རྡོ་རྗེ་རིན་ཆེན།(སྐྱ་རེངས)
མི་གཞི་དང་ཀུན་སྤྱོད་ཀྱི་ངོས་ནས་སོང་ན། སྤྱི་ཚོགས་ནང་ཅུང་མིང་དང་བྱས་རྗེས་ཡོད་མཁན་གྱི་མི་བུ་ཞིག་ལ་མི་སྙན་པའི་སྐད་ཆ་ཞིག་བཤད་རྒྱུ་ནི་ཅི་འདྲའི་མ་འོས་པ་ཞིག་ཡིན་ནའང་། སྐབས་རེར་མི་བུ་དེ་དག་གིས་ཀྱང་ཚད་མེད་པར་བོད་ཀྱི་རིག་གནས་དང་ཡུལ་སྲོལ་སོགས་དང་འབྲེལ་བའི་སྐད་ཆ་ལོག་ཤེས་ཅན་མང་པོ་བཤད་ཡོད་དུས། མུ་མཐུད་དུ་ཁོང་ཅག་གི་བྱས་རྗེས་དྲན་དེ་འདུག་རྒྱུ་དེའང་དཀའ་བ་དང་ལྡན་པ་ཞིག་ཅི་ལ་མིན་ཨང་།
དེ་རིང་འདིར་འབྲི་འདོད་པ་ནི། སྐུ་ཞབས་གཅོད་པ་ཐར་ལགས་དང་འབྲེལ་ནས་འཕྲོས་བཤད་དུ་བོད་ཀྱི་ཚུར་ལེན་རིག་གནས་ཀྱི་སྐོར་ཞིག་ཡིན། སྐུ་ཞབས་གཅོད་པ་ཐར་ནི་བོད་ཀྱི་དབྱངས་རྩོམ་པ་པོ་ཞིག་རེད། ཁོང་གིས་ཨེ་མ་མཚོ་སྔོན་པོ་ཟེར་བའི་དབྱངས་གྲགས་ཅན་དེ་བརྩམས་ཡོད་པ་རེད། ཁོང་གིས་ཉེ་བའི་ལོ་འགའི་སྔོན་དུ་སྤྱི་ཚོགས་དྲ་ལམ་ཁག་ཏུ། བོད་མི་མང་པོ་ཞིག་དང་ཐ་ན་བོད་མིའི་སྒྲིག་འཛུགས་ཚུན་ཆད་ཀྱིས་བོད་ཀྱི་ཁ་བཏགས་དང་རྒྱལ་དར་ནོར་འཁྲུལ་ཅན་བེད་སྤྱོད་གཏོང་གིན་འདུག་ཟེར་ཏེ་ཞུ་འབོད་ཡང་ཡང་གནང་གིན་འདུག
ཁོང་གིས་གསུངས་བ་བཞིན་བོད་མི་གཞུང་སྒེར་གཉིས་ཀྱིས་རྒྱལ་དར་ནོར་འཁྲུལ་ཅན་བེད་སྤྱོད་གཏོང་གིན་ཡོད་ན། དེ་ནི་ངེས་པར་ང་ཚོ་ཚང་མས་དོ་སྣང་བྱ་དགོས་པ་ཞིག་རེད། རྒྱལ་དར་ནི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་མཚོན་རྟགས་ཡིན་པས། དེ་ངེས་པར་དུ་གཅིག་མཚུངས་རང་བཞིན་ཅན་ཞིག་ཡིན་དགོས་པ་རེད། ཁ་བཏགས་ནི་བོད་ཀྱི་རིག་གནས་ཡུལ་སྲོལ་ཁྲོད་ནས་ཅུང་མངོན་གསལ་ཅན་དུ་ཡོད་པའི་བོད་ཀྱི་མཚོན་ཆོས་ཤིག་ཡིན་ནའང་། དེ་ལ་དུས་དང་རྣམ་པ་ཀུན་དུ་དཀར་པོ་ཞིག་དགོས་པར་མ་མཐོང་།
ཁ་བཏགས་དང་རྒྱལ་དར་གྱི་སྐོར་དེ་ཞོར་འཕྲོས་ཙམ་ལས་འདིར་བཤད་བྱ་གཙོ་བོ་མིན། གང་བཤད་འདོད་པ་ནི་ཉེ་སྔོན་སྐུ་ཞབས་གཅོད་པ་ཐར་ལགས་ཀྱིས་བོད་མི་ཚོས་གནའ་བོའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་གོས་བེད་སྤྱོད་བྱེད་ཀྱིན་འདུག་ཟེར་ནས། ངོ་དེབ་ནང་ཞུ་འབོད་བྱེད་ཀྱིན་ཡོད་པ་དེའི་སྐོར་ཡིན། ཉེ་རབས་ཀྱི་བོད་དང་རྒྱ་ནག་གི་ཆབ་སྲིད་ཀྱི་འབྲེལ་བ་ནི་ཡ་ང་བ་ཞིག་ཡིན་ནའང་། དེ་ལ་གཞི་བྱས་ནས་གནའ་བོའི་བོད་དང་རྒྱ་ནག་གི་རིག་གནས་ཀྱི་འབྲེལ་བ་གཅོད་དགོས་པ་ཞིག་སྡོད་ནས་མ་ཡིན།
