དཀའ་མོ་ཞིག་མིན་ཞེས་པ་འདི་ནི་དངོས་ཁམས་རིག་པའི་གཞི་རིམ་རྣམ་གཞག་གི་དཔེ་དེབ་ལ་ལེ་ཚན་བརྒྱད་ཡོད་པ་ལས་དང་པོ་ཡིན་ཞིང༌། ལེ་ཚན་འདིའི་ནང་དུ་གཙོ་བོ་དུས་རབས་བཅུ་དགུ་པའི་ཡར་སྔོོན་དང་རྗེས་ཀྱི་ཤིན་ཕྲའི་དངོས་ཁམས་རིག་པ་སྟེ་གཉིས་ཀྱི་སྒོ་ནས་བཀྲལ་ཡོད། དེའི་ནང་དུ་གཙོ་བོ་རྩིས་རིག་པའི་བཀོལ་སྤྱོད་དང༌། རྩིས་གཞི་རིགས་འདྲ་མིན་གྱི་བྱུང་བ་དང༌། གཡོ་འགུལ་ཤུགས་ཚད་དང༌། གོང་བུའི་གདོས་ཚད་དང༌། ནུས་ཤུགས་ཀྱི་རིགས་གཉིས་སྟེ་འགུལ་སྐྱོད་དང་རྟེན་ཐོབ་ཀྱི་ནུས་ཤུགས་གཉིས་ཀྱི་ཁྱད་པར་དང༌། གློག་ཤུགས་གསོག་བསྐྱིལ་གྱི་སྡེ་ཚན་ཕོ་གློག་དང་མོ་གློག་གི་བྱེད་ལས་སྐོར་དང༌། གློག་གི་ར་བ་དང༌། ཚ་ཚད་ཀྱི་སྐོར་ཏེ་དེ་དག་ནི་སྔ་རབས་ཀྱི་དུས་རབས་བཅུ་དགུ་པའི་ཡར་སྔོན་གྱི་དངོས་ཁམས་རིག་པའི་སྐོར་དང༌། དེ་ནས་ཤིན་ཏུ་ཕྲ་བའི་དངོས་ཁམས་རིག་པའི་གཞི་རིམ་སྐོར་ལས་རྡུལ་ཕྲན་གྱི་སྐོར་དང༌། གློག་རྡུལ་ཕྲ་མོ་དང་ལྟེ་རྡུལ་ཕྲ་མོ་དང༌། གནས་མཉམ་ཁམས་རྫས་དང༌། རྡུལ་ཕྲན་གྱི་བཀོད་པ་བཅས་ཀྱི་སྐོར་ཡོད།
དེ་བཞིན་དུ། རིགས་རྒྱུན་ཕྲ་ཕུང་རང་སྐྱ་བ་ཞེས་པའི་དཔེ་དེབ་འདི་ནི། རི་ཆཌ་ཌའོ་ཀན་ Richard Dawkin གྱིས་བརྩམས་པ་ཞིག་ཡིན་པ་དང༌། ཁོང་ནི་ཡེ་ཤུ་གཙོ་བོར་གྱུར་པའི་ཆོས་ལུགས་རྣམས་ཀྱི་འདོད་ཚུལ་ཏེ་སྣོད་བཅུད་རྣམས་དཀོན་མཆོག་གིས་བཀོད་པ་ལས་བྱུང་བར་འདོད་པ་ལ་ཚོར་བ་རྣོན་པོས་དགག་པ་རྒྱག་མཁན་གྱི་སྐྱེ་དངོས་རིག་པའི་མཁས་པ་ཞིག་ཡིན། དཔེ་དེབ་འདིའི་ནང་དུ་ལེ་ཚན་བཅུ་གསུམ་ཡོད་པ་ལས་གཉིས་པ་འདྲ་གཤུ་མ་ཞེས་པའི་སྐོར་ཕབ་སྒྱུར་བྱས་པ་ཡིན། ཁྱེད་ཀྱིས་དཔེ་དེབ་འདིའི་མིང་བྱང་ལས་ནང་དོན་གང་ཡིན་ཧ་ལམ་རྟོགས་ཐུབ། རིགས་རྒྱུན་ཕྲ་ཕུང་ཞེས་པ་ནི། སེམས་ཅན་དང་སྲོག་ཆགས་ཀྱི་རིགས་འགྲུབ་བྱེད་ཀྱི་རྩོམ་གཞི་ཕྲ་ཕུང་ཐོག་མ་དེར་གོ་དགོས། དཔེར་ན། ངེད་ཅག་གི་རྣམ་ཤེས་ཀྱི་རྒྱུན་ཐོག་མ་ཡོད་པའི་དབང་དུ་བྱས་ན་དེར་གོ་ཆོག