མཆོང་།
ཅི་བྱ་གཏོལ་མེད་པའི་ཉིན་ཞིག་ལ། ཅི་མི་སྙམ་པར་གློག་ཀླད་ཀྱི་སྒོ་ཕྱེས་སྟེ། བསླབ་བྱའི་སྐོར་གྱི་དྲ་ཚིགས་ཤིག་ཅི་དགར་ཀློག་གིན་ཀློག་གིན། “རང་ཁ་རང་གསོ”ཞེས་པའི་ཚིག་དེས་ངའི་མིག་ཟུང་སུ་ཞིག་གིས་མཛའ་བོར་མཐོང་བ་བཞིན་དབང་མེད་དུ་བཀུག་སོང་། “རང་ཁ་རང་གསོ”ཞེ་ན་གང་ཟག་རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ནས་འཚོ་བ་བྱེད་པའི་དོན་རེད། ཚིག་་དེར་ཅེར་གྱིན་ཅེར་གྱིན་ཞེ་རུ། དེང་གི་ཆར་མི་ཁ་ཅིག་གིས་ཚིག་་འདིའི་བསྟན་དོན་བཞིན་ལག་ལེན་བསྟར་ཞིང་། རང་ནུས་ཅི་ལྕོགས་ཀྱི་ངལ་རྩོལ་བྱེད་པ་ཚོ་ལ་ཟུར་ཟའམ་མཐོང་ཆུང་བགྱི་བ་ནི་ཤིན་ཏུ་མི་འོས་ཏེ། ལྟ་སྟངས་འདི་སྣང་མཁན་གྱི་གང་ཟག་དེ་ཉིད་རྩོལ་བ་ལ་མི་དགའ་བར་རྟག་ཏུ་གཞན་བརྟེན་སྲིན་འབུ་ཇི་བཞིན་འཚོ་ཞིང་གནས། ཁོང་ཚོས་འཚོ་བའི་གནས་སྟངས་དེའི་རིགས་ནི་ཡ་ང་བ་དང་། ངོ་སྐྱེངས་ཀྱི་བྱ་སྤྱོད་ཅིག་ལ་མི་རྩི་བ་མ་ཟད། ད་དུང་ཆེས་བརྗིད་ཉམས་ལྡན་པའི་བྱ་བཞག་ཅིག་ཡིན་བསམ་སྟེ། སྤྱི་ཚོགས་འགྲོ་སྟངས་ཀྱི་གྲས་སུ་བཞག་ནས་ངོམས་སོ་བྱེད། ན་ཚོད་དར་ལ་བབ་ནའང་མི་བུ་སུ་ལ་འཕྲད་ཀྱང་ཁྲེལ་མེད་ངང་མེད་མུག་གི་འོ་དོད་སྐྱོར་ཞིང་སློང་མོ་བསླང་བ་དང་། ཁྱིམ་མི་ཚོར་ལག་པ་བསྲིང་ཏེ་གཞན་བརྟེན་སྲིན་འབུ་ཇི་བཞིན་འཚོ་བ་བྱེད་པའི་ཚུལ་ནི་རང་མཚང་རང་གིས་བརྟོལ་བ་ཡིན་མོད། འོན་ཀྱང་མི་བུ་དེའི་རིགས་ཀྱིས་ནམ་ཡང་རང་སྐྱོན་མི་རྟོགས་པར་གཞན་ངལ་རྩོམ་བྱེད་མཁན་ཚོར་འཕྱ་དམོད་དང་དམའ་འབེབས་བྱས། ཁོང་ཚོས་རང་ཉིད་ཀླད་མེད་མགོ་སྟོང་ཡིན་པ་གཞར་ཡང་རྟོགས་མི་ཐུབ།
རང་གི་རྐང་པའི་སྟེང་དུ་ལངས་ནས་འབད་མཁན་རྣམས་ཀྱིས་ཐང་ཁྲོམ་བཤམས་པའང་མོག་མོག་བཙོང་བ། དེ་མིན་མགྲོན་ཁང་ཟང་ཁང་གི་ཞབས་ཕྱི་བ། ཕྱགས་དར་མཁན་ལ་སོགས་བྱ་ལས་ཅི་རིགས་བསྒྲུབ་པ་དེ་རིགས་ལ་ཡི་རངས་བའམ་བསྔགས་བསྟོད་བྱས་དགོས་པ་ཞིག་རེད། དེ་མིན་སྔུན་ཆད་ཡུལ་དུས་ཀྱི་དབང་གིས་སློབ་གྲུའི་སྒོ་དམ་བརྒལ་མ་མྱོང་བའི་ལོ་ན་རྒན་པའི་བུད་མེད་ཐང་ཁྲོམ་པ་ཁ་ཅིག་གིས་ཁྲོམ་གྱི་ཟུར་སྣེར་བསྡད་དེ། གཞི་ནས་དབྱངས་གསལ་སོ་བཞིར་སྦྱོང་གིན་འདུག།རྣམ་པ་དེས་ཁོང་རྣམས་ལ་མི་རིགས་ཀྱི་ཞེན་ཁོག་དང་མི་བུའི་རྩིས་ཐང་གཏུང་རིམ་མཐོ་ས་ནས་མཁྱེན་ཡོད་པར་མངོན་འདུག། དེ་ནི་དེང་དུས་ཀྱི་གཞོན་སྐྱེས་སོས་མིག་དཔེར་འཛིན་འོས་སོ།