ལོ་རྒྱུས་ཀྱི་ངོས་ནས་བཤད་ན་རྒྱ་ནག་གི་དར་གོས་དང་བྲོ་རྫས་གཉིས་ནི་ཤར་ཨེ་ཤ་ཙམ་མ་ཡིན་པར་ནུབ་ཡོ་རོལ་ཚུན་ལ་ཁྱབས་ཡོད་པ་རེད། གནའ་བོའི་རྒྱ་ནག་གི་དར་གོས་དང་བྲོ་རྫས་གཉིས་ནི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་དར་ལམ་རིང་མོ་བརྒྱུད་ནས་འཛམ་གླིང་གི་ཡུལ་སོ་སོར་ནང་འདྲེན་བྱས་ཡོད་པ་རེད། ཡིན་ནའང་། དར་གོས་ཡིན་ན་རེད་བྲོ་རྫས་ཡིན་ན་འདྲ། གང་ལྟར་རྒྱ་ནག་ནས་ཉོས་ཏེ་རྒྱལ་ཁག་གཞན་ཞིག་ཏུ་བསླེབས་རྗེས། ཡུལ་དེ་དང་མི་རིགས་གཞན་དེ་དག་གིས་རང་རང་གི་ཁྱད་ཆོས་ལྡན་པའི་ཟས་དང་ཆས་གོས་སྐྲུན་བྱེད་ཀྱི་རྒྱུ་ཆར་བེད་སྦྱད་ཡོད་པ་རེད།
དེ་བཞིན་བོད་མི་ཚོས་ཀྱང་ངོ་སྔོ་སྟོང་ལྷག་གི་སྔོན་ནས་རྒྱ་ནག་གི་དར་གོས་དང་ཇ་སོགས་བོད་ཡུལ་དུ་ནང་འདྲེན་བྱས་དེ་བོད་རང་གི་ཁྱད་ཆོས་ལྡན་པའི་ཇ་དང་ཆས་གོས་སོགས་བཟོས་ཡོད་པ་རེད་ལ། དེ་བཞིན་རྒྱ་ནག་གིས་ཀྱང་བོད་ནས་ལུག་བལ་དང་ཚྭ་ལ་སོགས་རྒྱ་ནག་གི་ཡུལ་དུ་ནང་འདྲེན་བྱས་ཡོད་པ་རེད། ང་ཚོས་རིག་གནས་དམིགས་ཡུལ་དུ་བཟུང་ཡོད་ཕྱིར། གནའ་མི་ཚོས་ཅ་དངོས་དེ་དག་གཅིག་ནས་གཅིག་ལ་བརྗེ་རེས་བྱེད་པའི་ཁྲོད་དུ་རིག་གནས་ཕན་ཚུན་བར་ལའང་ཤུགས་རྐྱེན་ཐེབས་ཡོད་པ་ཤེས་དགོས།
སྤྱི་ཆ་ནས་མིའི་རིགས་ཀྱི་རིག་གནས་དང་ཡུལ་སྲོལ་དག་ནི་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་རེས་བྱས་ཏེ་བྱུང་ཡོད་པ་ནི་སུས་ཀྱང་སྙོན་དུ་མེད་པ་ཞིག་རེད་ལ། དེ་བཞིན་བོད་དང་རྒྱ་ནག་གི་རིག་གནས་གཉིས་ལའང་ཕན་ཚུན་ཤུགས་རྐྱེན་ཐེབས་རེས་བྱས་ཡོད་པ་ནི་དོན་དངོས་ཤིག་རེད། ལྷག་པར་དུ་ཆས་གོས་དང་ཟ་འཐུང་། བཟོ་རྩལ་སོགས་ཀྱི་ཆ་ནས་ཕན་ཚུན་ལ་ཤུགས་རྐྱེན་མངོན་གསལ་དུ་ཐེབས་ཡོད་པ་ཞིག་རེད། སྔོན་གྱི་དུས་སུ་བོད་ཀྱི་རྒྱལ་བློན་ཚོས་རྒྱ་ནག་གི་ཡུལ་དུ་འབྲེལ་ལམ་བཙུགས་པ་ནི་ཆབ་སྲིད་དང་དམག་དོན་ཁོ་ན་ཞིག་གི་དོན་དུ་ག་ལ་ཡིན།
དེ་ལྟར་ཡིན་ན་ནི། བོད་ཀྱི་དྲག་པོའི་དཔུང་ནི་རྒྱ་ནག་གི་རྒྱལ་ས་ཚུན་ལ་བསླེབས་ཡོད་པ་རེད་མོད། འོན་ཀྱང་། བོད་ཀྱི་བཙན་པོ་ཚོས་རྒྱ་ནག་གི་ཡུལ་ལ་དབང་བསྒྱུར་ཡོད་པ་མ་རེད། དེ་ལ་ངེས་པར་དགོས་པ་དང་རྒྱུ་མཚན་ཡོད་པ་རེད་ལ། རྒྱ་ཡུལ་ནས་བོད་ལ་རྒྱལ་མོ་ཞིག་བསུས་པའང་དམག་དོན་དང་ཆབ་སྲིད་ཁོ་ནས་དོན་དུ་འདོད་ན་ནོར་བ་རེད། ང་ཚོས་ངེས་པར་ཤེས་དགོས་པ་ཞིག་ལ། སྔོན་གྱི་བཙན་པོའི་སྐབས་ཐོག་གི་བོད་ཀྱི་རིག་གནས་ནང་འདྲེན་དང་ཚུར་ལེན་གྱི་སྙིང་སྟོབས་ནི་གཞན་དང་མ་འདྲ་བ་ཞིག་ཡོད་པ་དེ་རེད། འདི་ནི་རྩོམ་ཡིག་འདི་འབྲི་དགོས་པའི་རྒྱུ་མཚན་གཙོ་བོ་དེའང་ཡིན།
