ཨོ་རྒྱན་ཉི་མ།
དགོན་སྡེ་ཁག་ཏུ་ཚན་རིག་གི་འཛིན་གྲྭ་གསར་འཛུགས་དང་། ཚན་རིག་སློབ་ཚན་དུ་བཞག་པ་དེ་དགོས་ངེས་ཤིག་རེད། ཡིན་ན་ཡང་ཐུགས་གཟབ་གནང་དགོས་ས་དེ་སློབ་ཚན་དེ་ཉིད་རྩ་བ་དང་། ཡན་ལག་གང་ཡིན། ཚན་རིག་སྦྱོང་བའི་དགོས་འབྲས་དང་། བསམ་ཕྱོགས། དགེ་སྐྱོན་སོགས་ཐུགས་བསམ་གནང་དགོས་ངེས་ཤིག་རེད་མ་གཏོགས། སྦྱང་བྱ་དང་། སྦྱང་གཞི་ཡོད་ཚད་སློབ་ཚན་བཙུགས་ཤིང་། དེ་ཉིད་ལ་ཞེན་ཆགས་ཆེ་དྲགས་སོང་ན་དགོན་པའི་རྩ་བའི་ལུང་རྟོགས་ལ་གཉིས་ལ་གོད་ཆག་མི་འབྱུང་བའི་ངེས་པ་ཡང་མེད་པ་རེད། སྔོན་གྱི་དུས་སུ་འཕགས་པའི་ཡུལ་དུ་ཡང་དགོན་སྡེ་མང་པོ་རེད། གྲྭ་བ་ཚོ་འཇིག་རྟེན་ལ་ཞེན་པ་ཆེ་དྲགས་དེ་ཚང་མ་ཕུང་སོང་བ་དང་། རྩ་མེད་དུ་སོང་བ་རེད། རྒྱ་ནག་དུ་ཡང་དགོན་པའི་གྲྭ་བ་འགའ་ཞིག་ནུབ་ཕྱོགས་སུ་སོང་སྟེ། ནུབ་ཕྱོགས་པའི་ལམ་ལུགས་དང་། ཆོས་གཉིས་ཟུང་འབྲེལ་བྱེད་ཡིན་ཞེས་འདྲ་མིན་སྣ་ཚོགས་བྱས་པ་ལ་བརྟེན་ནས་དགོན་པ་ཆེན་པོ་ཞིག་ལས། དེར་གཏན་སྡོད་ཀྱི་གྲྭ་བ་མེད་པར་ཆགས་སོང་བ་རེད། དེ་ཕྱིར་བོད་ཀྱི་དགོན་སྡེ་ཁག་ཏུ་སྐད་ཡིག་དང་། ཚན་རིག་འཛིན་གྲྭ་གསར་འཛུགས་གནང་བའི་དགོས་པ་གང་ཡིན་ངེས་དགོས་པ་དང་། སྐད་ཡིག་དང་། ཚན་རིག་གི་དགེ་སྐྱོན་ཤེས་དགོས་པ་དེ་ཡང་གལ་ཆེན་རེད། སྐད་ཡིག་དང་། ཚན་རིག་སློབ་ཚན་དུ་བཞག་པ་དང་། སྦྱང་གཞི་རུ་བཞག་པ་དེ་ནང་ཆོས་ཆོས་རམ་འདེགས་སུ་ཡོང་ན་བསམ་པ་ལས། ཚན་རིག་ལ་མ་ལྟོས་པར་ནང་བསྟན་གྱིས་མ་འདང་བ་དང་། མ་འཐུས་པས་མ་རེད་ལ། རྩ་བའི་ནང་ཆོས་ཀྱི་སློབ་གཉེར་ཐོས་ཤོར་དུ་སོང་ན་ཚན་རིག་དང་། སྐད་ཡིག་གིས་དགོན་པའི་དགོས་མཁོ་བསྐང་ཐུབ་པ་ཁག་པོ་རེད། དེ་ཕྱིར་དགེ་འདུན་པ་ཚོས་དུས་ནམ་ཡང་ལེགས་ཉེས་དབྱེ་འདེམས་ཀྱིས་སྐད་ཡིག་དང་། ཚན་རིག་བཀོལ་སྤྱོད་བྱ་རྒྱུ་དེ་གལ་ཆེན་པོ་རེད། ནང་ཆོས་ཀྱི་གོ་བ་གཏིང་རུམ་དུ་མ་སོང་ཕྱིན་ཚན་རིག་དང་། སྐད་ཡིག་ཙམ་གྱིས་ནང་པའི་ཆོས་དང་། རིག་གཞུང་ལ་སྲི་ཞུ་བསྒྲུབ་མི་ཐུབ་པ་ཡང་ཤེས་དགོས་པའི་གནད་གསང་ཞིག་རེད། དེ་ཙམ་དུ་མ་ཟད་དགག་དགོས་ཡོངས་སུ་ཚང་བའི་སྒོ་ནས་རིག་གཞུང་གསར་རྙིང་གཉིས་ལ་འཇུག་དགོས་པ་དང་། ཆོས་པ་ཞིག་དང་། ནང་བསྟན་གྱི་རྗེས་འཇུག་པ་ཞིག་ཡིན་པའི་ཆ་ནས་དུས་ནམ་ཡང་འདོར་མི་རུང་བ་དེ་གཞན་ཕན་དང་། ལུང་གི་ཆོས་ལ་བསྟེན་ནས་རྟོགས་པའི་བསྟན་པ་ཁོང་དུ་ཆུད་པར་བྱ་དགོས་པ་དང་། ལུང་རྟོགས་གཉིས་རྒྱུད་ལ་ལྡན་པའི་གང་ཟག་ཅིག་གིས་གདུལ་བྱ་གཞན་ཚར་གཅོད་དང་། རྗེས་འཛིན་གྱི་ཆེད་དུ་སྐད་ཡིག་དང་། ཚན་རིག་ལ་སྦྱང་དགོས་པ་མཁྱེན་དགོས་པའོ། །
འཇིག་རྟེན་གྱི་བྱ་དངོས་གང་ལའང་དངོས་ཡོད་དང། བདེན་པ། ཡང་དག་པའི་སྒོ་ནས་གཏན་ལ་ཕབ་པའི་ལྟ་བ་ཞིག་ཡིན་ཚེ་སྦྱང་དགོས་པ་དང་། སློབ་དགོས་པ། བརྟག་དཔྱད་ཞིབ་འཇུག་བྱེད་དགོས་པའི་གནད་དོན་ཞིག་ཡིན་ཙང་ཆོས་ཡིན་ནའང་འདྲ། ཚན་རིག་ཡིན་ནའང་འདྲ་དགེ་སྐྱོན་གྱི་སྐད་ཆ་གང་ཡང་ལྷག་མེད། གོ་སྐབས་དང་སྦྱང་འདུན་ཡོད་མཁན་དག་ནས་ཤུགས་རྒྱག་དགོས་པའི་དོན་དག་ཞིག་རེད། དགོན་པའི་མིང་ཙམ་གྱིས་འགྲོ་བ་མིའི་རིགས་ལ་ཕན་ཐོགས་ཡོད་པར་བརྗོད་དཀའ། འདིར་ཤོད་པའི་དགོན་པའི་མིང་ཙམ་ཞེས་པ་བོད་ལུགས་དགོན་པ་གཅིག་པུ་ལ་གོ་བ་མིན་པར་ཁ་ཆེ་དང་ཡེ་ཤུ་སོགས་ཀྱི་དགོན་པ་ཡང་དེའི་ཁོངས་སུ་བསྡུས་ཡོད།
ཨོ་རྒྱན་ཉི་མ་མཆོག་གིས་བྲིས་པ་བདེན་པར་ངེས།
གཙོ་བོར་ནང་བསྟན་སྦྱོང་བའི་ཞར་ལ་ཚན་རིག་ཤེས་པ་རྒྱན་དུ་འགྲོ། དེ་མིན་གདན་ས་ཁག་གི་གྲྭ་པ་ཞིག་ལ་ཕྱི་ལོགས་པ་ཞིག་གིས་བདག་མེད་ཀྱི་སྐོར་དྲི་ན། དེ་ལ་དགོན་པའི་དཔེ་ཆ་ལྟར་ལན་ཞིག་མེད་ན། ཚན་རིག་ལེགས་པར་ཤེས་ཀྱང་ཕན་ཐོགས་ཆུང་།
འབྲི་བ་པོས། ནང་བསྟན་གྱིས་མ་འདང་བ་དང་། ཁག་པོ་རེད། བྲིས་སོ། །དེས་ན། འདང་བ་དང་། ཁག་པོ་ཞེས་པའི་སྐོར་ལ་དྲི་བ་ཡོད། སྒྲ་འདི་གཉིས་འབྲི་བ་པོས་བཀོལ་སྤྱོད་བཞིན་བོད་ཡོངས་ལ་ཁྱབ་པ་ཡིན་ནམ་མ་ཡིན། སྒྲ་འདི་གཉིས་ཀྱི་འབྱུང་སྟངས་དང། བོད་ཀྱི་གཞུང་ན་འདང་བ་དང་། ཁག་པོ་ལ་དོན་དག་གཞན་ཡོད་པ་ཚན་རིག་གིས་སྒོ་ནས་བཤད་པ་རེ་གསུང་ན། ལེགས་སོ། ཞེས་ཞུའོ།།
ཨིན་སྐད་དུ་ཡོད་པའི། ལི་ཝིང་ ཐིང་སེ། འདི་སེམས་ཅན་སྲོག་ལྡན་ལ་འཐད་ཀྱང་། སྲོག་མེད་མྱུ་གུ་སོགས་ལ་སྲོག་ལྡན་གྱི་མིང་འདོགས་པ་མི་རིགས་སོ་སྙམ་པས་ཡིན་ལགས།
རྩ་མེད་འགྲོ་ཡ་གཅིག་ཡིན་ན་འགྲོ་དགོས་ངེས་རེད། བོད་པའི་དགོན་སྡེ་དེ་ཚོ་མི་རྣམས་ཀླད་རྙིང་མཁྲེགས་ཅན་ཞིག་ཏུ་སྒྱུར་བྱེད་མིན་པ་དོན་དངོས་ཀྱི་གནས་ལུགས་རྟོགས་ཆེད་ཡིན་དུས་སུ་ལ་བདེན་པ་མེད་ན།་དེ་ཕམས་སུ་འཇུག་དགོས་ངེས་རེད། ཡང་ཅིག་བྱེད་ན་དགོན་སྡེ་ཁག་ཁག་ཏུ་གྲྭ་བཙུན་ཚོས་མི་ཚེ་སྐྱེལ་དགོས་དུས་ཆོས་ལུགས་གཅིག་བུ་མ་ཡིན་པ་སློབ་ཚན་གཞན་པ་སྦྱང་བར་ཁོམ་པ་ཡོད་པས་གང་ཞིག་སྦྱང་ན་འདོད་ན་དེ་ལྟར་སྦྱང་ན་ལེགས། བཀག་རྒྱ་མང་ན་རྩ་མེད་འགྲོ་བའི་སྔ་ལྟས་རེད། དེ་སྔོན་བཀཀ་རྒྱ་མང་པས་རང་དབང་ཡོད་ཚད་གཞན་ལ་ཤོར། ད་ལྟར་བཀཀ་རྒྱ་མང་དུ་མི་རྣམས་ལྐུག་པ་སྒྱུར་ནས་རྨོངས་ཞེན་གྱི་ཁྲོད་དུ་རྩ་མེད་འགྲོ་ངེས་རེད། རྨོངས་ཞེན་གྱི་ཁྲོད་དུ་རྩ་མེད་འགྲོ་བ་ལས་གཟི་བརྗིད་ལྡན་པའི་ངང་རྩ་མེད་ཕྱིན་ན་ལེགས། རྒྱུ་མཚན་ནི་ངེས་བ་རྙེད་ནས་རྩ་མེད་བཏང་བ་ནི་ངེས་བ་མ་རྙེད་པ་གཞན་དབང་གིས་རྩ་མེད་བཏང་བ་ལས་ཡག་པས་རེད།
བསྟོན་པས་ཁྱེད་ཚོ་འཇིག་རྟེན་འཁོར་བ་ལྷུང་ན་དོན་དག་ཅང་ཡོད་པ་མ་རེད། དེ་ན་ངའི་ལམ་ལ་ཞུགས་ནས་མཐར་སངས་རྒྱས་ན་ མྱི་ཟོག་ཚང་མར་ཕན་ཐོག་པོ་ཡོད་པ་རེད་ཟེར་ནས་ད་བར་ཕྱིན་པ་རེད། དེ་འགྲིག་ཡོད་པ་རེད། དེ་མིན་མཚན་རིག་ཤེས་བའི་མཇུག་འབྲས་ནི་འཇིག་རྟེན་འཁོར་པ་འཁོར་ནས་ལག་ལེན་བྱེད་པ་ལས་དེ་ཤེས་དང་མ་ཤེས་ཀྱིས་སངས་རྒྱས་བ་ཞིག་མ་རེད། གྲྭ་རྒན་ཆོ།