དེ་འདྲ་བའི་ཕྲ་ཕུང་དེས་རང་ཉིད་ཙམ་དུ་མ་ཟད། རང་དང་རིགས་གཅིག་པ་རྣམས་འཚོ་གནས་འཕེལ་རྒྱས་དང་རང་དང་རིགས་མི་མཐུན་པ་རྣམས་གཏོར་བཅོམ་ཇི་ལྟར་བྱེད་པའི་སྐོར་གསལ་ཡོད། འདིའི་ལྟ་གྲུབ་ནི་ཐོག་མར་ཌར་ཝིན་གྱིས་སྐྱེ་དངོས་རིག་པའི་འབྱུང་ཁུངས་ཞེས་པའི་སྙན་གྲགས་ཅན་གྱི་དཔེ་དེབ་བཏོན་པ་དེའི་ནང་བཀོད་པ་ལས་བྱུང་བ་ཞིག་ཡིན།
མཐའ་མར། འཇིག་རྟེན་ཁམས་ཀྱི་ཆགས་རབ་ཅེས་པའི་ལེ་ཚན་འདིའི་རྩོམ་པ་པོ་ནི། སི་ཊེ་ཧྥན་ ཧའོ་ཀིང་ Stephen Hawking ཡིན་པ་དང༌། ཁོང་གིས་འཇིག་རྟེན་ཁམས་ཀྱི་སྐོར་ལ་དཔེ་དེབ་གྲགས་ཅན་འགའ་ཞིག་བརྩམས་ཡོད་པའི་ཁྲོད་ནས་གྲགས་ཆེ་བ་འཇིག་རྟེན་ཁམས་ཀྱི་བྱུང་བ་མདོར་བསྡུས་ Brief History of Time ཞེས་པ་ལ་ལེ་ཚན་བཅུ་གཅིག་ཡོད་པ་ལས་དང་པོ་འཇིག་རྟེན་ཁམས་ཀྱི་ཆགས་རབས་ཀྱི་སྐོར་ཡིན། ཁོང་ནི་གཟའ་སྐར་དཔྱད་ཞིབ་པ་གྷེ་ལི་ལིའུ་ Galileo འདས་གྲོངས་སུ་ཕྱིན་ནས་ལོ་སུམ་བརྒྱ་ཧྲིལ་པོ་འཁོར་བ་ན་འཁྲུངས་ཤིང༌། ཨོགསོ་ཧྥོཌ་མཐོ་སློབ་ནས་དངོས་ཁམས་རིག་པའི་ཐོག་སྦྱངས་མཐར་ཕྱིན། དགུང་ལོ་ཉི་ཤུ་མཚམས་ལ་སླེབས་པ་ན་ཀླད་རྩ་ལ་རྩ་དཀར་གྱི་ནད་རིགས་ཕོག་པའི་རྐྱེན་གྱིས་དུས་དེང་སང་ཡང་ཐད་ཀར་འགྲེང་སྟེ་འགྲོ་མ་ཐུབ་པར་ཞབས་སྟེགས་སྟེང་དུ་བསྡད་ནས་ཕར་འགྲོ་ཚུར་འོང་བྱ་དགོས་པར་གྱུར།
རྒྱ་གར་ལྷོ་ཕྱོགས་གནས་སྡོད་སེར་བྱེས་ལྡན་མ་བྱམས་པ་ཆོས་དབང་གིས་ཕྱི་ལོ་ ༢༠༡༠ ཟླ་ ༠༢ ཚེས་ ༡༥ ཉིན་མཇུག་གྲུབ་པ་དགེའོ། །
རི་རབ་གླིང་བཞི་མངོན་མཛོད་ནང་ལྟར་མེད་པ་འདི། །