མིའི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་འདས་པའི་བྱུང་བ་དག་ལ་ཕྱིར་རྟོགས་བགྱིས་ཡོང་དུས། རིག་གནས་གསར་བ་ཞིག་རང་རང་གི་རྒྱལ་ཁབ་དང་སྤྱི་ཚོགས་ནང་དར་སྤེལ་དང་ཚུར་ལེན་བྱེད་རྒྱུ་ནི་ལས་སླ་བོ་ཞིག་གཏན་ནས་མིན་པ་ཤེས་ཐུབ་ལ། བརྒྱུད་རིམས་དེའི་ཁྲོད་ཤེས་ལྡན་མི་སྣ་མང་པོས་རྒྱུ་དངོས་དང་སྲོག་ཤོར་ཡོད་པ་རེད་ལ། རང་གནས་ཀྱི་སྤྱི་ཚོགས་འཁྲུག་ཟིང་ཅན་དུ་གྱུར་དེ་ནང་འཁྲུག་བྱུང་མྱོང་ཡོད་པ་རེད།
དེ་བཞིན་བོད་མི་ཚོས་ཀྱང་། སྔོན་གྱིས་དུས་ནས་རང་ས་རང་ཡུལ་ནས་རིག་གནས་གསར་བ་གསར་བཏོད་བྱས་ཡོད་པ་རེད་ལ། དེ་མཚུངས་སུ་མཐའ་འབྲེལ་རྒྱལ་ཁབ་དག་ནས་གཞན་གྱི་རིག་གནས་དང་ཡུལ་སྲོལ་མང་པོ་ཞིག་སྙིགས་དོར་བཅུད་ལེན་བྱས་ཡོད་པ་རེད། དེ་དག་གི་ཁྲོད་དུ་ཟ་འཐུང་གི་རིག་གནས་དང་ཆས་གོས་ཀྱི་རིག་གནས། འགྲོ་འདུག་གི་རིག་གནས། བསམ་སྤྱོད་ལ་སོགས་ཀྱི་རིག་གནས་མང་པོོ་ཞིག་འདུས་བསྡད་ཡོད་པ་རེད།
ང་རང་གིས་བསམ་པར། བོད་ཀྱི་ལས་དབང་ནི་ད་ལྟའི་ཚད་འདི་ལ་བརྒྱབས་ཡོད་པ་ནི། བོད་བཙན་པོའི་རྒྱལ་ཁབ་ཁ་ཐོར་དུ་སོང་བ་དང་། ཆོས་ལུགས་གྲུབ་མཐའི་བར་དུ་འཁྲུག་རྩོད་བྱས་པ། སྐུ་དྲག་ཚོ་རྣམ་གཡེང་ཆེ་དྲག་པ་ཁོ་ན་ཞིག་གིས་མ་ཡིན་པར། གཙོ་བོ་ནང་གི་རྒྱུ་རྐྱེན་གཙོ་བོ་ཞིག་ནི། བོད་མི་ཚོས་བོད་བཙན་པོའི་སྐབས་ནས་བྱུང་བའི་ཚུར་ལེན་རིག་གནས་ཀྱི་སྙིང་སྟོབས་དེ་དོར་བས་རེད། ཚུར་ལེན་རིག་གནས་ཀྱི་སྙིང་སྟོབས་ཟེར་བའི་དོན་ནི། རང་ལ་མེད་པ་དང་ཡོད་ཀྱང་འཐུས་སྒོ་མི་ཚང་པས་གཞན་གྱི་རིག་གནས་རང་གི་རིག་གནས་ཀྱི་ཁྲོད་དུ་སྙིགས་དོར་བཅུད་ལེན་གྱིས་ནང་འདྲེན་བྱེད་པ་དེ་ལ་གོ་དགོས།
འཛམ་གླིང་གི་རིག་གནས་འཕེལ་ཕྱོགས་ཟེར་ན་རེད། གང་ལྟར་དུས་རབས་བཅུ་གསུམ་པ་ནས་བཟུང་ནུབ་ཕྱོགས་ཀྱི་རིག་གནས་ཀྱི་ལོ་རྒྱུས་དེ་དེང་རབས་ལ་ཁ་གཞོགས་ཡོད་པ་དང་། དེའི་མཇུག་འབྲས་སུ་འཛམ་གླིང་ལ་གཡོ་འགུལ་རབས་དང་རིམ་པ་མང་པོ་ཞིག་བྱུང་བ་རེད། ཡིན་ནའང་། བོད་ནི་འཛམ་གླིང་ལོ་རྒྱུས་ཀྱི་འཁོར་ཕྱོགས་དང་བསྡུར་ན་སྔར་བཞིན་ཁ་རུབ་དང་ཞི་བདེ་ངང་འཚོ་བ་བསྐྱེད་ནས་བསྡད་ཡོད་པ་རེད། ང་ཚོས་ཧ་ལམ་དུས་རབས་བཅོ་ལྔ་བ་དང་ཡང་ན་བཅུ་དྲུག་པ་ནས་བཟུང་གཞན་གྱི་རིག་གནས་ནང་འདྲེན་བྱེད་རྒྱུར་མཚམས་བཞག་ཡོད་པ་ལྟ་བུ་རེད། ཡིན་ནའང་། བཤད་མ་ཐག་པ་བཞིན་སྐབས་དེ་དག་དུ་མཛམ་གླིང་གི་རིག་གནས་ལོ་རྒྱུས་དེ་ཧ་ཀྱང་འཁྲུག་ཆ་དོད་པོའི་ཁ་ཕྱོགས་ཅན་ཞིག་ཏུ་གྱུར་སོང་བ་རེད།
