བཙན་བྱོལ་བ་འཇམ་དབྱངས་སྦྱིན་པས།
གཅིག ངས་ད་ལྟ་ཡང་མིག་ལམ་ལ་གསལ་བོར་འཆར་བ་ནི། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཆབ་སྲིད་ཀྱི་སྐུ་དབང་མཚམས་འཇོག་གནང་བའི་སྐབས་སུ་སྤྲུལ་སྐུའི་མིང་འཛིན་ཨོ་རྒྱན་སྟོབས་རྒྱལ་གཅིག་པུ་སྤྱི་འཐུས་ཀྱི་གྲོས་ཚོགས་ར་བ་ནས་རང་ཤེད་ཀྱིས་སྒོར་ཐོན་འགྲོ་བའི་རྣམ་པ་དེ་རེད། སྐབས་དེར་བདག་ལ་བག་ཆགས་སྐྱུར་མོ་ཞིག་བཞག་སོང་། གལ་སྲིད་སྤྱི་འཐུས་ཚང་མ་ཁྱོད་དང་འདྲ་བར་གངས་ཅན་པའི་སྤྱི་དོན་རིས་སུ་འབོར་མཁན་ཞིག་ཡིན་ཚེ་ད་ལྟ་ང་ཚོར་གྲོས་ཚོགས་ཟེར་བ་ཞིག་གང་ན་ཡོད། ཁ་སང་ཕྱི་དྲོ་གནས་ཚུལ་མི་སྙན་པ་དེ་གོ་བས་སེམས་བག་མི་ཕེབས་ཅིང་དོན་གནད་དེ་ཡང་ཡང་སེམས་བརྣགས་པ་ཞིག་བྱུང་། སེམས་ངལ་འདི་ནི་ང་ཙམ་མ་ཟད་བོད་རིགས་གཙོས་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་མོ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྙིང་ནས་དད་གུས་ཞུ་མཁན་ཀུན་ལ་གཅིག་མཚུངས་སུ་ལྡན་པ་ཞིག་ལོས་ཡིན། ལྷག་དོན་མེ་ལྕེ་དམར་ལམ་ལམ་དེའི་ཁྲོད་ནས་ཀྱང་བསམ་རྒྱུ་དང་འབོད་རྒྱུ་༸རྒྱལ་བ་རིན་པོ་ཆེ་ལས་མེད་པའི་གཞིས་བཞུགས་སྤུན་ཟླ་རྣམ་པའི་སྙིང་གི་ན་ཟུག་དེ་དག་སུ་ཡིས་ཚོར། ང་ཚོ་བཙན་བྱོལ་བས་ཁོང་རྣམ་པའི་གདོང་ལ་ཇི་ལྟར་བལྟ། ཨོ་རྒྱན་སྟོབས་རྒྱལ་གྱིས་རང་གི་སྤུན་ཟླར་ཕུལ་བའི་ལེགས་སྐྱེས་འདི་ཡིན་ནམ།
གཉིས། ཨོ་སྟོབས་ཀྱི་སྐད་ཆ་འདི་དྲ་ལམ་དུ་ཁྱབ་རྗེས་ཆབ་སྲིད་པ་དོན་མདོག་དང་རང་ཚུགས་ཡོད་མདོག་གི་མི་འགའ་རེ་ནས། “སུ་བདེན་གང་ཤེས་”ཟེར་བ་ལྟ་བུའི་རང་ཉིད་བར་གནས་ཡིན་མདོག་གི་རྣམ་པ་དང་། ད་དུང་༸གོང་ས་མཆོག་ལ་མཚན་སྨད་སོགས་ཅི་བྱས་ཀྱང་གོ་མེད་ཚོར་མེད་ངང་ང་ཚོར་དེ་ལས་ལྷག་པའི་བོད་དོན་ཞིག་གླེང་རྒྱུ་དང་བསྒྲུབ་རྒྱུ་ཡོད་མདོག་སྟོན་པ་དག་ནི། ངའི་མིག་ལ་ཆེས་མི་མཛེས་ཤིང་སྙིང་དུ་ཆེས་མི་སྡུག་པའི་སྣང་བརྙན་རིགས་ཡིན། གང་ལྟར་ཨོ་སྟོབས་ལ་ཀར་དགེ་དང་ཀར་དགེ་འདྲ་བའི་རྒྱབ་བསྙེལ་ས་ཡོད་པས་ན། སྐད་ཆ་རྫབ་ཆེན་འདི་རིགས་འཛེམ་ཟོན་དང་བག་ཚ་བ་གང་ཡང་མེད་པར་ཧམ་པ་ཚ་བོས་སྐྱུག་ཡོང་གི་ཡོད་པ་རེད་ལ། ཀར་དགེར་ཡང་དེ་བཞིན་ཨོ་སྟོབས་དང་དེའི་རིགས་སུ་གཏོགས་པ་དག་ཡོད་པས་མཇིང་བ་སྦོམ་པོ་ཆགས་ཏེ། ཨོ་སྟོབས་ཀྱི་རྒྱབ་གཉེར་འདྲ་བའི་ཡི་གེ་དེ་བྲིས་པ་རེད།
ངོ་མ་བཤད་ན་མཚན་སྨད་ཞུ་སྟངས་དེ་ནི་གནས་ཚུལ་རང་ག་བ་ཞིག་གམ་ནམ་རྒྱུན་དགྲ་བོའི་ཁ་ནས་ཀྱང་གོ་མྱོང་ཡོད་པ་དེ་འདྲ་མིན་དུས་ཀར་དགེས་ཡི་གེ་ཞིག་འབྲི་དགོས་ཀྱང་བསམ་བློ་ངེས་པར་ཞིབ་ཚགས་གཏོང་དགོས་པ་དང་། མི་ཤེས་ན་གཞན་ལ་བཀའ་འདྲི་ཞུ་དགོས་པ་ཞིག། མ་མཐའ་ཡང་སྔོན་ལ་རྡོར་གདན་སོགས་སུ་གནང་བའི་བཀའ་སློབ་ལ་ཕྱིར་དྲན་བྱེད་དགོས་པ་ཞིག་འདུག་མོད།
དེ་འདྲ་གང་ཡང་མ་བྱས་པར་ལོ་བརྒྱད་བྱིས་པའི་ལས་བྱ་བྲིས་པ་བཞིན་སླ་ཆོས་བྱས་ནས་བཏང་ཡོང་བ་འདིའི་ཐོག་ནས་གཡུ་ཐོག་ཀར་དགེས་རང་གི་དེ་ཉིད་མ་ཚང་གསལ་བོར་ཕྱིར་བསྟན་པ་རེད། མ་ཟད་གཞུང་གི་ལས་སྣེའི་འགན་ཁུར་གྱི་བསམ་བློ་དང་༸གོང་ས་མཆོག་དང་གཞིས་བྱེས་བོད་མིར་ཤ་ཚ་མེད་པའི་རྟགས་མཚན་ཡང་གསལ་བོར་མངོན་པ་རེད། ལས་ཤོག་སྟེང་ཡི་གེ་བཀྲམ་རྗེས་དེ་ཁོ་རང་སྒེར་གྱི་བསམ་ཚུལ་ཡིན་ཟེར། དེས་ན་ཡི་གེ་ཕྱི་མ་ཅིའི་ཕྱིར་ལས་ཤོག་སྟེང་མ་བཀོད་པ་ཡིན་ནམ། རྫུན་རྐུབ་དེ་ཁྱེད་རང་རང་གིས་བརྟོལ་མི་འདུག་གམ།
ཡི་གེ་རྗེས་མའི་ནང་བློ་འགྱོད་དང་ངོ་གནོངས་གང་ཡང་མེད་པར་ད་དུང་དེ་ནི་རང་གི་བསམ་ཚུལ་ཡིན་པ་སྤྱི་བསྒྲགས་བྱས་པ་འདིས། བཀའ་བློན་གྱི་མིང་འཛིན་པ་ཁོང་ལས་གནས་ནས་རྩ་དགོངས་ཞུ་བའི་ཆ་རྐྱེན་ཡོངས་སུ་ཚང་འདུག་པས་ངེས་པར་དགོངས་པ་ཞུ་རོགས་ཞེས་སེམས་ཚོར་ཆེན་པོས་ཞུ་ཡི་ཡོད།
