བསོད་ནམས་ནོར་བུ།
མཁས་པས་བཙལ་ནས་བྲག་རིའི་ཁུང་དུ་ཡིབ།།
བླུན་པོས་མ་བཙལ་ཟང་ཟིང་གྲོང་དུ་འཁྱམས།།
འཐེན་ན་མི་རིང་བསྐུམས་ན་མི་འཁུམ་པའི།།
གནས་ལུགས་མཛའ་མོ་དེ་ལ་ཕྱག་ཅིག་འཚལ།།
ཞིང་ཁམས་ཞེས་པའི་གླིང་ཞིག་གནམ་ན་མེད།།
དམྱལ་བ་ཞེས་པའི་འཕྲང་ཞིག་ས་ན་མེད།།
དཀར་ནག་གདོང་པ་བསྲུང་བའི་མི་བུའི་ངོར།།
རྟོག་བཏགས་སེམས་ཀྱིས་བྱས་པའི་རི་མོ་ལགས།།
རང་བཞིན་སྡིག་པ་ཤེས་བྱའི་ཁམས་ན་མེད།།
བཅས་པའི་སྡིག་པ་ཐུབ་པ་ཆེན་པོས་བཟོས།།
སྒེ་ཁུང་མེད་ལ་སྒེ་རས་གཡོག་པ་འདི།།
ཆོས་ལུགས་གྲུབ་མཐའ་ཀུན་གྱི་རང་བཞིན་སྣང་།།
ནམ་མཁའི་ངོས་སུ་རྒྱུ་སྐར་གྲངས་མེད་ཀྱང་།།
སྨིན་དྲུག་ཁྲ་མོ་བདེན་པ་རེད་ཟེར་ནས།།
ལག་ངར་ཚིག་ཀྱང་དཔུང་པས་འཐམས་པ་དེ།།
གནས་ལུགས་ཉེ་བའི་གཏམ་ཞིག་ཨེ་རེད་སོམས།།
ལྷ་ཞེས་མཆོད་བསྟོད་བྱ་སའི་དཀྱིལ་འཁོར་ཞིག།
འདྲེ་ཞེས་ངན་དམོད་བྱ་སའི་ཧོམ་ཁུང་ཞིག།
འཚོག་ཁང་གཅིག་ཏུ་བཤམས་པ་མཐོང་མོད་ཀྱང་།།
ཕན་གནོད་གང་འདུག་རང་གི་སེམས་ལ་དྲིས།།
ལྷ་ལ་བསྟོད་ནས་མཐེ་བོང་ཀེར་འདོད་མེད།།
འདྲེ་ལ་སྨོད་ནས་མཛུབ་ཆུང་གཡུག་མོས་མེད།།
རང་གི་འཚོ་བ་རང་གིས་བསྲུང་གྱུར་ན།།
སྦལ་པ་ཆུང་ཡང་རང་ས་ཟིན་མིན་ནམ།།
ནང་པས་བཤད་པ་དཀར་པོ་དཀར་རྐྱང་མིན།།
ཕྱི་པས་གླེང་བ་ནག་པོ་ནག་རྐྱང་མིན།།
རང་གི་ཐིག་ཤིང་གཞུང་ནས་འཐེན་པ་ན།།
མི་འགྱུར་བདེན་པའི་རང་ཞལ་དེ་ནས་མཐོང་།།
རྐང་བ་ཅན་གྱི་ཡི་གེ་དགུའི་རྒྱབ་ལ།།
གཉིས་ཤད་མི་ཐོབ་ཟེར་བའི་གོ་ཐོས་ཡོད།
བསོད་ནམས་ནོར་བུའི་བརྡ་སྤྲོད་ཡིད་ལ་བབས།།
ཡིད་ལ་བབས་རུང་དོག་པ་སེལ་ཕྱིར་ཕུལ།།
རྫོགས་ཚིག་མཐའ་ཅན་ལྷུག་པ་དང་།།
ཚིགས་བཅད་རྐང་མཐར་ཉིས་ཤད་ཐོབ།།
ཅེས་པ་ད་དུང་བློ་ལ་མེད་དམ། ངོ་མ་ཡག་པོ་རེད།
ཚང་མས་མ་ཤེས་པ་ཞིག་བསོད་ནམས་ནོར་བུ་ཟེར་བ་འདིས་ཤེས་བྱ།
ས་ཐོག་ན་ཐམས་ཅད་མཁྱེན་པ་ཞིག་ཡོད་ན་ཁོ་ཡིན་ངེས་རེད།
ཧེ་ཧེ་ཧེ་
ཚ་མས་མ་ཤེས་ན། བསོད་ནམས་ནོར་བུས་ག་ལ་ཤེས། བསོད་ནམས་ནོར་བུས་ཤེས་ན་ཚང་མས་མ་ཤེས་པ་ག་ལ་ཡིན། དེ་འདྲ་མ་རེད་ཨ།
ཚང་མས་མ་ཤེས་པའི་ཐམས་ཅད་མཁྱེན་པ་བསོད་ནམས་ནོར་བུ་ཞེས་པ་ཞིག ལྕམ་སྐུ་ཞབས་བསམ་གཏན་སྒྲོལ་མ་ཟེར་བ་འདིས་མཁྱེན་འདུག་པས། ཐམས་ཅད་མཁྱེན་མ་ཞིག་ཡིན་ཤག་རེད། ཧཧཧཧཧ