ང་ཚོས་ང་ཚོ་བོད་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་དེ་འཛམ་གླིང་གི་ལོ་རྒྱུས་ཀྱི་འཕེལ་རིམ་དང་བསྡུར་ནས་དེད་དེ་ཡོང་ན། ངེས་པར་དུ་མི་གླེང་ཐབས་མེད་དུ་གྱུར་ཡོད་པའི་མི་སྣ་གལ་ཆེན་འགའ་ཡོད་པ་མཐོང་ཐུབ་སྟེ། དང་པོ་ནི་རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ་རེད། ཁོང་ནི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བདག་པོར་གྱུར་མྱོང་བའི་མི་སྣ་ཞིག་རེད་ལ། ཁོང་ནི་རྒྱལ་ཁབ་གཞན་གྱིས་བཙན་གནོན་དང་དྲག་ཤུགས་ཀྱིས། ཐེངས་གཅིག་ནས་གཉིས་ལ་རང་གི་རྒྱལ་ཁབ་དང་ཁ་བྲལ་ནས་བྲོས་བྱོལ་ལ་སོང་མྱོང་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན་ཡོད་མཁན་ཞིག་རེད།
དེའི་རྐྱེན་ཀྱིས་རྒྱལ་མཆོག་བཅུ་གསུམ་པ་ཆེན་པོས་བོད་འདི་མུ་མཐུད་དུ་རང་དབང་རང་བཙན་བྱས་དེ་འདུག་དགོས་ན། ངེས་པར་དུ་ཕྱིའི་སྒོ་མོ་ཕྱེ་ནས་གཞན་གྱི་རིག་གནས་གསར་བ་དང་ལག་རྩལ་སོགས་བོད་ཡུལ་དུ་ནང་འདྲེན་བྱེད་དགོས་པར་གཟིགས་ཡོད་པ་རེད། དེའི་ཕྱིར་དུ་བོད་ཕྲུག་འགའ་ཨིན་ཡུལ་དུ་སློབ་སྦྱོང་ལ་བཏངས་ཡོད་པ་རེད་ལ། དེང་རབས་ཅན་གྱི་དམག་གི་སྒྲིག་འཛུགས་ཤིག་ཀྱང་བཙུགས་པ་རེད། རྒྱལ་མཆོག་བཅུ་གསུམ་པའི་དགོངས་པ་བཞིན་དུ་བོད་མི་ཚོས་ཀྱང་མུ་མཐུད་དུ་གཞན་ཀྱི་རིག་གནས་གསར་བ་ནང་འདྲེན་བྱས་ཡོད་ན། བོད་དེ་རྒྱ་ནག་གི་འོག་ཏུ་ཚུད་ཡོད་མེད་བཤད་དཀའ་བ་ཞིག་རེད།
གཉིས་པ་སྐུ་ངོ་ལུང་ཤར་བ་དང་དགེ་འདུན་ཆོས་འཕེལ། གཞན་ཚང་མར་ཅུང་གསལ་ཆ་ཡོད་མཁན་ཞིག་ནི་ཉེ་བའི་བོད་ཀྱི་ལོ་རྒྱུ་ཁྲོད་ཀྱི་མི་སྣ་འབའ་བ་ཕུན་ཚོགས་དབང་རྒྱལ་བཅས་རེད། གོང་གི་ལོ་རྒྱུས་ཀྱི་མི་སྣ་འདི་དག་གིས་བོད་ལ་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་དྲག་པོའི་རིག་གནས་ཤིག་ནང་འདྲེན་བྱེད་རྒྱུར་འབད་པ་བྱས་ཡོད། ཡིན་ནའང་། བོད་མི་ཚོས་བོད་བཙན་པོའི་སྐབས་ནས་བྱུང་བའི་ཚུར་ལེན་རིག་གནས་ཀྱི་སྙིང་སྟོབས་དེ་སྔོན་ནས་དོར་ཟིན་པས། བོད་ནི་རྒྱ་དམར་པོའི་འོག་ཏུ་ལས་སླ་བོའི་ངང་ཚུད་པ་རེད།
ང་ཚོས་འདི་ལྟར་རང་གི་ལོ་རྒྱུས་ཀྱི་ཆུ་རྔ་མར་དེད་དེ་འདིར་ཐོན་པ་ན། བོད་ལ་ཆེས་བཀའ་དྲིན་ཆེ་བ་དང་དེང་གི་བོད་ཀྱི་ལོ་རྒྱུས་ཀྱི་ཀ་ཆེན་ལྟ་བུ་གཉིས་ནི། རྒྱལ་མཆོག་བཅུ་བཞི་བ་དང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་རྣམ་གཉིས་རེད། དེང་གི་བོད་ཀྱི་ལོ་རྒྱུས་གླེང་བར་ཁོང་རྣམ་གཉིས་མ་གླེང་ཐུབ་མེད་དུ་གྱུར་ཡོད། འདི་ནི་བོད་ཀྱི་ལོ་རྒྱུས་ལ་མཚོན་ན་ཤོག་ལེབ་གསར་བ་ཞིག་ཡིན་པས། འདིར་དེ་ཙམ་ཀྱིས་རྩོམ་ཐུང་འདི་མཇུག་རྫོགས་སོ།།
༢༢།༤།༢༠༡༧