བསམ་ཚུལ་ཡག་པོ་བྲིས་གནང་འདུག །མ་འོངས་བར་དགོན་པ་ནི་ཚན་རིག་གི་ཚོད་ལྟ་ཁང་ཞིག་ཏུ་གྱུར་སོང་ན་དེ་ནས་དགོན་པའི་ངོ་བོ་བརླགས་སོང་བ་རེད། འདི་ནི་ལས་ཀྱི་སྣེ་མོ་བ་དག་གིས་ངེས་པར་དགོངས་བཞེས་གནང་ཐུབ་ཀྱི་རེད་ལ། དགོངས་བཞེས་གནང་དགོས་པ་རེད། གཙོ་བོར་ནང་གི་བསམ་བློའི་ཤེས་ཡོན་དེ་གལ་ཆེན་པོ་རེད། དེ་ཡོང་བ་ལ་ཕྱི་རོལ་བ་དང་ཚན་རིག་གི་གྲུབ་མཐའ་དེ་ཚོ་ཤེས་ཐུབ་ན་ནང་གི་བསམ་བློར་རམ་འདེགས་བྱེད་ཐུབ།
ང་ཚོས་ད་བར་སངས་རྒྱས་ཀྱིས་རྗེས་སུ་འབྲངས་ནས་རང་ས་དང་། རང་ཡུལ། ཡོད་ཚད་བློས་གཏོང་གིས་མི་ཡུལ་འཁྱམས་པ་རེད་དེ། སངས་རྒྱས་ཀྱི་དྲིན་ལ་བརྟེན་ནས་མི་ཡུལ་ནས་གསོན་ཤུགས་རྒྱས་བཞིན་པ་ལས། ཕམ་ཉེས་འཁུར་ཡོད་པ་མཐོང་མ་སོང་། ཚན་རིག་གི་རྗེས་སུ་འབྲང་པ་ཚོས་ཡོད་ཚད་རང་གི་བདག་པོ་རྒྱག་འདོད་འདིས་གོ་ལ་ཧྲིལ་མོ་བཟུང་ལ་ཉེ་བ་རེད། ད་ལྟའི་དུས་ཚོད་འདི་ལ་བསླེབ་དུས་བསམ་ཤེས་རེ་ཡིན་ན་ཚན་རིག་ཞེ་མི་ལོག་པ་དང་། དཔྱོད་ལྡན་ཞིག་ཡིན་ན་ཚན་རིག་སྙིང་མི་ན་མཁན་དཀོན་པོ་རེད། ཚན་རིག་ལ་དགའ་ཞིང་། ཚན་རིག་ལ་དུང་བ་དང་ཐོག་མཁས་བླུན་གཉིས་ཀའི་ཁྲོད་བྱུང་མྱུང་མོད། དེང་སང་ཚན་རིག་ལ་ཕུལ་དུ་བྱུང་བའི་རིག་གཞུང་ཅིག་ཏུ་འཛིན་པ་ནི་བླུན་པོ་ལས་དཔྱོད་ལྡན་ཞིག་ཡོད་པར་མི་སེམས།
བོད་ཀྱི་རིགས་གཞུང་རྒྱ་མིས་རྩ་མེད་བཟོས་སོང་ཟེར་ནས་འཛམ་གླིང་གང་ས་ནས་ཞལ་འདེབས་བསྡུས་བས་སློབ་གྲ་ཡག་ཐག་ཆོད་དག་དག་བྱུང་ཡོད་ན་ཡང་དེང་རབས་རིགས་གནས་ཀྱིས་ཕོང་འདུག་ཟེར་ནས་ཨིན་ཡིག་འདྲ་གཙོ་བོ་སློབ་ཁུལ་བྱས་ནས་བོད་ཡིག་ལ་བརྩེ་བ་བརླགས་འདུག བོད་ཡིག་གི་སྲོག་རྩ་གཏོར་སོང་། དེང་སྐབས་སློབ་གྲ་ཁག་ནི་ཕྱི་རྒྱལ་ལ་འགྲོ་སའི་འབབ་ཚུགས་ལྟ་བུ་ཆགས་འདུག། དེང་སྐབས་གྲ་ས་ནས་ཚན་རིག་སློབ་དགོས་ཟེར་ཁུལ་བྱས་ནས་སངས་རྒྱས་ཆོས་ཀྱི་དགའ་ཞེན་བརླགས་གི་འདུག དེ་དག་ཚང་མ་སྦྲང་རྩིའི་ནང་ལ་དུག་སྦྱར་བའི་ཁ་ལག་ཅིག་རེད། བཙན་བྱོལ་བོད་མིའི་སློབ་གྲ་ཁག་ན་བོད་ཡིག་ཚར་འདུག གྲ་ས་ནས་ཆོས་ཚར་སོང་ན་ང་ཚོར་ག་རེ་ལྷག་སོང་། དེ་ལས་ཚན་རིག་གི་གཞུང་ལུགས་རྣམས་བོད་ཡིག་ལ་བསྒྱུར་བ་ཡིན་ན་སློབ་འདོད་ཡོད་མཁན་ཡོད་ན་ཟུར་ནས་སློབ་གི་རེད།
(གོང་གི་མཆན་ཡིག་ཏུ། ཚན་རིག་གི་སྒོ་ནས། ཞེས་པ་བསུབ་ནས། དེའི་ཚབ་ཏུ་ཞིབ་གསལ་གྱི། ཞེས་བྲིས།)
ཨོ་རྒྱན་ཉི་མ་མཆོག་གིས་བྲིས་པ་བདེན་པར་ངེས།
གཙོ་བོར་ནང་བསྟན་སྦྱོང་བའི་ཞར་ལ་ཚན་རིག་ཤེས་པ་རྒྱན་དུ་འགྲོ། དེ་མིན་གདན་ས་ཁག་གི་གྲྭ་པ་ཞིག་ལ་ཕྱི་ལོགས་པ་ཞིག་གིས་བདག་མེད་ཀྱི་སྐོར་དྲི་ན། དེ་ལ་དགོན་པའི་དཔེ་ཆ་ལྟར་ལན་ཞིག་མེད་ན། ཚན་རིག་ལེགས་པར་ཤེས་ཀྱང་ཕན་ཐོགས་ཆུང་།