རང་བཞིན་ཁ་ན་མ་ཐོ་མེད་བདེན་ན། །བཅས་པའི་ཁ་ན་མ་ཐོར་ཉེས་པ་གང་། །གནས་ལུགས་དོན་གྱི་མཛའ་མོ་མེད་པ་ན། །དེ་ལ་བསོད་ནམས་ནོར་བུས་འདུད་དོན་ཅི། །རང་བཞིན་རྣམ་དག་བདེན་སྟོང་སེམས་མེད་ན། །གློ་བུར་རྣམ་དག་འགོག་བདེན་ཇི་ལྟར་ཐོབ། །རང་བཞིན་ལྷན་སྐྱེས་ལྗོན་ཤིང་མེད་ཟེར་ན། །འཇིག་རྟེན་གྲགས་པའི་བཅོས་མའི་ཐ་སྙད་དབེན། །
ཅི་ཡང་མེད་ཀྱང་ཅི་ཡང་སྐྱིད་པོ་རེ་དང་། ཅི་ཡང་སྡུག་མོ་རེེ་བྱེད་ཆོག་པ་ནི། ཅི་ཡང་རང་བཞིན་གྱིས་མ་གྲུབ་པའི་གནད་ངོ་མ་རེད། འཇིག་རྟེན་གྲགས་སྙད་འཇིག་རྟེན་གྲགས་སྙད་ངོར་ཡོད་ཀྱང་། དེས་སྤྱིར་ཡོད་གོ་ག་ལ་ཆོད་དེ་ཅི་ཡང་མི་ཆོད།
ཐ་སྙད་དམ་འཇིག་རྟེན་གྱི་གྲགས་ཚོད། མ་བརྟག་མ་དཔྱད་པར། ཡོད་པས་ཡོད་གོ་མ་ཆོད་ན། ནོར་གསོག་པ་དང་། བསོད་ནམས་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པ་ཤཅ་ལས་བྱུང་བའི་འབྲས་བུ་སྐུ་གཉིས་སམ་གསུམ་མམ་བཞི་པོ་རྣམས་ཐ་སྙད་དུ་ཡོད་པས་སྐྱབས་གནས་མཐར་ཐུག་ཏུ་ཡོད་གོ་མ་ཆོད་པར་ཐལ།
འདོད། ཧ་ཅང་འདོད། ད་ཐོངས་ཤོག
མིན་འདུག་མིན་འདུག་མིན་འདུག་ཟེར་མཁན་དང་།
ཅི་འདུག་ཅི་འདུག་ཅི་འདུག་ཟེར་མཁན་རྣམས།
རང་གི་ཀླད་པ་རྣམ་དཔྱོད་མི་ལྡང་བས།
ཁོང་ཚོའི་རྗེས་ལ་རྒྱུག་ན་རང་གཞན་ཕུངས།
མེད་པའི་རྒྱུ་མཚན་ཕྲ་ཕྲ་ཞིབ་ཞིབ་ཁོད།
མིན་པའི་རིགས་པ་ཀླད་རྩ་ཕུར་དགོས་ཐོངས།
མེད་པའི་དཔང་པོ་མིག་ཁྲུལ་བར་དུ་སྟོན།
ད་གཟོད་ང་ཅག་རྩོད་དང་བདེན་ཁ་རྙེད།
གནས་ལུགས་མེད་པའི་ཡིན་མིན་རྩོད་པ་དང་།
སྣང་ལུགས་ཁོ་ནར་ལྟོས་པའི་གཏི་མུག་རྣམས།
བདེན་པ་མཐོང་བའི་སྐལ་བ་ཡེ་ནས་མེད།
སྦྱང་བར་དགོས་པའི་ཤེས་བྱ་འདུ་མ་འཚལ།
མིག་དབང་ཁོ་ནར་ལྟོས་པའི་བདེན་པ་འདི།
མིག་དབང་བྲལ་ན་ཐམས་ཅད་མེད་པར་འདོད།
ཞར་བ་རྣམས་དང་སྐྱ་གྲིབ་ཕོགས་པ་རྣམས།
བདེ་སྡུག་གཉིས་ཀ་སྟོང་ངམ་བསོད་ནམས་བུ།
མིག་གིས་མ་མཐོང་དངོས་པོ་མང་།
རྣ་བས་མ་ཐོས་གླུ་སྒྲ་མང་།
ཚན་རིག་རྒད་པོའི་མིག་དམར་གླིང་།
མིག་གིས་མ་ཡིན་འཕྲུལ་གྱིས་ཡིན།
བུ་ཁྱོད་མ་མཐོང་མཛེས་མ་མང་།
བུ་ཁྱོད་མ་བཟས་བྲོ་བ་མང་།
ཁྱོད་ཀྱི་ཁ་ལ་མ་འཐོབ་པ།
མེད་པ་འཛིན་པ་གླེན་རྟགས་བུ།
གླིང་འདིར་ཕོ་རྟགས་མོ་རྟགས་དང་།
ད་དུང་ཕོ་མོ་གཉིས་ཀྱི་རྟགས་ཡོད་པ།
བུ་ཁྱོད་མིག་གིས་མཐོང་མེད་ན།
དེ་ཡང་མེད་པའི་བདེན་པ་ཨེ།
གལ་ཏེ་དེ་ལྟར་ཁྱེེད་འདོད་ན། །མངོན་སུམ་དག་ལ་རབ་བསྙོན་པས། །སྐྱེ་བྱ་ཁྱེད་དང་སྐྱེད་བྱེད་ཟུང་། །མེད་པར་འདོད་དམ་རྒྱངས་འཕེན་བུ།