ཀླུ་སྨྱོན།
གནམ་གཤིས་ལེགས་དུས་རི་ཀླུང་མཚོ་འགྲམ་ཉུལ། །
ཆར་བ་འབབ་དུས་དེབ་ཀློག་གཉིད་དུ་ཡུར། །
སེམས་པ་དལ་དུས་སྟོང་ཉིད་སྙིང་རྗེ་སྒོམ། །
བདག་གིས་མི་ཚེ་འདི་ལྟར་སྐྱེལ་བཞིན་ཡོད། །
ཆོས་འདོད་རྣམས་ལ་ཆོས་ཀྱི་སྦྱིན་པ་དང་། །
རྩོམ་འདོད་དག་ལ་རྩོམ་གྱི་ལེགས་སྐྱེས་ཙམ། །
གང་ནུས་འབུལ་བཞིན་མི་ཚེ་རྫོགས་ཐུབ་ན། །
ཀླུ་སྨྱོན་བདག་གི་བསམ་དོན་འགྲུབ་པ་ལགས། །
སེམས་ཅན་སུར་ཡང་དགྲ་རུ་མི་བལྟ་ཞིང་། །
བྱམས་དང་སྙིང་རྗེས་ཉིན་མཚན་འདའ་བ་དང་། །
རྟེན་འབྱུང་སྟོང་པར་གོ་བའི་ལྟ་བ་ཡིས། །
མི་ཚེ་སྐྱེལ་རྒྱུ་བདག་གི་དམ་བཅའ་ལགས།
དབུལ་ཞིང་ཕོངས་དུས་ཆོས་ཚོང་ཏོག་ཙམ་བརྒྱབ།
མང་བོས་བསྟོད་དུས་སྙན་ངག་ཆོ་ཙམ་བྲིས།
འདོད་པ་འཕེལ་དུས་ཚེ་སྐྱིད་ག་ལར་སྒོམ།
ཀླུ་སྨྱོན་མི་ཚེ་དེ་ལྟར་རིམ་གྱིས་ཟད།
རང་བཙན་དོལ་ཚོགས་དྲི་མས་མ་སྦག་ཅིང་།
དབུ་ལམ་འཇའ་ཡིས་རི་མོ་མ་བསླུས་བར།
དགྲ་མེད་གྲོགས་མེད་བརྟུལ་ཞུགས་འཛིན་མཁས་པའི།
ཁྱུ་མཆོག་ཀླུ་སྨྱོན་བསྟན་པ་རྒྱས་གྱུར་ཅིག
རི་མོས་
དབུ་ལམ་འཇའ་ཚོན་རི་མོས་མ་བསླུས་བར།
ཕྱི་ལ་ཐོན་དུས་བླ་མ་ཡིན་ཚུལ་བྱེད།།
ནང་དུ་ས་སྐྱའི་བདག་མོའི་ཞབས་ཕྱི་བྱེད།།
གོ་ས་རིག་ན་ཆོས་ལུགས་རིས་མེད་ཟེར།།
གོ་ས་མེད་ན་ཆགས་པའི་གློས་སྨྱོན་ཡིན།།
མི་ལོ་ཉི་ཤུའི་སྔོན་ལ།།
ཉམ་ཆུང་གྲྭ་ཆུང་དཀྱུས་མས།།
བོད་ཀྱི་ཆོས་དང་རིག་གཞུང་།།
རང་གི་བླ་སྲོག་གདོས་ཡོད།།
མི་ལོ་ཉི་ཤུའི་རྗེས་སུ།།
སྤྲུལ་སྐུར་ངོས་འཛིན་ཐོབ་པས།།
བོད་པའི་རིག་གཞུང་འཕྱ་བཞིན།།
ཆོས་འཚོང་ལས་སུ་འཐེམས་ཡོད།།
རྟེན་འབྱུང་སྟོང་བར་འཛིན་པའི་བློ་ཡོད་ན།
བྱམས་དང་སྙིང་རྗེས་སུ་ལ་སྟེར་རྒྱུ་ཡིན།
དགྲ་གྲོགས་དབྱེ་བའི་སེམས་ངོ་མི་ཟིན་ན།
ཚོར་བ་ལྔ་ལྡན་ཡིན་པས་ཅི་བྱེད་དམ།།
མདུན་ནས་གོང་དུ་འཕགས་པའི་དཔའ་མེད་ན།
སྐྱག་པ་ཡང་ཡང་བཏང་བར་བཀའ་དྲིན་ཅི།།
ཁུ་བ་ཡར་འདྲེན་བྱེད་པའི་མཐུ་མེད་ན།
བླ་མ་ཁྲག་མཐོང་ཡིན་ཡང་སྐྲག་དོན་ཅི།།
ཉལ་ནས་ཉུལ་ནས་མི་ཚེ་ཚར་བ་ལ།།
དམ་བཅའ་ཞིག་ནི་དགོས་ཡང་དགོས་དོན་མེད།
སྒྲོ་ལོར་ཆགས་པ་གཉིས་ཀྱི་ཆར་བབས་ན།
ས་མཚམས་ཆུ་མཚམས་མེད་པའི་དབྱིབས་མེད་ལྷ།
ཁྱོད་ལ་ཕྱག་ཞིག་འཚལ་ནས་ཁ་ཞིག་གཏོང་།
ང་ལ་བར་ཆད་མེད་པའི་གསོལ་བ་འདེབས།།
ཁྲག་འཐུང་།
གྲ་རྐྱང་ཡིན་དུས་བོད་ཀྱི་མདུན་ལམ་གླེང་།
སྙན་དངགས་འབྲི་དུས་སེམས་ཀྱི་ན་ཟུག་གླེང་།
རྙིང་སྤྲུལ་ཐོབ་དུས་འདུལ་བ་རྡོག་པས་རྫིས།
ཀོར་ཀྱི་རྒྱག་དུས་རྒྱག་གཏམ་ཉི་མའི་འོད་ལ་འགྲན།
ཉི་མོ་ལོན་དུས་སྙན་དངགས་ཐ་ཐོར་བྲིས།
མཚན་མོ་སླེབས་དུས་ཆགས་སྲིད་ཁོ་ན་སྒོམ་།
ཉིན་མཚན་གཉིས་ལ་ཆོས་ཚོང་དོན་གཉེར་ཅན།