འབྲི་བ་པོས། ནང་བསྟན་གྱིས་མ་འདང་བ་དང་། ཁག་པོ་རེད། བྲིས་སོ། །དེས་ན། འདང་བ་དང་། ཁག་པོ་ཞེས་པའི་སྐོར་ལ་དྲི་བ་ཡོད། སྒྲ་འདི་གཉིས་འབྲི་བ་པོས་བཀོལ་སྤྱོད་བཞིན་བོད་ཡོངས་ལ་ཁྱབ་པ་ཡིན་ནམ་མ་ཡིན། སྒྲ་འདི་གཉིས་ཀྱི་འབྱུང་སྟངས་དང། བོད་ཀྱི་གཞུང་ན་འདང་བ་དང་། ཁག་པོ་ལ་དོན་དག་གཞན་ཡོད་པ་ཞིབ་གསལ་གྱི་བཤད་པ་རེ་གསུང་ན། ལེགས་སོ། ཞེས་ཞུའོ།།
བསོད་ནམས་ཀྱི་མཆན་ལ་་་་དགོན་སྡེ་དག་ལས་རྩ་བའི་སློབ་གསོའི་མང་གཞི་ཡག་བོ་ཡོད་དགོས་བ་དེ་དངོས་ཡོད་བདེན་པ་རེད་ལྷག་པར་ཏུ་རིག་གཞུང་འདྲ་མིན་སྣ་ཚོགས་ལ་སྦྱོང་བ་མཐར་ཕྱིན་པ་བྱེད་ཐུབ་ན་ཡག་པོ་རེད་ཡིན་ན་ཡང་དེ་དག་ལ་ཡ་མཐའ་དང་མ་མཐའི་ས་འཚམས་ཞིག་ཡོད་པ་གསལ་པོ་རེད་གང་ཡིན་ཟེར་ན་དགོན་སྡེ་དག་ནི་སྤྱིར་བཏང་བ་ཞིག་མ་རེད་དེ་ལ་ཆོས་ཁྲིམས་དང་འདུལ་ཁྲིམས་ཟེར་བ་ཞིག་ཡོད་པས་སྤྱི་ཚོགས་གཞན་དང་མི་འདྲ་བ་ཞིག་ཡིན་ཁྱེད་རང་གི་གསུང་བ་ལ་བཀག་རྒྱ་མང་ན་ཡག་པོ་མི་འདུག་ཟེར་བ་དེ་ཡང་བདེན་པ་རེད་ཡིན་ན་ཡང་རྩ་བའི་ཁྲིམས་དང་མི་འགར་བའི་ཐོག་ནས་བཀག་དགོས་བ་དེ་དངོས་ཡོད་རེད་རྩ་བ་ཉིད་ནས་བཀག་རྒྱ་མེད་ནས་བཏང་བ་ཡིན་ན་དེ་ཁྱིམ་པ་ཞིག་དང་གཅིག་པ་མ་རེད་དམ་གང་ལྟར་གྱང་ཁྱེད་རང་དེ་ལས་གྲོལ་བ་རེད་ད་སྐྱིད་པོ་འདྲ་ཨུ་ཡོད་གི་ཧཧཧཧ་གུ་རེ་ཡིན་བསམ་ཚུལ་དེ་དག་དག་རང་སྡད་མ་སོང
ཤི་མིན་རོ་མིན་གྱི་བོད་ཀྱི་གནས་སྟངས་འདིའི་ཐད་ནས་བཤད་ན་ཚན་རིག་སློབ་སྦྱོང་གནང་དགོས་པ་བདེན་པ་ལོས་ཡིན། འོན་ཀྱང་ཚན་རིག་སློབ་སྦྱོང་གནང་ས་ནི་གདན་ས་གསུམ་ཆེས་མི་འོས་ཤིང་། བོད་ཀྱི་སློབ་གྲྭ་ཁག་ཏུ་ཚན་རིག་གི་འཛིན་གྲྭ་གསར་འཛུགས་མ་གནང་བར་ནང་ཆོས་སློབ་ཁྲིད་མཛད་པ་དང་། གདན་ས་ཁག་ཏུ་ནང་ཆོས་ལ་སློབ་སྦྱོང་ཉམས་ཆགས་ཕྱིནཔ་སྲུང་སྐྱོབ་མ་གནང་བར་ཚན་རིག་གི་འཛིན་གྲྭ་གསར་འཛུགས་མཛད་པ་ནི་་་་་་བོད་ཀྱི་གཏམ་དཔེར་་་་་དགོས་ས་ལ་ཆད་་་་མི་དགོས་ས་ལ་ལྷག་ཟེར་པ་བཞིན་ནོ།གདན་ས་ཁག་ཏུ་ཚན་རིག་གི་འཛིན་གྲྭ་གསར་འཛུགས་གནང་པ་ནི་གདན་ས་ཁག་གཏོར་བཤིག་གཏོང་རྒྱུའི་ཐབས་ལམ་ཡག་ཤོས་ཞིག་ངོ་འཛིན་བྱ་ཆོག གདན་ས་རྣམས་སུ་ཐུགས་མཐུན་ཁྲིམས་གཙང་བའི་བཤད་སྒྲུབ་འཆད་ཉན་གནང་མཁན་ཉིན་རེ་ནས་ཉིན་རེ་ཇི་སྡུག་ཏུ་འགྱུར་བཞིན་པ་མི་མཐོང་ལག་ཟིན་རེད། གདན་ས་གྲྭ་ཚང་དུ་དམ་ཆོས་འདུལ་བའི་བསྟན་པ་ཉམས་ན་བསྟན་པ་ཉམས་ཆགས་འགྲོ་པ་ཡིན་པ་ལས་ཚན་རིག་གིི་སློབ་སྦྱོང་མེད་ན་བསྟན་པ་ཉམས་པ་སྔོན་བྱོན་མཁས་གྲུབ་ཀུན་ཀྱིས་གསུངས་པ་མ་ཚར་རོ། དེང་སང་གདན་ས་ཁག་ཏུ་དམ་ཆོས་འདུལ་བའི་ཉམས་བཞེས་གནང་མཁན་གསེར་ལས་དཀོན་ཞེས་ཟུར་ན་མ་འགྲིགས་པ་མེད་མོད། གདན་སའི་མཁན་པོ་རྣམས་ཀྱིས་ནང་བསྟན་རིག་གཞུང་ལ་དོ་གནད་མི་བྱ་བར་སྐད་རིགས་འདྲ་མིན་དང་། ཚན་རིག་སོགས་ཐུགས་འགན་མཛད་པ་ནི་གདན་སའི་མཁན་པོ་ཞིག་གི་ལས་འགན་ཨེ་ཡིན། དགེ་འདུན་པ་ཚོས་ཀྱང་ཕྱི་ཡི་སྤྱོད་པ་ཞི་ཞིང་འདུལ་བ་དང་། ནང་དུ་རིམ་གཉིས་ཀྱི་རྣལ་འབྱོར་མ་སྦྱོང་བར་གོས་ལོག་བཟང་ངན་དང་ལག་ཕོན་སོགས་ཡག་ངན་ངག་འཁྱལ་གྱི་ཅ་ཅོ་ཁོ་ན་སྒྲོགས་ཏེ་དུས་ཚོད་བསྐྱལ་བ་ནི་ཤིན་ཏུ་ཕམ་པའི་གནས་ཤིག་ཡིན་ནོ།།
ཚན་རིག་ནི་ས་སྟེང་གི་ཉི་མ་དང་ཟླ་བ་རེད། འདི་མེད་ན་འཛམ་གླིང་མུན་པ་འགྱུར་འགྲོ། ཚན་རིག་མེད་ན་ཁོ་ཨོ་རྒྱན་ཉི་མ་འཛམ་གླིང་ཤར་ནུབ་འགྲོ་རྒྱུ་བཞག་སྟེ་་་་་ ད་མ་བཤད། སངས་རྒྱས་བསྟན་པ་ལོ་ཉིས་སྟོང་ཙམ་ནས་ནུབ་འགྲོ་བ་སངས་རྒྱས་རང་གིས་བཤད། ཚན་རིག་ནི་ནམ་ཡང་ནུབ་ཏུ་མེད། ཚན་རིག་མི་དགོས་པ་འདོད་མཁན་ནི་བློ་རྒྱ་ཆུང་བའི་རྟགས། སྔོན་ཐེག་དམན་པས་ཐེག་ཆེན་ཁས་ལེན་མི་གཟོད་པ་དང་མཚུངས། ཨ་ཁ་ཁ། བླ་སྤྲུལ་འདི་ཚོས་གྲྭ་པ་དང་དགོན་པ་མི་དམངས་རྣམས་གླན་ལྐུག་ཤ་སྟག་མ་བཟོས་ནས་རང་ཉིད་ལ་གུས་བཀུར་མི་བྱེད་པ་དོགས། རང་གི་རྫུན་རྐུབ་རལ་གྱི་དོགས། མགོ་བསྐོར་གཏོང་མི་ཐུབ་པ་དོགས་འདུག དེ་བས་ཨ་ཁ་ཁ། ཚན་རིག་ལ་སྐྲག་སྣང་སྐྱེས་པ་ཡག་རྟགས་མ་རེད།
ངས་བལྟས་ན། ནང་ཆོས་ཀྱི་སློབ་ཚན་རྣམས་བརྟག་བྱ་ལྟ་བུ་དང་། ཚན་རིག་གི་སློབ་ཚན་རྣམས་བརྟག་བྱེད་ཀྱི་ལག་ཆ་ལྟ་བུ་བགྱིད་ནས། ལུང་རིགས་གཅིག་པུ་མ་ཡིན་པར། ཚན་རིག་ཐོག་ནས་ནང་ཆོས་ལ་བརྟག་པ་བགྱིས་ནས། བདེན་རྫུན་བཤེར་ཐུབ་ན། ནང་ཆོས་སྤུས་ཀ་ལེགས་ཏུ་སོང་བ་དང་། ནུས་པ་ཆེ་རུ་འགྲོ་ཐུབ།
ཚན་རིག་ལ་མ་སློབ་ན། ནང་ཆོས་ཀྱི་ཤེས་བྱ་འབའ་ཞིག་རྨོངས་དད་ལྟ་བུ་འདུག དཔེར་ན། མཛོད་ནང་གི་འཇིག་རྟེན་གྲུབ་ལུགས་དང་། རི་རབ་དང་གླིང་བཞི་སོགས་ནི། རྨོངས་དད་མ་ཡིན་ནམ། རེད། གལ་ཏེ་ཚན་རིག་བརྒྱུད་ནས་དེ་དག་གྲུབ་ཐུབ་ན། རྨོངས་དད་མ་རེད།
ཚན་རིག་གི་དཔྱད་པ་མ་བརྒྱུད་པའི་ཤེས་བྱ་ཚང་མ་ནི། བདེན་རྫུན་གསལ་བར་བྱེད་དཀའ། རྒྱུ་མཚན་མ་དཔྱད་པའི་ཕྱིར།
དེས་ན། དགོན་པར་ཚན་རིག་སློབ་པ་དེ་གནད་འགག་ཡོད། གལ་ཏེ་ནང་ཆོས་དེ་ནང་པས་ཤོད་པ་བཞིན། ཡང་དག་པ་ཡིན་ན། ནང་པ་ཚོ་ཚན་རིག་ལ་སྐྲག་མི་དགོས། ཚན་རིག་བརྒྱུད་ནས་དཔྱད་ནའང་། དེ་ལ་འགྱུར་བ་ཡོང་མི་སྲིད།
ཚན་རིག་ནི་ལག་ཆ་ལྟ་བུ་རེད། ནང་ཆོས་ཀྱི་ཤེས་བྱ་དེ་གཞུང་རེད། ཟུང་འབྲེལ་བགྱིས་ནས་དཔྱད་པ་བྱས་ན། ནུས་པ་ཆེན་པོ་ཡོང་སྲིད།
ལྷག་པར་དུ་ཚན་རིག་གི་ཤེས་བྱ་དག་བརྒྱུད་ནས། ཐམས་ཅད་མཁྱེན་པའི་ས་ལ་བགྲོད་ཚེ། ངོ་མ་ཁ་ཡོད་ལག་ཡོད་ཀྱི་ཐམས་ཅད་མཁྱེན་པ་གྲུབ་ཐུབ། དེ་མིན་པར། དངོས་པོའི་གནད་ལུགས་ཡག་པོ་མ་ཤེས་པར། བདེན་གཉིས་རྣམ་གཞག་ཤོད་པ་འདི་ཅུང་ངོ་ཚ་དགོས་པ་མ་རེད་དམ།
སྔོན་མ་ཕྱི་རྒྱལ་གྱི་སློབ་གྲྭ་ཞིག་ལ། བོད་པའི་མཁན་པོ་ཞིག་གིས། ནང་ཆོས་ངོ་སྤྲོད་བྱས་སོང་། ང་རངདེ་ཉན་པར་ཕྱིན་པ་ཡིན། ནང་པའི་ལྟ་གྲུབ་སྟོན་པ་ཉིད་དང་དོན་དམ་བདེན་པ་བཤད་དུས། ཕྱི་རྒྱལ་རྣམས་ཧང་སངས་འགྲོ་གི་འདུག