རྡོ་རྗེ་རིན་ཆེན་ལགས་ནས་རྩོམ་ཡིག་སྙིང་བསྡུས་དཔེ་མི་སྲིད་ཞིག་བྲིས་འདུག་༷པ་ང་བློ་ལ་
ཧ་ཅང་འགྲོ་སོང། ཐུགས་རྗེ་ཆེ་། དེ་ལྟ་བུ་ཡང་སེ་འབྲི་རྩོམ་གནང་རོགས།
བོད་ཀྱི་མཁས་པ་དགེ་འདུན་ཆོས་འཕེལ་མཆོག་ལ་བསྟོད་དོ།
རྡོ་རྗེ་རིན་ཆེན་ལེགས་ཀྱི་རྩོམ་འདིར་གཅོད་པ་ཐར་ལེགས་ཀྱི་བྱ་བ་འགའབཀོད་པས། ཡིད་མགུ། གཅོད་པ་ཐར་པ་ལ་བོད་ཀྱི་དཔེ་ཆའི་མིང་ཚིག་དག་མ་ཉམས་པའི་ཆེད་ལྷག་བསམ་ཆེ། སྔར་གྱི་བྱ་ཚིག་་ཡིན། བོད་ཡུལ་ཕྱོགས་གཅིག་གི་བྱ་ཚིག རེད། ཅེས་པར་འབྲི་ན། བོད་ཡ\ཡོངས་ལ་ཁྱབ། དཔེར་ན། ཁྱབས་ཡོད་པ་ཡིན། སྙོན་དུ་མེད་པ་ཞིག་ཡིན་ལ། དངོས་ཤིག་ཡིན། ཡོད་པ་མ་ཡིན། ཅེས་སོགས་རེད་ཀྱི་གནས་སུ། དོན་གཅིག་པར་མཐོང་། ཅི་ལ་མིན་ཨང་། འདིར་ཨང་བྲིས་པ་དེ། ཅི་ལ་མིན་ནམ། ཞེས་པའི་དོན་ཡིན་ནམ། བེད་སྤྱོད། བེད་ཅེས་པ་ཇི་ལྟར་བྱུང་བ་ཡིན་ནམ། བྱེད་སྤྱོད། སྒྲ་དང་པོ་དེ་གནའ་བོའི་ཀློག་སྟངས་ཉམས་ནས། ཡ་སྟ་ཁ་ནས་ཕྱིར་བྱུང་བས། ཡ་སྟ་མེད་པར་སོང་བ་ཡིན་ནམ།
ཅི་ལ་མིན་ཨང་།
མི་རིགས་ནི་རྒྱལ་ཁབ་ཐོར་བས་ཉམས་པ་མ་ཡིན་པར།
རིག་གནས་བཙོང་བས་ཉམས་པ་ཡིན།
——ཐོག་མའི་གཏམ་དུ།
རྒྱའི་གདོད་མའི་མཚོན་ཆོས།རྒྱ་ཡིག།འབྲུག་དང་བྱ། གཅན་གཟན་གྱི་རིགས་ཡོད་པའི་དར་གོས་བེད་སྤྱོད་མ་གཏོང་རོགས།
བོད་ནང་བོད་མིས་སྐད་ཡིག་བསྲུང་སྐྱོབ་ཆེད་གཅེས་པའི་སྲོག་ཚུན་བློས་བཏང་གིས་འཐབ་རྩོད་བྱེད་དང་བྱེད་མུས་ཡིན་པ་ཚང་མས་རྟོགས་བཞིན་པས། རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས་ཚོང་ཁང་དང་ཟ་ཁང་གི་སྒོ་བྱང་ཚུན་བོད་ཡིག་ནང་བྲིས་མི་ཐུབ་པའི་རྒྱུ་མཚན་ཅི་ཡིན།
ཚོགས་འདུ་དང་དུས་ཆེན་སོགས་ཀྱི་སྐབས་སུ་ཁ་བཏགས་རྫུན་མ་བེད་སྤྱོད་གཏན་ནས་མ་གཏོང་རོགས་ཞེས་རེ་བསྐུལ་ཆེས་ཆེར་ཞུ་རྒྱུ་ཡིན། ཕ་མེས་ ནས་བརྒྱུད་པའི་བོད་ལུགས་ཁ་བཏགས་ནི་དཀར་པོ་དཀར་རྐྱང་ཡིན་ལ་དཀར་པོ་རང་བེད་སྤྱོད་གཏོང་རོགས། དེ་ལས་གཞན་པའི་ཁ་མདོག་སེར་ཁྲ་དང་དཀར་ཁྲ། སྔོ་ཁྲ། ལྗང་ཁྲ།དམར་ཁྲ་ཅན་གྱི་དར་རས་ནི་རང་ལུགས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་མི་མཐུན་པའི་བེད་སྤྱོད་གཏན་ནས་མ་གཏོང་རོགས། སྤྱིར་ན་དུས་ཆེན་ལྟ་བུའི་མཛད་སྒོ་ དང་འདུ་འཛོམས་སོགས་ཀྱི་སྐབས་སུ་སྡིངས་ཆའི་སྟེང་དུ་མི་གང་བྱུང་དུ་སོང་ན་ཡག་པོ་མི་འདུག། དཔེ་ན་ཉེ་ཆར་ཕྱི་ལོ་༢༠༡༦་ཟླ་བ་༧་པའི་ནང་ཡོ་རུབ་ཀྱི་ཧྥ་རན་སི་དང་སུད་སིར་གནས་སྡོད་བོད་པ་ཚོའི་རྐུབ་བམ་ཨོང་དོ་ཕྱིར་བསྟན་ནས་ཁ་བཏགས་རྫུན་མ་འགྲེམ་སྟོན་བྱས་པ་ལྟ་བུ་རེད། སྤྲོ་ཚོགས་དེའི་སྟེང་དུ་དབྱངས་རིགས་ངག་གི་སྒྱུ་རྩལ་ལ་བྱང་ཆུབ་པའི་མིང་དུ་གྲགས་པ་བོད་ཀྱི་གླུ་མ་རིག་འཛིན་སྒྲོལ་མ།ཀརྨ་བཅིང་གྲོལ་སྒྲོལ་མ་དང་གནམ་མཚོ་བཅས་ཕེབས་ཡོད་པ་རེད། ང་ཚོ་བོད་མི་ཚང་མས་ལ་ཟློག་ཏུ་མེད་པའི་འགན་ཞིག་ཡོད་པ་ནི། བོད་ཀྱི་སྲོལ་རྒྱུན་རིགས་གནས་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་པའི་རྣམ་པ་ཚང་མས་ལྷོད་གཡེང་དུ་མི་གཏོང་བར་ཅི་ནས་ཀྱང་འབད་བརྩོན་གནང་རོགས་ཞུ། གོང་དུ་བཤད་པའི་གནད་དོན་རྣམས་བོད་ཀྱི་ས་ཆ་དང་རྒྱལ་དར་བོད་ཀྱི་ལྷ་དར་དཀར་པོ་སོགས་ངེས་མི་ཟིན་པའི་མི་ཚོས་ས་སྟེང་འདིར་བཞག་པའི་ཤུལ་བཞག་རེད།
བོད་རིགས་སྐྱེས་པ་ཚོས་བོད་ལྭ་གོན་དུས་ཕྱི་ལུགས་སྐེ་ཐག་མ་རྒྱག་རོགས། གང་ཡིན་ཟེར་ན་སྐེ་ཐག་རྒྱག་པ་ཕྱི་ལུགས་ཀྱི་སྲོལ་ཞིག་རེད།
སྐུ་ཞབས་གཅོད་པ་ཐར་ལགས། ཁྱེད་ཀྱི་མཆན་དང་པོ་དེ་ནི་ངས་སྔོན་དུ་བྲིས་པའི་རྩོམ་ཡིག་ཅིག་ལས་འཁུར་ཡོང་བ་འདྲ། དེ་ལ་ངས་ལན་ཐུང་ཐུང་ཞིག་འབུད་ངེས་ཡིན། གཞན་དེ་དག་ནི་ཁྱེད་རང་མི་སྒེར་གྱི་བསམ་ཚུལ་ཙམ་ལས། དོན་སྙིང་ཡོད་པ་ཞིག་དུ་མ་མཐོང་།
རེད། ངས་སྐད་ཆ་དེ་དོན་ནི། དེང་གི་བོད་ཀྱི་ལོ་ཙྭ་བ་དང་སྐད་གཉིས་སྨྲ་བ་མང་པོ་ཞིག་གིས་གང་ཐུབ་ཅི་ཐུབ་ཀྱིས་བོད་རང་ལ་ཡོད་པའི་རྩ་ཆེ་བའི་དཔེ་དེབ་མང་པོ་ཞིག་སྐད་ཡིག་གཞན་གྱི་ནང་བསྒྱུར་བ་ལས། མི་རིགས་གཞན་གྱི་རིག་གནས་གསར་བ་དང་དཔེ་དེབ་རྩ་ཆེན་རྣམས་བོད་རང་གི་སྐད་ཡིག་ནང་སྒྱུར་བའི་ཐབས་ཤེས་གནང་གི་མེད།
ཁོང་ཅག་གིས་དུས་ཡིན་རུང་གཞན་ལ་དེ་ནི་བོད་ཀྱི་རིག་གནས་གཞན་ལ་བརྒྱུད་སྤེལ་དང་དར་ཁྱབས་གཏོང་གིན་ཡོད་ཟེར་ནས་བོད་མི་ཚོར་མགོ་སྐོར་གཏོང་གིན་ཡོད་པ་རེད། དོན་ལ་མི་བུ་དེ་དག་གིས་བོད་ཀྱི་རིག་གནས་མི་རིག་གཞན་ལ་བཙོང་གི་ཡོད་པ་རེད།
དེ་ནི་དགོན་པའི་དགེ་གཤེས་ནང་དུ་ཡོད་རེད་ལ། གཞུང་གི་ལས་བྱེད་ནང་དུའང་ཡོད་རེད། མི་སྒེར་ངོས་ནས་ཀྱང་ངོ་ཚ་མེད་པའི་ལས་ཀ་དེ་ལས་ཀི་ཡོད་རེད་ལ། ཚོགས་པ་དང་སྒྲིག་འཛུགས་ངོས་ནས་ཀྱང་ལས་ཀ་དེ་བྱེད་ཀི་ཡོད་པ་རེད།
ཐ་ན་བོད་ཀྱི་བཀའ་འགྱུར་དང་བསྟན་འགྱུར་ཚུན་ཆད་རིན་མེད་ངང་སྐད་ཡིག་གཞན་གྱི་ནང་འགྱུར་མུས་རེད། དེ་ལ་ད་དུང་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་ཟེར་གི་ཡོད་རེད། ང་ཚོས་ངེས་པར་དུ་ཤེས་དགོས་དང་དྲན་དགོས་པ་ཞིག་ནི།