ཉི་ཟླ་གཟའ་སྐར་གཟའ་འཛིན་སོགས་ཀྱིས་མི་སྟོན་ནམ། །
འོན་ཀྱང་ང་ཡིས་མཎཌལ་རྒྱས་བསྡུས་འབུལ་དུས་ཕན། །
དེ་བཞིན་སྤྲིན་ཆར་འབྲུག་སྒྲར་སྤྲིན་སྒྲས་གསལ་སྟོན་ཡོད། །
དེང་ནང་པའི་གྲྭ་བས་ཚན་རིག་སྦྱོང་བར་དགའ་འོས་པ་ཞིག་ཡིན་པ་ནི་ཅུང་བློ་རྒྱ་ཆེ་ཞིང་དག་སྣང་ཆེ་བ་དང་མ་ཟད་རང་ཉིད་ཀྱི་ལྟ་གྲུབ་ཁོ་ནར་ཞེན་ཁོག་ཆེ་བའི་ཨ་འཐས་ཀྱི་ལྟ་བར་བཟུང་བ་དག་ལ་ཅུང་གུ་ཡངས་པའི་གནས་ཚུལ་ཞིག་ཆགས་ཡོད།
འོན་ཀྱང་བོད་རང་གི་ཆོས་རིག་གི་ལོ་རྒྱུས་ནས་དུས་རབས་བདུན་པའི་ཡར་སྔོན་ནས་གནམ་གྱི་རྒྱུ་སྐར་ལ་བརྟེན་ནས་ས་གཞིར་དུས་ཚོད་དང་གནམ་གཤིས་གྲང་ངར་སོ་ནམས་པས་ཞིང་ལས་ལས་སོགས་ཀྱི་གནས་ཚུལ་རྣམས་འཐུས་སྒོ་ཚང་ལ་མ་ནོར་བར་ངེས་གཏན་གྱིས་གཏན་ལ་ཕབས་ཡོད།
དེས་ན་ཚན་རིག་གི་མྱེས་པོའམ་གསར་བཏོད་པ་ཐོག་མར་སུ་ཡིན་ང་ཚོས་དེ་ཚོ་ལའང་བསམ་གཞིགས་ཞིག་བྱེད་དགོས།
འོན་ཀྱང་ངེད་ཅག་བོད་རིགས་པའི་གཤིས་ཀ་ཞིག་ལ་རང་གི་རིག་གཞུང་དང་གོམ་གཤིས་ལས་སོགས་རྟག་ཏུ་གཞན་ལ་དཔེ་ལེན་བྱེད་རྒྱུར་དགའ་བའི་མི་རིགས་ཤིག་ཡིན་པས་ད་ཆ་བོད་ཀྱི་ནང་པའི་གྲྭ་བས་ཚན་རིག་སྦྱང་ཚུལ་གྱིས་འཇིག་རྟེན་སྣོད་བཅུད་ཀྱི་བཀོད་པ་དེ་དག་སྣོད་བཅུད་ཀྱི་གཞུང་ལས་གསལ་བ་དག་ལ་ཡིད་མི་ཆེས་ཤིང་ཡང་ན་དེ་དག་ལ་དྲངས་དོན་ངེས་དོན་འགྲེལ་ཚུལ་གྱིས་མདོར་ན་རང་གི་ཆོས་གཞུང་ནས་བཤད་པ་དག་ལ་ཡིད་ཆེས་བརླག་སྟེ་ཚན་རིག་ཅེས་ཡིད་ཆེས་དང་ནང་སེམས་ཁམས་གནས་སྟངས་ལ་ཤིན་ཏུ་ནས་རྨོངས་པའི་ཚན་རིག་པའི་རྗེས་སུ་ཕྲུག་གུ་མ་ཡི་རྗེས་སུ་འབྲེང་བ་བཞིན་རྒྱུགས་ཚུལ་འདི་ལ་ལྟས་ན་མི་རིང་བར་དད་པ་དག་སྣང་དང་ཡིད་ཆེས་ཟེར་བ་ཆོས་གཞུང་ནས་བཤད་པའི་ནང་སེམས་ཀྱི་བསྒྲུབ་པ་ཉམས་ལེན་ལ་མེད་དུ་མི་རུང་བའི་གནད་པོ་ཆེ་དེ་དག་རིམ་གྱིས་ཉམས་མགོ་རྩམ་ཡོང་བཞིན་པ་ནི་ངོ་མ་ཡིད་སྐྱོ་དགོས་པ་ཞིག་རེད་འདུག