ད་རུང་དེས་མ་ཚད་ཆོས་དོན་གྱི་ཡི་གེ་དེའི་ནང་སྨྱོ་ཧམ་ཅན་ཨོ་སྟོབས་ལ་རྒྱབ་གཉེར་བྱས་ཐོག། བྱིན་རླབས་ཙམ་མ་གཏོགས་དྲ་ལམ་བརྒྱུད་དབང་མི་ཐོབ་ཅེས་ཁུངས་ལུང་གང་ཡང་མེད་པའི་འཆད་གཏམ་བསྒྲགས་པ་དང་། ཡང་རང་རེར་བཀའ་དྲིན་ཆེ་བས་བཏང་སྙོམས་སུ་བཞག་པ་ལས། སྤྱིར་ན་༸གོང་ས་མཆོག་དང་བླ་ཆེན་ཁག་གིས་གསང་སྔགས་ཁྲོམ་བསྒྲགས་ཀྱི་ཉེས་པ་བསགས་པའང་ཁས་ལེན་བྱས་འདུག་པ་སོགས་རྫབ་ཤིན་ཏུ་ཆེ་བས་ན། མཐོང་བ་ཙམ་གྱིས་ངོ་ཚ་དགོས་པའི་ཡིག་རྙོག་འདི་གངས་ཅན་པའི་ལོ་རྒྱུས་ནང་མི་ལྷག་ཆེད་ངེས་པར་གཞུང་འབྲེལ་ཐོག་ཕྱིར་བསྡུ་བྱས་ཏེ། གོང་ས་མཆོག་དང་དད་ལྡན་མི་མང་ལ་དགོངས་སེལ་གཡའ་དག་པ་ཞིག་ཞུ་དགོས།
གསུམ། སྤྱིར་བཏང་དྲ་ལམ་ནས་དབང་ཞུ་མི་ཞུ་དང་དེ་འཐོབ་མི་འཐོབ་དོགས་པ་བྱེད་པ་ནི་རང་ལག་རེད། ཡིན་ཡང་ཚད་ཐིག་དེ་ལས་ཡོངས་སུ་བརྒལ་ཏེ་བསྟན་བཤིག་ཅེས་དོན་དངོས་དང་མི་མཐུན་པའི་ཚིག་ངན་སྨྲས་པ་དེས། བོད་མི་གཙོས་སྐྱེ་བོ་ཁྲི་ཕྲག་མང་པོའི་སེམས་ཀྱི་ཞི་བདེ་གཏོར་ཞིང་དུས་ཚོད་འཕྲོ་བརླག་ཏུ་གཏོང་གི་ཡོད།
འདི་ནི་དགྲ་དགའ་གཉེན་སྡུག་དང་སྤྱི་ཚོགས་དབྱེན་དཀྲུགས་ཀྱི་ལས་ཀ་རྒྱལ་ཁྲིམས་ཡོད་ན་ཁྲིམས་ཆད་གཅོད་དགོས་པའི་རིགས་ཤིག་ཡིན་པ་ལས། རི་བོང་རྩྭ་གཟན་དང་སྤྱང་ཀི་ཤ་གཟན་ཟེར་བའི་ངང་ཚུལ་ལ་དཔེར་སྦྱར་བྱས་ཏེ་ཁུ་སུམ་མེར་འཇོག་རྒྱུ་ཞིག་མ་རེད། སྤྱིར་བཏང་རྒྱལ་ཁྲིམས་ཀྱིས་རྐུ་འཕྲོག་སོགས་ལས་མ་རུང་བ་བྱེད་མཁན་ཉུང་དུ་གཏོང་བ་བཞིན། སྤྱི་ལ་དོ་ཕོག་འགྲོ་བའི་བྱ་བ་ཐ་ཤལ་འདི་རིགས་བྱེད་མཁན་གྱི་བྱ་སྤྱོད་ལའང་སྤྱི་ཚོགས་ཁྱོན་