སྔོན་གྱི་བོད་ཀྱི་ལོ་ཙྰ་བ་དང་རྒྱལ་བློན་ཚོས་གསེར་དང་དངུལ་མང་པོ་བཏང་ནས་རྒྱ་གར་ནས་སངས་རྒྱས་ཀྱི་ཆོས་བཀའ་བསྟན་ད་ལྟ་བོད་དུ་གང་ཡོད་པ་དེ་དག་བོད་ལ་ནང་འདྲེན་བྱས་པ་རེད། དེའི་བརྒྱུད་རིམ་ཁྲོད་དུ་བོད་ཀྱི་ལོ་ཙྰ་བ་མང་པོ་ཞིག་རྒྱ་གར་དུ་སོང་ནས་ཕྱིར་ཡོང་མེད་པ་ཆགས་པ་རེད་ལ། ཡང་མང་པོ་ཞིག་གིས་རང་གི་མི་ཚེ་དེ་དོན་དུ་བསྟུན་ཡོད་པ་རེད།
ཡིན་ནའང་། ད་ལྟ་ང་ཚོའི་གནས་སྐབས་སུ་བསླེབས་དུས། ཁོང་ཅག་གི་སྲོག་དང་དངུལ་དངོས་བཏང་ནས་བོད་ལ་བཞག་པའི་རྩ་ཆེ་བའི་རིན་བྲལ་ནོར་བུ་དེ་དག རིན་མེད་ངང་མི་སྒེར་རེ་ཟུང་ཞིག་དང་ཚོགས་པ་རེ་ཟུང་ཞིག་གི་ཁེ་ཕན་གྱི་དོན་དུ་གཞན་ལ་འཁྱེར་བཅུག་ན་ག་ལ་རུང་།
བོད་ཆགས་འཇིག་གི་གནས་སུ་ལྷུང་དགོས་དོན་དེ་ཆོས་ལུགས་ཀྱི་སྐྱོན་མ་རེད།
ཆོས་པ་ཡིན་ཟེར་མཁན་ཚོས་ཆོས་ལུགས་བེད་སྤྱོད་ལོགས་པར་བཏང་བའི་རྐྱེན་ལས་བྱུང་པ་རེད། འདོར་ན་ཆོས་པ་ཚོས་ཆོས་ལུགས་བེད་སྤྱོད་ཡང་དག་པར་མ་གཏོང་བ་རེད།
གལ་སྲིད་ཆོས་པ་ཆོས་པའི་སར་སྡད་ན་སྐྱོན་མེད་པ་རེད། དཔེེར་ན་སྔོན་ཐོན་ཅན་གྱི་རྒྱལ་ཁབ་ཨང་དང་པོ།
ཉི་ཧོང་དང་ཨ་རི་སོགས་ལ་ཆོས་ལུགས་ཡོད་ཡོད་པ་རེད། ཆོས་ལུགས་ཀྱི་སྐྱོན་མ་རེད། བོད་ཀྱི་ས་ཆ་དང་རྒྱལ་དར་བོད་ཀྱི་ལྷ་དར་དཀར་པོར་ངེས་མི་ཟིན་པའི་ལྐུག་པ་ཚོ་རེད།
བོད་ལུགས་ཁ་བཏགས་ནི་དཀར་པོ་དཀར་རྐྱང་ཡིན་པས་དཀར་པོ་རང་བེད་སྤྱོད་གཏོང་རོགས། ཁ་མདོག་སེར་ཁྲ་དང་དཀར་ཁྲ། སྔོ་ཁྲ། ལྗང་ཁྲ། དམར་ཁྲ་ཅན་གྱི་རས་དར་ནི་རང་ལུགས་དང་མི་མཐུན་པས་བེད་སྤྱོད་ཁྱོན་ནས་མ་གཏོང་རོགས།
ཁ་བཏགས་དཀར་པོ་ཡིན། ཁ་བཏགས་ཁྲ་ཁྲ་མིན། ཁ་བ་དཀར་པོ་ཡིན། ཁ་བ་ཁྲ་ཁྲ་མིན། གངས་རི་དཀར་པོ་ཡིན། གངས་རི་ཁྲ་ཁྲ་མིན།
ནོར་འཁྲུལ་ཅན་གྱི་རྒྱལ་དར། ༢༠༡༧ལོ་ཟླ༣ཚེས་ ༡༠ ཉིན་March 10, 2017དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ནོར་འཁྲུལ་ཅན་གྱི་རྒྱལ་དར་བསྒྲེངས་པ་ནི་ཧ་ཅང་གི་ནོར་འཁྲུལ་ཚབས་ཆེན་ཞིག་རེད།
རྒྱལ་དར་ནོར་འཁྲུལ་ཅན་བེད་སྤྱོད་མ་བྱེད། བོད་ཀྱི་དུས་བབ།གཅོད་པ་ཐར་གྱིས་༢༠༠༨ལོ་ཟླ་༤ཚེ༡ཉིན་བོད་ཀྱི་གྲོས་ཚོགས་དང་བོད་གཞུང་ལ་ཕུལ་བའི་ཞུ་ཡིག་ལ་གཟིགས་རོགས་གནང་།
དྭངས་གཙང་ཁ་བཏགས་དཀར་པོ་དང་དྭངས་གཙང་དར་ཚོན་སྣ་ལྔ་བེད་སྤྱོད་གནངས་རོགས།། དགེ་རྒན་ཆེན་མོ་སྡེ་དགེ་ཐུབ་བསྟན་ཕུན་ཚོགས་ཀྱི་སྤྱི་ལོ་༢༠༡༥ལོའི་ཟླ་བ་༣པའི་ཚེས་༡༠ཉིན་གྱི་རྩོམ་ཡིག་གཟིགས་རོགས་གནང་།.
སྦག(མ་ཅང་)རྒྱན་འཛུགས་མཚམས་འཇོག་བྱེད་དགོས།མཁས་དབང་སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་གྲོས་གཞི་ཡིག་ཆ་ལ་གཟིགས་རོགས་གནང་།.