དེ་ཁོང་ཚོས་ཆོས་ལུགས་གཞན་པ་ཀུན་ལས་གཏིང་ཟབ་པའི་ལྟ་བ་རེད་ཟེར། ཡིན་ནའང་། ནང་པའི་སྐྱེ་བ་སྔ་ཕྱི་དང་རྣམ་ཤེས་ཕོ་འགྱུར། བར་མདོ་སོགས་ཤོད་དུས། ཆོས་ལུགས་གཞན་དང་ཅིག་པ་རེད། ནང་པར་ཁྱད་ཆོས་གསར་པ་ཅི་ཡང་མིན་འདུག་ཟེར། ནང་པས་ཟེར་ན། རྒྱུ་དང་འབྲས་བུའི་ཆོས་ཉིད་ཀྱིས་སྐྱེ་བ་སྔ་ཕྱི་གྲུབ་རུང་། སྐྱེ་བ་སྔ་ཕྱིའི་འབྲེལ་བ་དེ་སུས་མཐོང་། སུས་ཤེས་ཟེར། རྣམ་ཤེས་སུས་མཐོང་ཟེར། གལ་ཏེ་རྣམ་ཤེས་ཟེར་བ་ལུས་གཅིག་ནས་ལུས་གཞན་ཞིག་ལ་ཕོ་འགྱུར་ཐུབ་ཀྱི་ཡོད་ན། རྣམ་ཤེས་དེ་རྟག་པ་མ་རེད་པས། དེ་གཞན་ལ་རྟེན་དགོས་ཀྱི་མིན་འདུག དེས་ན། ནང་པའི་རྟེན་འབྲེལ་ཟེར་བ་དེ་དང་རྣམ་ཤེས་ཕོ་འགྱུར་གཉིས་འགལ་བ་ཡིན་པའི་ཕྱིར་ཟེར་དུས། བོད་པའི་མཁན་པོ་དེ་རིགས་པ་ཤོར། རླུང་ལངས། གདོང་པ་དམར་པོ་ཆགས། སྐད་ཆའི་གོ་རིམ་འཆོར་འགྲོ་གི་འདུག
བོད་པའི་མཁན་པོ་དེས་ཀྱང་། ལྷ་སྒྲུང་ལྟ་བུ་དང་མདོ་མཛངས་བླུན་གྱི་སྒྲུང་ཁ་ཤས་ཀྱིས་སྐྱེ་བ་སྔ་ཕྱི་ཡོད་པར་བསྟན་རུང་དེ་ལ་སྙིང་པོ་གང་མིན་འདུག རྒྱུ་མཚན་ནི། སྒྲུང་ཁྱེར་ཡོང་ནས་བདེན་རྫུན་གྲུབ་མ་ཐུབ་པ་སུ་ཡོད་དམ། དེ་ནས་རིགས་པས་གྲུབ་དགོས་ཟེར་ནས། རིགས་པ་ཁག་གཅིག་གཏོང་སོང་། རྒྱུ་མཐུན་པ་གྲུབ་པ་ཟེར་བ་དང་། ཐད་ཀ་དང་ཐད་ཀ་མ་ཡིན་པའི་འབྲས་བུ་ཟེར་ནས་རྙོག་འདྲ་མང་པོ་ཞིག་བཤད་སོང་། ཕྱི་རྒྱལ་གྱི་རྣམ་དཔྱོད་ཅན་གྱི་སློབ་བུ་རྣམས་མཛུམ་མུལ་མུལ་བཞིན་བསྡད། ནང་པའི་སློབ་མ་ཡིན་པའི་ཕྱི་རྒྱལ་གཞན་པ་ཚོས། གསང་སྔགས་ཀྱི་འདྲི་བ་མང་པོ་ཞིག་བཀོད། དེ་ལ་མཁན་པོ་དེ་དབྱིངས་ཤོར་ནས། དོན་ངོ་མ། ཚན་རིག་ལ་དོ་སྣང་ཡོད་མཁན་དང་། དཔྱད་པ་བྱེད་མཁན་ཚོ་འདོད་པ་མ་འཁེངས་པར་ལོག་སོང།
ངས་བལྟས་ན་ནང་ཆོས་འདི་ལ་རིགས་མང་བོ་ཞིག་ཡོད་པ་ལས་གཞི་གཏན་འབེབས་འདི་དངོས་ཡོད་གནས་ཚུལ་གཞིར་བཞག་ནས་འགྲོ་དགོས་པ་རེད་མ་གཏོགས། གྲུབ་མཐའི་ཁ་འཛིན་དང་ཚིག་ཕར་འཐེན་ཚུར་འཐེན་དང་། ཡོད་མ་ཡིན་ན་མེད་པ་ཡིན་པའི་མ་ཁྱབ་ཟེར་བ་ལྟ་བུ་ཚིག་སྐམ་པོ་ཞིག་ལ་འཇུ་བ་དང་། ང་ཡོད་པ་མ་རེད། ཀུན་རྫོབ་བདེན་པ་ཚང་མ་ཡོདཔ་་མ་རེད། ཐ་སྙད་ཚད་མ་ཡོད་མ་རེད་ཟེར་གྱིན་ཟེར་གྱིན་སྒོར་མོ་ལ་དགའ་བོ་དང་། རྒྱུ་ལ་དགའ་བོ། ཁང་བ་རྫིག་པོ་ལ་དགའ་བོ་བྱ་རྒྱུ་མ་རེད་བསམ། ཚན་རིག་ཡོད་ཚད་དངོས་ཡོད་དང་མཐུན་གྱིན་ཡོད་མེད་མི་ཤེས་ཀྱང་། དངོས་ཡོད་དང་མཐུན་པ་རྣམས་གྲྭ་བ་ཚོས་ཀྱང་སྦྱང་དགོས་ཀྱི་རེད།
ཚན་རིག་ལ་སུ་ཁ་གཏད་ལངས་ན་དེ་རྩ་མེད་འགྲོ་རྒྱུ་ལས་མེད།
སངས་རྒྱས་ཀྱིགསུངས་པའི་ཆོས་སམ་ནང་རིག་པ་ཞིག་སྟོན་པའི་ཆོས་ཤིག་གིས་རང་གཞན་ལ་ཕན་པ་མ་གཏོགས། གནོད་པར་བྱེད་པ་དཀོན། གལ་ཏེ་ནང་རིག་པ་མེད་པ་ཡིན་ན། འཇིག་རྟེན་འདི་ཚན་རིག་ཡར་རྒྱས་ཀྱིས་གཏོར་ཚར་ཟིན། ཚན་རིག་ནི་ཕྱིའི་འབྱུང་བ་ལ་བརྟེན་ནས་སྦྱོང་བ་དགོས་པས། ཚན་རིག་པ་མང་ཆེ་བས་ནང་རིག་པ་ལ་བསམ་བློ་མི་གཏོང་། ཚན་རིག་གིས་དཔྱོད་མི་ཐུབ་པའི་འབྱུང་ཚུལ་མང་པོ་ནང་རིག་པས་སྟོན། དེས་ན་ཚན་རིག་པ་མང་པོ་ནང་རིག་པ་ལ་མངོན་དུ་ཕྱོགས་ཏེ། སངས་རྒྱས་པའམ་གཞན་ནང་རིག་པ་སྟོན་པའི་ཆོས་ལ་དད་ལྡན་མང་པོ་ཡོད་པས། འཇིག་རྟེན་འདི་ཕུན་སུམ་ཚོགས། ནང་ཆོས་ན། ས་གཞི་ནམ་མཁའི་དབྱིངས་ལ་མི་འཐོར་བ་དེ་ལས་ཀྱིས་བྱས་པར་གསུངས། ཚན་རིག་གིས་དེ་ཉིད་གསལ་དུ་བཏང་སྟེ། ས་གཞིའི་ལྗིད་ཤུགས་ཀྱིས་འཐེན་པས། ས་གཞི་མ་འཐོར་བར་ལུས་ཞེས་བཤད་དོ།།