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་གདོང་གཏད་དེ་གནས་ལུགས་དང་མཐུན་པའི་སྒོ་ནས་དགག་བཞག་བྱས། གཞུང་གིས་ཀྱང་མང་ཚོགས་སྤྱི་དང་ལྷག་དོན་གཞིས་བཞུགས་སྤུན་ཟླའི་ཐུགས་རེ་ཡིད་ལ་བཅངས་ཏེ། དེ་ལུགས་ཀྱི་རབ་འདེགས་དང་རྒྱབ་སྣོན་དུས་ལས་མི་གཡོལ་བ་གནང་དགོས་པ་ཤིན་ཏུ་གལ་ཆེ་ཞིང་། དེ་བཞིན་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པ་དང་གདན་ས་གྲྭ་ཚང་། གཞན་ཡང་ཚོགས་སྡེ་འདྲ་མིན་ཁག་དང་གནད་ཡོད་མི་སྣ་བཅས་ཚང་མས་གོང་བུ་གཅིག་བསྒྲིལ་གྱིས། སྔར་ཆོས་རྒྱལ་བཀའ་དྲིན་ཅན་ཚོའི་སྐབས་ནས་བཟང་ངན་དབྱེ་འབྱེད་ཀྱིས་བདག་རྐྱེན་སྤྲོད་པའི་སྲོལ་བཟང་ཡོད་པ་ལྟར་གནང་ཐུབ་ཚེ། ལྕགས་རྡོ་ལྟ་བུའི་སྤྱི་ཚོགས་ཀྱི་གྲུ་ཟུར་གང་ཞིག་ནས་བདུད་ཀྱིས་སེམས་གཡོས་པའམ། དགྲ་བོས་ངན་བསླབ་བརྒྱབ་པ་སུ་ཞིག་གིས་དབྱེན་སྦྱོར་དཀྲུག་ཤིང་བྱེད་ནུས་སམ་ཕོད་དམ། དེ་ནི་ཤིན་ཏུ་དཀའ་བའོ།། མི་དེ་རིགས་ནི་མི་ཤེས་རྨོངས་པའི་བྲན་དུ་ཚུད་པས་སྙིང་རྗེའི་ཡུལ་ལས་མ་འདས་ཀྱང་དེ་དག་གི་བྱ་སྤྱོད་མ་རུང་བ་དག་ཐེར་འདོན་བྱེད་རྒྱུ་ནི་རྒྱལ་བའི་དགོངས་གཞི་དང་མཐུན་པ་ཞིག་ཀྱང་ཡིན།
དེ་ལྟར་མིན་པར་སྤྱི་ཚོགས་ལྷོད་ཤོར་ཏེ་༸རྒྱལ་བ་དོན་གྱི་བདག་པོར་མཚན་སྨད་དེ་ལས་ལྷག་ཞུ་མེད་པ་ཞིག་ཞུས་ཀྱང་། ད་དུང་རང་ཉིད་ཤོང་སའི་ཁུང་བུར་ཡིབས་ཏེ་མཐོ་དམན་གང་ས་ནས་ངག་གི་མདུད་པ་གྲོལ་མི་ནུས་པར་གཞན་ལ་བརྟེན་དགོས་པ་ཞིག་ཆགས་ཚེ། དུས་དེ་ནི་སྐབས་འཚོལ་བའམ་བདུད་ཀྱིས་སེམས་གཡོས་པ་ཨོ་སྟོབས་ལྟ་བུ་དག་གིས་བསྟན་པ་གང་སར་དར་བའི་སྔ་ལྟས་ཤིག་ཡིན་ངེས།