ཆོས་ལུགས་ཀྱི་ལྟ་གྲུབ་ནས་བཤད་ན་དད་པ་དང་ཡིད་ཆེས་མེད་ན་ས་དང་ལམ་འབྲས་སོགས་ཀྱི་འབྲས་བུ་བླ་ན་མེད་པའི་གོ་འཕང་བསྒྲུབ་རྒྱུར་ཕར་ཟད་སྐྱབས་འགྲོ་ཙམ་ཡང་རང་རྒྱུད་ལ་སྐྱེ་མི་སྲིད་པས་དེས་ན་ངེས་པར་དུ་གཟབ་དགོས་པར་མཐོང་ངོ།
བོད་པའི་སྐད་ཡིག་ནང་ཚན་རིག་གི་བརྗོད་བྱ་ཁྱབ་རྒྱ་ཇེ་ཆེ་དང་ནང་དོན་ཇེ་ཟབ་ཏུ་འགྲོ་བཞིན་པའི་སྐལ་བཟང་ཞིག་ཤར་གྱིན་འདུག
རྩོམ་པ་པོར་དགའ་བསུ་དང་ཡི་རངས་བཅོས་མིན་ཡོད།
དཔེ་དེབ་ཅིག་ངོ་སྤྲོད་བྱེད་སྐབས་དཔེ་དེབ་དེའི་གོང་ཚད་དང་། གང་ནས་སྤར་བསྐྲུན་བྱས་པ། གང་དུ་ཉོ་རྒྱུ་ཡོད་པ། དཀར་ཆག་ཇི་ལྟར་བསྒྲིགས་ཡོད་པ་སོགས་འགྲེལ་བཤད་གསལ་པོ་དགོས་རྒྱུ་ནི་དཔེ་དེབ་ངོ་སྤྲོད་ཀྱི་ཆ་ཤས་གལ་ཆེ་ཤོས་དག་མ་ཡིན་ནམ།
ཀླུ་སྨྱོན་བོར་ནས་འཚོལ་བཞིན་པའི་སྐབས་འདིར། བཙལ་མཁན་བྱུང་ཡོད་མེད་མ་ངེས་ཀྱང་། ངའི་སེམས་ངོར་དཔྱོད་ལྡན་པ་ཞིག་ཏུ་སྣང་བའི་ལྷོ་ཕྲུག་སྣ་བོ་ཆེ་གློ་བུར་ལ་འདིར་ཕེབས་འདུག་པས་དགའ་བསུ་ཡོད་ལ མུ་མཐུད་བཞུགས་རོགས་གནང་ཞེས་ཞུ་འདོད་ཀྱང་བྱུང་།
ཁ་བྲོ་བཀྲ་ཤིས་ཀྱི་འཚམས་འདྲི་ཞུ།
རྩ་བ་བོར་ནས་ཡལ་གར་མ་འཛིན་གསུངས་པ་བཞིན་ཡལ་གར་འཛིན་པ་ལ་རྩ་བ་བོར་མི་དགོས་ཀྱང་།
རྩ་བ་དང་ཡལ་གར་མཉམ་འཛིན་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེ།
ཕ་བཟང་བུ། ངས་ཁྱོད་ལ་དགའ་བསུ་ཞུ།
རང་རེའི་བོད་ཀྱི་བཀའ་བསྟན་སོགས་རིག་པའི་གནས་ལྔ་ལྡན་པའི་དཔེ་ཆ་རྒྱ་མཚོ་ལྟ་བུ་དེ་རྣམས་དེང་དུས་ཚན་རིག་དང་མཐུན་པར་སྤར་སྐྲུན་བྱེད་པ་ལ་མཐུན་རྐྱེན་གང་དང་གང་དགོས་པ་འདུག བདག་གི་ཤག་གི་དཔེ་མཛོད་ན་ཆེད་དུ་བརྗོདཔའི་ཚོམས་དང་སྐྱེས་་པའི་རབས་ཀྱི་རྒྱུད། ༢༠༠༨ ལོར་ལི་ཐང་གཞི་བྱེས་བརྟན་བཞུགས་ཚོགས་པས་བོད་དཔེ་རིང་དུ་སྤར་པ་ལྟ་བུ་རང་དུ་སྤར་པ། ཡིག་འབྲུ་ལེགས་པ་ཞིག་འདུག འོན་ཀྱང་འདི་དག་གི་ལེགས་སྦྱར་དཔེ་ཆ་དེ་དག་ནི། དུས་དང་ཡུལ་སོ་སོར་ཚན་རིག་དང་མཐུན་པར་རྒྱ་གར་པ་དང་ཕྱི་རྒྱལ་པས་སྤར་བསྐྲུན་བྱས་འདུག གལ་ཏེ་ཁྱེད་ཅག་གང་རུང་ལ་དཔེ་དེབ་དེ་འདྲ་བ་ཡོད་ན། ཚན་རིག་དང་མཐུན་པར་དཔེ་བསྐྲུན་བྱས་པ་ལ་དགེ་མཚན་གང་འབྱུང་བ་འདུག རང་རང་གི་དགོངས་ཆར་དྲ་གྲོགས་རྣམས་ལ་གསུང་གྲོགས་དང་། གལ་ཏེ་ཚན་རིག་དང་མཐུན་པར་དཔེ་བསྐྲུན་ལ་དགེ་མཚན་ཡོད་ན། མ་འོངས་པ་ན་རང་རེའི་བོད་དཔེ་དག་ཀྱང་ཚན་རིག་དང་མཐུན་པར་བྱས་ཏེ། དཔེ་སྐྲུན་བྱེད་པ་པོ་རྣམས་ལ་བསྐུལ་མ་ཞུ་དགོས་ཞེས་བདག་གི་ཡིད་ལ་ཡོད་དོ།།
བྱམས་པ་ཆོས་དབང་ལགས་བཙུན་པ་ཞིག་ཡིན་ནམ། ངས་ཁོང་གི་སྐོར་གོ་མྱོང་མེད། དྲ་གྲོགས་ཤིག་གིས་ཁོའི་སྐོར་ཏོག་ཙམ་ཞིག་གསུང་ན་མི་ལེགས་སམ། རྩོམ་པ་པོ་ངོ་མ་ཤེས་པར་རྩོམ་ཡིག་ལ་ཧང་སང་ནས་སྡོད་ན་སེམས་མི་སྐྱིད་ཅིང། རྩོམ་པ་པོ་དེ་སུ་ཞིག་ཡིན་མིན་དང། སློབ་སྦྱོང་གང་ཞིག་བྱས་ཡོད་མིན་སོགས་ལས་ཁོང་གི་བྲིས་པའི་དཔེ་དེབ་དེར་ཆེས་མཐོང་དེ་བས་ཆེ་ཙམ་དུ་འགྲོ་རྒྱུ་རེད།
གཞིས་བུ་ལགས། སྤྱིར་བཏང་རྩོམ་པ་པོ་ངོ་ཤེས་དགོས་པ་ནི་གལ་ཆེ་མོད། དེ་ལས་ཀྱང་གང་ཟག་ལ་བརྟེན་ནས་བརྩམས་ཆོས་ཀྱི་རིན་ཐང་འཇལ་བ་དང་། བརྩམས་ཆོས་ལ་བརྟེན་ནས་གང་ཟག་གི་ཚད་འཇལ་བ་གཉིས་ལས་ཕྱི་མ་འདི་གལ་ཆེའོ།།
དྲ་བལྟ་ཚོ། རྩོམ་པ་པོ་ཤེས་དགོས་རྒྱུ་གལ་ཆེན་པོ་མིན། གཙོ་བོ་དཔེ་དེབ་དེའི་ནང་གི་བརྗོད་བྱ་རྟོགས་རྒྱུ་གལ་ཆེན་པོ་རེད་བསམ།
དེབ་འདི་བོད་པ་ཉུང་ཤས་ལ་མཚོན་ན་གསར་པ་ཡིན་ན་ཐང་། སྤྱིར་བཤད་ན་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཀྱི་སྐོར་སྔོན་མ་ནས་སྐད་ཡིག་གཞན་པའི་ནང་ཡོད་པ་ཞིག་ཡིན།
