མགལ་དུམ།
ལོ་ཡི་འཁོར་མོ་ག་ལེར་འདས་པ་སྙིང་ལ་སྣུན་པའི་མདའ་ཞིག་གོ།
བྲལ་བའི་ལག་ཟུང་རིང་དུ་སོང་བ་ཡིད་ལ་གནག་པའི་བདུད་ཅིག་གོ།
དྲན་པའི་གདུང་བ་ཐེག་ཏུ་དཀའ་བ་ལུས་ལ་འགོས་པའི་ནད་ཅིག་གོ།།
མྱུར་དུ་མཇལ་ན་དགའ་ཡོང་སྙམ་པ་བསྒྱུར་དུ་མེད་པའི་འདོད་འདུན་ནོ།།
ཧ་ཅང་ཆུང་དུས་ཆུང་དུས་ཞེས་པའི་གཏམ་རྒྱུད་ཅིག་གི་བྱུང་རིམ་ལ།།
ཁོ་བོར་ཚ་འདྲི་ཡང་འདྲི་མ་གནང་སྙིང་དུ་ཚེར་མ་ཟུག་འདྲ་རེད།།
ཨ་མས་གནའ་སྒྲུང་གསུངས་ཚུལ་བརྗོད་ན་སྒྲུང་ལ་མཇུག་མ་ཡོད་ལེ་མིན།།
ཨ་ཕས་དཔའ་བོའི་རང་གཤིས་བཀྲལ་ཚུལ་བདག་གི་ཚེ་ལ་མུན་ནག་ཡིན།།
བདག་ལ་ཡོད་པའི་དེ་རིང་གླེང་ན་མིག་མཐའ་ཅུང་ཙམ་རློན་གྱིན་ཡོད།།
འདས་པའི་ལོ་དག་རོབ་རྩིས་བརྒྱབ་ཚེ་སྙིང་འདི་ཕྲན་ཙམ་གཟེར་གྱིན་གདའ།།
མགོ་རྐང་སྦྲིད་པའི་ན་ཟུག་དེ་ལས་སྐྱབས་མགོན་ཟུང་ཞིག་དྲན་པ་སྟེ།།
སྐྲ་ལོའི་འདབ་མ་རབ་ཏུ་དཀར་བའི་ང་ཡི་སྤོ་པོ་རྨོ་མོ་ལགས།།
བྱམས་དང་སྙིང་རྗེས་སྐྱོང་ཚུལ་མི་བཤད་སྐད་ཆ་གཅིག་གིས་ཚར་ཚོད་མིན།།
ཀུན་དང་མཐུན་པའི་ཁ་ཏ་གནང་བ་ཡིད་ལ་སྨན་པའི་བདུད་རྩི་ཡིན།།
ཀྱག་ཀྱོག་མང་བའི་མི་ཚེ་འདི་ལ་ཁྱེད་གཉིས་བདག་གི་རླུང་རྟ་ཡིན།།
མ་འོངས་ཟེར་བའི་ལམ་ཞིག་ཡོད་ན་ཁྱེད་གཉིས་ཕྲན་པའི་འོད་སྟོང་ཡིན།།
མ་ཎིའི་དབྱངས་རྟ་ངག་ལས་གྱེར་ན་སྨོན་པ་བུ་ངར་འཁྲེང་ནས་ཡོད།།
རྟག་ཏུ་ཁོ་བོ་ལྟོགས་ཡོད་བསམ་དུས་ཟས་སྐལ་མིག་ཆུས་རློན་བཞིན་ཡོད།།
ཉིན་དང་མཚན་གྱི་ཟས་ཐུན་རེ་ལ་མིད་པ་ལན་རེ་འགག་གིན་ཡོད།།
ལྷན་འཛོམས་ཡིན་པའི་སྡེ་མི་མཐོང་ན་ཚོད་ལ་དངན་པ་འཆོར་བཞིན་ཡོད།།