རང་གི་རྩོལ་བ་ལ་བརྟེན་ནས་འབད་མཁན་དག་གིས་སྣང་བ་རྣམ་རྟོག་མེད་དེ་རྔུལ་དང་ཁྲག་བཏོན་ཏེ་རྩོལ་བ་བྱེད་པ་ནི། རང་གི་ཁྱིམ་ཚང་དང་སྤྱི་ཚོགས། ནང་སྒོས་སུ་བོད་པའི་སྤྱི་ཚོགས་གོང་འཕེལ་ཏུ་འགྲོ་བའི་སླད་དུ་འགན་ཕྲག་ཏུ་བླངས་བ་ཞིག་མ་རེད་དམ། ཁོང་ཚོ་ནི་འུ་ཅག་གི་སྤྱི་ཚོགས་ཀྱི་རང་དགའི་་མིག་དཔེ་རུ་འགྱུར་བས། གཙུག་བཀུར་བྱེད་འོས་ཤིང་དགོས་པ་ཞིག་རེད།
དེ་བས་འུ་ཚོའི་གཞུང་ངམ་ཚོགས་པ་ཁག་ཚོས་ཁོང་ཚོའི་དཀའ་ངལ་ལ་ལྟ་རྟོག་དང་གང་ནུས་ཅི་ལྕོགས་ཀྱིས་རབ་འདེགས་བྱེད་འོས་ལ་བྱེད་ཀྱང་དགོས།
དཀའ་ངལ་མ་བྱས་པར་གཞན་བརྟེན་གྱི་སྲིན་འབུ་བཞིན་དུ་གཞན་གྱི་འཚོ་བར་རོལ་བའི་མི་ཚོགས་སུ་རེད་དམ། ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་སོགས་ཀྱི་ཁ་ཚོང་རྒྱག་མཁན་གྲྭ་པའི་སྤྱི་ཚོགས་རེད་དམ། ཡང་ན་མི་མང་གི་ཁྲལ་འབབ་ལ་ཟླ་ཕོག་གི་མིང་བཏག་སྟེ་གསོལ་མཁན་གཞུང་གི་ལས་སྣེ་བ་ཚོ་རེད་དམ། ཡང་ན་ན་ཚོད་མ་ལོང་ཞིང་རང་དབང་གི་འཚོ་མི་ཐུབ་པའི་བྱིས་པ་ཆུང་ཆུང་ཚོ་ལ་ཟེར་བ་ཡིན་ནམ། སུ་འདྲ་ཞིག་ཚིག་མདའ་འཕེན་བཞིན་ཡོད་པ་རྟོགས་མ་སོང་། དེང་གི་དུས་འདི་ནི་མི་སྒེར་གྱི་སྐྱོན་མཚངས་འབྲུ་ཆེད་མིན་པར་སྤྱི་ཚོགས་ལ་སྐྱོན་ཡོན་གང་འདྲ་ཞིག་ཡོད་ཀྱང་དམར་འདོན་ཐུབ་པ་བྱེད་དགོས། དེ་ནིརང་དབང་དང་དམང་གཙོའི་ལྟ་གྲུབ་ཡར་རྒྱས་སུ་འགྲོ་བའི་གཞི་རྩ་ཡིན། དེས་ན་འཇིགས་ཞུམ་མི་གནང་བར་སྐྱོན་དང་ཡོན་ཏན་གང་མཐོང་བ་དེ་གསལ་སྟོན་གནང་རྒྱུ་གལ་ཆེ། དེ་ལྟར་བྱས་ཚེ་ཕར་ཕྱོགས་ནས་ལན་ཞིག་རང་ཤུགས་སྤྲོད་ཡོང་ལ། དེ་ལ་བརྟེན་ནས་བདེན་རྫུན་གྱི་དབྱེ་བ་དང་། ལེགས་ཉེས་ཤན་འབྱེད་གསལ་པོ་འབྱེད་ཐུབ་ཅིང་། དེ་ནས་བཟུང་སྟེ་ཐེ་ཚོམ་གྱི་དཔྱངས་ཐག་ཆད་པ་ཡོང་ཐུབ།