མཁས་ཤིང་དད་དང་ལྡན་བྱས་ནས།
ལས་རྣམས་བདག་གིས་རྟག་ཏུ་བྱ།
ལས་རྣམས་ཀུན་ལ་སུ་ལ་ཡང་།
བལྟོས་པར་བྱ་བ་མ་ཡིན་ནོ།། སྤྱོད་འཇུག་ ལེ་ ༥ ཚིགས་ ༨༢
ཚིགས་བཅད་འདི་ཡང་ཚན་རིག་དང་མཐུན་པ་ཞིག་ཏུ་སེམས་སོ།།
ངས་མཆན་༣པ་དེ་གཏོང་ས་ནོར་བ་ལ་དགོངས་དག་ཞུའོ། །
བོད་པས་ཚན་རིག་སྦྱངས་ནས་སེམས་གཙོ་རིག་པའམ། སེམས་ཀྱི་བདེ་སྐྱིད་ལ་ཤུགས་རྒྱབ་དགོས་པ་དང་། འཁོར་ཡུག་སྲུང་སྐྱོབ་ལ་ཕན་པ། མི་རིགས་མཐུན་སྒྲིལ་གྱིས་ཛམ་གླིང་ཞི་བདེར་སྨན་པ་ཅིག་དམིགས་ཡུལ་དང་པོར་བཟུང་དགོས། དེས་རང་གི་ནང་ཆོས་ཉམས་ལེས་ཤུགས་མ་ཐུབ་ཀྱིས་ཟླ་བ་ཡར་ཚེས་ལ་འགྲོ་བར་ངེས་པས། མདོར་དོན་དང་པོ་ནས་ཀུན་སློང་དང་དམིགས་ཡུལ་མ་ནོར་བ་བྱ་རྒྱུ་དེ་གནད་ཀྱི་སྡོང་པོ་དེ་རེད་དོ།
འདིའི་ནང་ན་ཚན་རིག་པ་དག་དག་ཡོད་ས་རེད། ཚན་རིག་ཡག་རབ། རྒྱན་བར་ཟེར་གི་འདུག བཤད་སྟངས་ལ་བལྟས་ན་ཅལ་འདྲོགས་པ་རྐྱང་རྐྱང་རེད་འདུག་ག
ཇི་ལྟར་རིག་གཞུང་རྙིང་པ་ལ་ཞེན་པ་དང་། སྲུང་སྐྱོབ་ཡོད་ན་འཇིག་རྟེན་འདི་ཡུན་རིང་ཙམ་གནས་ཐུབ་པ་དང་། ཇི་ལྟར་ཚན་རིག་ལ་དུང་བ་ཆེ་ཞིང་ཚན་རིག་ལས་གཞན་པའི་རིག་གཞུང་རྙིང་པ་རྩ་རྫོགས་སུ་སོང་ན། སྣོད་བཅུད་གཉིས་ཀ་མི་རིང་བར་འཇིག་ངེས་རེད།
རེད་རེད་བདེན་པ་རེད་
ཚན་རིག་ལ་ཁ་གཏད་ལངས་ན་རྩ་མེད་དུ་འགྲོ་གི་རེད་ཟེར་ན་ཅི་བཤད་ཀྱིན་ཡོད་པ་རེད་ཆོ་མེད་རྒྱུ་རང་རེད་ཚན་རིག་ལ་ཁ་གཏད་ལངས་མཁན་མང་པོ་ཡོད་བ་རེད་ཡིན་ན་ཡང་ག་དུས་ཞིག་ལ་རྩ་མེད་དུ་འགྲོ་བ་རེད་གསུང་ད་གང་ཟག་སུ་རེད་རྒྱལ་ཁབ་གང་ཞིག་ན་དེ་འདྲ་ཞིག་ཡོད་པ་རེད་རང་སྣང་གང་དྲན་གྱི་སྐད་ཆ་མ་རེད་བེ་སྤྱིར་ཚན་རིག་ལ་ཕྱོགས་མང་པོ་ཡོད་ཡིན་ན་ཡང་ཆ་ཚང་པ་ཞིག་ཁ་གཏད་ལངས་བ་ཟེར་ན་དེ་ཅུང་མི་འོས་བ་ཞིག་རེད་ཕྱོགས་གཅིག་ནི་སྤྱི་ཚོགས་དང་ཁོར་ཡུག་ལ་གནོད་འཚེ་བྱེད་པ་དང་ཚེ་སྲོག་དང་འབྲེལ་བའི་ཕྱོགས་དེ་དག་ལ་ངས་དུས་ནམ་ཁ་གཏད་བྱེད་ཀྱིན་ཡིན་བསོད་ནམས་ལགས་དགོངས་དག
རྩོམ་ཡིག་འབྲི་བ་པོས། ནང་བསྟན་གྱིས་མ་འདང་བ་དང་། ཁག་པོ་རེད། བྲིས་སོ། །དེས་ན། འདང་བ་དང་། ཁག་པོ་ཞེས་པའི་སྐོར་ལ་དྲི་བ་ཡོད། ཞེས་པར་སུས་ཀྱང་བྲིས་མི་འདུག་ཀྱང་བདག་རང་གིས་འབྲི་བར་བྱ་སྟེ།
འདང་བ་ཞེས་པའི་བྱ་ཚིག་དེ། བཀའ་འགྱུར་ན། རིན་པོ་ཆེ་ཆུ་འདང་ནི་རང་བཞིན་གྱིས་དག་ཅིང་ཆབ་ཀྱི་རྙོག་མ་ཐབས་ཅད་དང་བར་བགྱིད་དོ། །ཞེས་བདེན་པ་པོའི་ལེའུ་ན་མཆིས། ཨ་རིའི་སློབ་ཚོགས་ཀོ་ལམྦི་ཡ་ནས་སྤར་པ་ཤོག་གྲངས་༣༩ན། གཞན་ཡང་། ས་པཎ་ལེགས་བཤད་ལས།