ཡུལ་དེར་ཁ་བ་ལྷབ་ལྷུབ་བབས་ན་ཕྲན་པ་གྲང་འགྲོ་སྙམ་བཞིན་ཡོད།།
ཀོག་གིས་ཆར་བ་ཤག་ཤག་འབབ་དུས་རློན་ཡོད་འདོད་པའི་སེམས་ཁུར་ཡོད།།
སྟོན་གསུམ་རླུང་བུ་ཤིག་ཤིག་གཡུག་ན་བློ་སེམས་རླུང་གིས་གཙེ་བཞིན་ཡོད།།
སོས་ཀའི་མྱུ་གུ་ཡར་ཡར་འཁྲུངས་ཀྱང་དྲན་གདུང་ཟེར་བས་བསྡམ་བཞིན་ཡོད།།
ཉིན་ལ་དྲན་ཞིང་མཚན་ལ་གདུང་བས་དུས་ཚོད་འདི་ཉིད་རིང་རིང་བས།།
བརྩེ་འཛུམ་མོད་པའི་ཞལ་རས་དེ་ལ་གཉེར་མས་ཚོད་ལ་མནར་མནར་པས།།
མིག་གིས་ཟིན་པའི་རི་བོའི་ཕར་ལ་ནམ་དུ་ལན་མང་བལྟས་བལྟས་པས།།
མཁར་བར་ཉལ་བའི་ཚིག་དེ་གོ་ན་ལུས་སེམས་འདི་ཀོ་ཉོབ་ཉོབ་བོ།།
གཅམ་བུའི་གཤིས་ཀྱི་དྲི་ཙམ་མེད་པའི་བདག་གི་བྱམས་ལྡན་ཡབ་ཡུམ་ལགས།།
ཐུགས་སེམས་བདེ་མོའི་དབུགས་ཤིག་རྔུབས་དང་ཕྲན་པ་ལུས་བདེ་སེམས་བདེ་ཡིན།།
སེམས་ཀྱི་ཁུར་བོ་འོབས་སུ་གཡུགས་ཏེ་ལུས་པོར་མཁོ་བའི་ངལ་ཞིག་གསོལ།།
འུ་ཚོ་མྱུར་དུ་འཛོམས་པོར་གནང་སྟེ་དགོད་སྒྲས་འཚོ་བར་བཞི་ཤད་བྲི། །
༢༠༡༥-༤-༤ཉིན།
ཚིག་སྦྱོར་ལྷོད་ཤ་ཅན་གྱི་སྙན་ངག་འདི་བཀླགས་ནས་བུད་སོང་།
སྙན་ངག་འདི་འདྲ་བྲིས་ན་དོན་སྙིང་ཡོད་ཀི
ལྷ་ཆབ་ལགས་སུ་ཐུགས་རྗེ་ཆེ་ཞེས་ཞུ་ཡོད།
མ་གཞི་ནས་ཁོ་བོས་སྙན་ངག་ཟེར་བའི་ཡིག་འབྲུ་འདི་གཉིས་ལ་སུས་ཀྱང་སྣང་བར་འགྲོ་དཀའ་བའི་ལྟ་སྟངས་དམིགས་གསལ་བ་ཞིག་ཡོད་ངེས། ལྷག་ཏུ་སྙན་ངག་པའམ། ཡང་ན་སྙན་ངག་ལ་དགའ་བ་ཚོས་སྣང་བར་འགྲོ་མི་སྲིད། འོ་་་ལྟ་སྟངས་དེ་ཁོ་བོས་འདིར་བརྗོད་དགོས་པ་མི་འདུག གང་ལྟར། ཁྱོད་ཀྱི་སྙན་ངག་འདི་ལ་སྟོབས་དང་ལྗིད་ཁོག་དབེན་ནའང་། ཚིག་གི་བརྗོད་པ་ཅུང་སྣང་བར་བབས་ཡོད།