བཞི། བཀའ་ཤག་ནས་གསལ་བསྒྲགས་ཡི་གེ་དེའི་ནང་ཨོ་སྟོབས་ཀྱིས་༸གོང་ས་མཆོག་དང་སྤྱི་ཚོགས་ལ་དགོངས་སེལ་ཞུ་དགོས་པའི་ཟུར་ཙམ་ཡང་ཐོན་མེད་པ་ནི་ཧ་ཅང་བློ་ཕམ་གྱི་རང་བཞིན་ཞིག་རེད། ཨོ་སྟོབས་ཀྱིས་ཚུལ་ལུགས་དང་མི་མཐུན་པའི་སྒོ་ནས་༸རྒྱལ་བའི་མཚན་སྨོས་ཏེ། “བརྙན་འཕྲིན་ལམ་ནས་དབང་བསྐུར་བ་དེས་ནི་བསྟན་པ་བཤིག་པའི་སྟ་རེ་ངོ་མ་དེ་བཟོ་གི་ཡོད་པ་རེད།” ཅེས་པ་བཀའ་ཤག་གིས་མ་གསན་པ་ཡིན་ནམ། ཡང་ན་དེ་གནས་ཚུལ་རྫབ་ཆེན་ཞིག་ཏུ་མ་མཐོང་བ་ཡིན། ཆུ་ངན་ལམ་ཤོར་ཟེར་བ་འདི་འདྲ་བྱས་ནས་ཆགས་ཀྱི་ཡོད་པ་རེད། ད་ལན་བཀའ་ཤག་ནས་ངེས་པར་ཡིག་བརྙན་གང་རུང་ཐོག་ཨོ་སྟོབས་ལ་དགོངས་སེལ་ཞུ་འཇུག་དགོས།
ལྔ། འགལ་ཟླའི་ཕུང་བོར་གྱུར་པའི་ཨོ་སྟོབས་ཀྱི་ཡིག་ངག་གཉིས་ཀར་བལྟས་ཚེ་ཁོ་བར་གསང་སྔགས་ཁྲོམ་བསྒྲགས་དང་། བརྙན་ལམ་ནས་དབང་བསྐུར་ཐོབ་མིན་ཐད་རེ་དོགས་ངོ་མ་ཞིག་ཡོད་བཟོ་མི་འདུག་ནའང་། ཁོ་དང་ཀར་དགེ་སོགས་ལ་དེའི་ཐད་ད་དུང་བཤད་རྒྱུ་ཡོད་མདོག་བྱེད་ན། གཞུང་ངོས་ནས་སྡིངས་ཆ་བསྐྲུན་རྒྱུའང་གལ་ཆེར་མཐོང་ལ། བརྙན་ལམ་ནས་དབང་ཞུ་བ་འདིའི་སྐོར་ད་ལན་གྱི་རྙོག་གླེང་འདི་དང་འབྲེལ་ནས་སྤྱི་ཚོགས་ནང་སེལ་དཀྲོལ་ཡག་པོ་ཞིག་མ་གནང་ཚེ་ལོ་རྒྱུས་ཐོག་གླེང་གཞི་ངན་པ་ལྷག་པའི་ཉེན་ཡོད་པ་དང་། གཉིས་ནས་མི་མང་ཐེ་ཚོམ་གྱི་གནས་སུ་གྱུར་བ་དག་གིས་དོགས་པ་སེལ་སླད། ད་ལྟ་༸རྒྱལ་བ་ཡིད་བཞིན་ནོར་བུའི་སྐུ་དྲིན་ཐུགས་རྗེའི་འོག་ཆོས་བརྒྱུད་ཁག་གི་མཁན་པོ་དགེ་བཤེས་སོགས་ལག་ཐོགས་མི་དགོས་སྟབས། བརྙན་ཕབ་ཀྱི་ལམ་ནས་ངོ་སྤྲོད་གསལ་བཤད་འགའ་རེ་སྤྱི་ཚོགས་ནང་སྤྱན་འབུལ་ཐུབ་ཚེ་ད་ལྟ་དང་མ་འོངས་གང་ཅིར་དགེ་མཚན་ཤིན་ཏུ་ཆེ་བར་མཐོང་བ་བཅས།
བཙན་བྱོལ་བ་འཇམ་དབྱངས་སྦྱིན་པས། ༢༠༢༠།༥།༢༧ཉིན།
སེང་གེས་ཨོ་རྒྱན་ལ https://youtu.be/3ho8O_MFlWQ འདི་འདྲ་ཞིག་ལབ་འདུག།
ཚང་མས་འདི་ལ་གསན་ཨ། https://www.youtube.com/watch?v=Ti8-552Q6as