ཆུ་ཀླུང་རྙོག་པས་ཆུད་གསན་པ།
ཆུ་འདང་ནོར་བུས་དྭངས་པར་བྱེད།། རབ་བྱེད་དང་པོའི་ཚིགས་བཅད ༡༤
བྱ་ཚིག་དེ་ཡི། ད་ལྡ་འདས་མ་འོངས་སྨོན་ཚིག་རིམ་བཞིན། འདང་། དྭངས། དང་། དྭངས། ཞེས་ཡིན་ཀྱང་། སྔོན་ཡི་གེའི་དག་ཆ་མི་ཤེས་པ་ཞིག་གིས། ལྡང་ལ་། འདང་། ཞེས་བྲིས་པ་དེ། མ་དག་རྒྱུན་འབྱམས་སུ་སོང་བ་མཁྱེན་དགོས་པ་དང་། བཀའ་བསྟན་གསུང་འབུམ་རྣམས་དང་མཐུན་པར་བོད་ཡིག་གི་དག་ཆ་དགོས་ན། དག་ཡིག་ཟ་མ་ཏོག་དང་། ངག་སྒྲོན་ན་གསལ་བ་བཞིན་དུ། ནང་བསྟན་གྱིས་མ་འདང་བ་ཞེས་པར། ནང་བསྟན་གྱིས་མ་ལྡང་བ་དང་། ཞེས་འབྲི་བར་མཛོད། ཅེས་དང། ཁག་པོའི་སྐོར་མཇུག་མ་ཞིག་ཞུ་ངེས་ལགས་སོ།།
མི་འདི་ཚོས་ཚན་རིག་ལ་ཕྱི་དངོས་པོ་དང་ནང་སེམས་ཀྱི་རྣམ་བཞག་ཡོད་པ་མ་རྟོགས་པ། ཚན་རིག་ཟེར་ན་ཕྱིའི་ངོ་བོ་ཁོ་ན་འདོད་པ་ནི་་ཚན་རིག་གི་ཟུར་ཙམ་ཡང་མ་ཤེས་བའི་སྐྱོན་རེད། ཀླག་རྟགས་རེེད།
ལྡང་ལ་འདང་ཞེས་བྲིས་པ་ནོར་བ་ཡིན་ཏེ།
ཁ་ཅིག་གིས།
བཀའ་འགྱུར་ན། རིན་པོ་ཆེ་ཆུ་འདང་ནི་རང་བཞིན་གྱིས་དག་ཅིང་ཆབ་ཀྱི་རྙོག་མ་ཐབས་ཅད་དང་བར་བགྱིད་དོ། །ཞེས་དང་།
ཡང་། ས་པཎ་ལེགས་བཤད་ལས།
ཆུ་ཀླུང་རྙོག་པས་ཆུད་གསན་པ། །
ཆུ་འདང་ནོར་བུས་དྭངས་པར་བྱེད། །ཅེས་འདུག་ཟེར།
རྩོམ་ཡིག་པ་ཨོ་རྒྱན་ཉི་མ་མཆོག་ལ། བཀའ་དྲི་ཞུ་བ། ཁག་པོ་རེད། ཅེས་པའི་ཁ་སྐད་དེའི་འབྱུང་ས་དེ་རང་འབྲི་ན། དིང་སང་གི་མི་དག་གིས་མི་གོ་བ་འདུག་གམ། ཁག་པོ། ཞེས་པ་ལུང་སྐད་ཡིན་པས། བོད་སྐད་རྒྱབ་པའི་མི་ཚང་མས་གོ་མི་ཐུབ་པའི་ཚིག་ཅིག་ཏུ་རེད་མི་འདུག་གམ།
འགྲོ་མགོན་སངས་རྒྱས་བཞུགས་བཞིན་དུ།
སྟོན་པ་གཞན་ལ་གུས་བྱེད་པ།
ཡན་ལག་བརྒྱད་ལྡན་ཆུ་འགྲམ་དུ།
བ་ཚྭའི་ཁྲོན་པ་རྐོ་བ་ཡིན།།
ས་པཎ་ལེགས་བཤད། རབ་བྱེད།༩ ཚིགས་བཅད་༡
རྒན་ལ་དྭགས་ལགས་ལ།
གུས་བ་ཆེན་པོས་སྐུ་རྩེད་ཞིག་བྱས་ན་འདོད།
ཁག་པོ་ལུང་སྐད་ཡིན་ན། ཁག་ཐེག་དང་ཁག་ཁུར། འགན་ཐེག་འགན་ཁུར་སོགས་ཚང་མ་ཁྱོད་ཀྱིས་བརྗོད་བཞིན་པའི་ལུང་སྐད་ཡིན་དགོས་པ་རེད། དེ་ལྟར་ཡིན་ན་ཁག་འགན་ཡང་ལུང་སྐད་ཡིན་དགོས་པ་རེད། བོད་ཀྱི་བརྡ་རྙིང་ཚང་མ་ལུང་སྐད་དུ་འཇོག་གམ། དཔེར་ན་གནའ་ཐོག། སྦེད་གསང་། བརྣག་བསམ་སོགས་གྲངས་ལ་མི་ཤོང་བ་ཡོད།
ཁག་པོ་ཞེས་བ་ནི་འགན་ལེན་པ་དཀའ་ལས་ཡོད་པས་ན་ཁག་པོར་ཆགས་པ་སྟེ་དཀའ་བ་འམ་ཁག་པོར་གོ་བ་རེད། འགན་དང་ཁག་གཉིས་བརྡ་གསར་རྙིང་ལས་ལུང་སྐད་དུ་འདོད་ན་བགོད་ཤོར་བའི་གནས་རང་རེད།
ནོར་བུ་རང་ལ་ཡོད་དུས་སུ།།
ནོར་བུའི་ནོར་ངོ་མ་ཆོད་པར།།
ནོར་བུ་གཞན་ལ་རྫོངས་བ་འདི།
ནོར་བུས་སྟོང་བའི་ལྟས་ངན་རེད།
ས་པཎ་མ་ཡིན་པ་ཞིག་གིས་་་་།།།།
གནམ་ལེགས།
ཉ་དང་ཉུང་མ་བསྲེ་བར་མ་མཛད། ངས་ཁག་ཅེས་པའི་སྒྲ་ཐམས་ཅད་ལ་མི་རྩོད། འདིའི་སྐབས་ཀྱི། ཁག་པོ་རེད། ཅེས་པའིཚིག་ལ་དྲི་བ་བཀོད་ཡོད་པ་ལ་དགོངས་པ་ལེགས་པར་བཞེས་ལ་ལན་གསུང་གྲོགས། ཞུས་སོ།།