བཀའ་པོད་ལྔ་ལ་སྦྱངས་པའི་རིགས་པ་གཞན་ལ་བེད་སྤྱད་ཐུབ་ན་དགེ་མཚན་ཆེ་བ་མ་གཏོགས་སྐྱོན་ཆ་གང་ཡང་མ་མཐོང་ངོ། །འོན་ཀྱང་ཡོད་ཚད་ལད་ཟློས་བྱེད་ན་རང་ཉིད་ཅོལ་ཆུང་ཡིན་པའི་རྟགས་སོ། །ནང་བསྟན་གྱི་གཞི་བདེན་པ་གཉིས་དང་ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་ཐུགས་ཟུང་འཇུག་ཅེས་པ་དེང་སང་ཚན་རིག་གི་དཔྱོད་ཐབས་དང་ཡེ་ནས་མི་མཚུངས་ཏེ། ཚན་རིག་གིས་འཕྲུལ་ཆས་ལ་བརྟེན་ནས་རང་བྱུང་ཁམས་ཀྱི་གསང་བ་བསྔོག་འདོན་བྱས། ནང་པས་རང་བྱུང་གི་རིག་པར་བརྟེན་ནས་གཞི་བདེན་པ་གཉིས་ཀྱི་གནས་ལུགས་འཚོལ་བ་ཡིན་པས་གཞིའི་གནས་ལུགས་གཏན་ལ་འབེབས་ཚུལ་མི་འདྲ། ཚན་རིག་གི་རྫས་འགྱུར་རིག་པ་དང་སྐྱེས་དངོས་རིག་པ། དངོས་ཁམས་རིག་པ་བཅས་ལ་ལམ་དང་འབྲས་བུའི་རྣམ་གཞག་མེད།རྒྱུ་མཚན་ནི་སེམས་ཀྱི་འགྱུར་བ་དང་ཕྱིའི་བེམ་པོ་གཉིས་བསྡུར་ཐབས་མེད་པས་ཡིན་ལ། །དབུ་མ་བཞི་བརྒྱ་བ་ལས་བཤད་པ་ལྟར་ནང་བསྟན་ནི་སེམས་གཙོ་ཡིན་པ་དང་བེམ་གཟུགས་གཙོ་བོ་མ་ཡིན། ནང་བསྟན་གྱིས་ལས་འབྲས་གཙོ་བོ་བཤད་ཅིང་རྡུལ་ཕྲན་གཙོ་བོ་བཤད་མེད། འོན་ཀྱང་སྐབས་རེར་རྗེ་མི་ལས་གསུངས་པ་ལྟར། ཆོས་ཀྱི་སྙིང་པོ་རྟེན་འབྲེལ་ཡིན།།ཞེས་པ་ལྟ་བུས་ཕྱི་ནང་གི་ཆོས་ཐམས་རྟེན་འབྲེལ་གྱི་རང་བཞིན་དུ་གཏན་ལ་འབེབས་པའི་སྐབས་སུ་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་རྒྱུའི་ཆེད་ཡིན་པ་ལས། ཚན་རིག་པ་ལྟ་བུའི་ཡ་མཚན་དངོས་བྱུང་གཅིག་བུའི་ཆེད་དུ་མ་ཡིན། ། འཇིག་རྟེན་གྱི་ཡོད་ཚད་ནི་རྡུལ་ཕྲ་མོའི་རྫས་འགྱུར་ལ་བརྟེན་ནས་བྱུང་བར་འདོད་པས་ཚན་རིག་པས་སྐྱེ་བ་སྔ་ཕྱི་འཇོག་ཐུབ་ཀྱི་མ་རེད།
བཀྲ་ཤིས་བདེ་ལེགས།