གཅོད་པ་ཐར་ནས།༢༠༡༦།༣།༡༠།ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནས།
འདུལ་འཛིན་པ་ཚོས་དར་དཀར་དང་གོས་དཀར་ལ་འཛེམས་གཟོན་བྱེད་དགོས་པ་འདུལ་གཞུང་ནང་དམིགས་བསལ་གསུངས་ཡོད། དེ་འདྲ་ཡིན་དུས་དགོན་པའི་ནང་ལ་སྔོ་དམར་སེར་གསུམ་བེད་དཔྱད་ན་མི་འགྲིག་པ་ཨ་ཡོད་ན། གཞན་དམངས་ཁྲོད་ལ་ཁ་དར་དཀར་པོ་རང་བེད་དཔྱད་ན་ལེགས་པར་སེམས། ཡིན་ནའང་བོད་ལུགས་ཀྱི་ཁ་དར་བཟོ་བྱེད་ཀྱི་རྒྱུ་ཆ་དེ་ག་འདྲ་ཞིག་དགོས་མིན་བསམ་བློ་ངེས་པར་དུ་གཏོང་དགོས་ས་རེད། ད་ལྟའི་བར་རྒྱ་གར་དང་རྒྱ་ནག་པས་བཟོས་པའི་ཚོང་ཟོག་ཁྲོམ་ར་ནས་གང་ཐོན་པ་དེ་བོད་པས་བེད་དཔྱོད་གཏོང་རྐྱང་བྱས་པ་རེད། མ་འོངས་པར་བོད་པས་བོད་རང་ས་ནས་ཐོན་པའི་རྒྱུ་ཆ་ཞིག་བེད་དཔྱོད་གཏོང་ཐུབ་ན་ཤིན་ཏུ་ལེགས་པར་སེམས། །
བེད་སྤྱོད་ལ་བཅོས། དགོངས་དག །
ཡིན་དང་རེད། ཅེས་པའི་བྱ་ཚིག་དེ་གཉིས་ལ་ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད། བོད་སྐད་ཆེས་ཆེར་ཉམས་རྒུད་ཀྱི་དུས་འདིར་ཁྱབ་ཆེ་བ་བཀོལ་ན་ལེགས། བོད་ཛམ་གླིང་འགྲུལ་སྡེ་པས། རྒྱ་གར་མོས་པོ་གནྡྷཱི་ལ་དར་དཀར་ལེགས་པ་ཞིག་ཕུལ་པ་ན། འདི་གང་དུ་བཟོས། རྒྱ་ནག་ཏུ་ཞེས་པ་ན། བོད་རང་དུ་བཟོས་པ་ཞིག་བྱུང་ན་ལེགས། ཞེས་བཤད་པ་ཐོས།
ངས་ནི་ཁྱོད་ལ་ལེགས་པའི་ལམ་བསྟན་གྱིས།
ལེགས་པ་ཁྱོད་ལ་རག་ལས་ཤེས་པར་གྱིས།
་
བརྗོད་པ་ཟུང་འདིར། གྱིས། ཞེས་པའི་སྒྲ་ཟུང་གཅིག་ལ་དོན་མི་འདྲ་བ་ཡོད།
འདི་འདྲ་ལ་དོ་སྣང་མཛད་མཁན་རེ་ཡོད་དམ། ཡོད་ན་ལེགས། ཡི་གེ་འདི་འབྲི་བཞིན་པའི་སྒང་ལ་དོ་སྣང་། ཞེས་པ་དོན་སྣང་། ཞེས་པའི་སྒྲ་གྱུར་པར་སེམས་ལ་ཤར་ཏོ།
ང་རང་གཅོད་པ་ཐར་ལ་ངོ་མ་གུས་ཞབས་དང་། ཁོང་ལྟ་བུའི་བོད་མི་མང་ཙམ་ཡོད་ན་ང་ཚོར་རེ་བ་ཡོད། ངས་༡༩༨༨ལོར་གཅོད་པ་ཐར་ཐོག་མར་མཇལ། སྐབས་དེ་དུས་ཁོང་སོག་སྒར་སློབ་གྲྭའི་ནང་ལ་བོད་ཡིག་གི་གསལ་བྱེད་དང་དབྱངས་བཞི་སྦྱོང་བཞིན་འདུག བོད་ནང་ལ་བོད་ཡིག་སྦྱོང་བའི་གོ་སྐབས་མ་ཐོབ་གསུངས། ད་ཆ་བོད་ཡིག་འདི་ལྟ་བུ་བྲིས་ཐུབ་པ་ཁོ་ནས་ཁོང་གི་གཤིས་ཀ་ཞིག་འཐོན་གྱི་ཡོད།
བཙན་བྱོལ་ནང་ལ་༡༩༩༠ནང་ལ་ཁོང་ལྟ་བུའི་རྒྱ་ཡིག་ཆུ་ཚད་མཐོན་པོ་ཞིག་མེད་ཚོད། ཁོང་དམིགས་བསལ་ཧྲང་ཧེ་རོལ་དབྱངས་སློབ་ཆེན་ལ་གཞས་གདངས་རིག་པ་སྦྱོང་བར་ཕེབས་པ་དང་། དེའི་སྐབས་ལ་ཁོང་གི་སློབ་གྲོགས་གཅིག་གིས་གསུངས་པར་བོད་རིགས་སློབ་མ་བཞི་ཡོད་པའི་ནང་ནས་ཁོང་ལྟ་བུའི་རྒྱ་ཡིག་གཞུང་ཆེན་མོ་ལྟ་ཐུབ་པ་དང་། ཆེད་རྩོམ་འབྲི་ཐུབ་མཁན་མེད་གསུངས། ལྷག་པར་དུ་རྒྱ་རིགས་སློབ་མ་དེ་ཚོ་ལས་ཁོང་གི་རྒྱ་ཡིག་ཡིག་རྙིང་ཀློག་པའི་ཆུ་ཚད་ལེགས་པ་ཡོད་སྟབས། ཁོང་ལ་མིང་འདོགས་གཅིག་འདུག་རུང་ད་ཆ་མི་དྲན། གང་ལྟར་མིང་འདོགས་དེ་རྒྱའི་སྔོན་བྱོན་གྱི་སྙན་ངག་མཁས་པ་ཞིག་གི་མིང་རེད།
ཁོང་བཙན་བྱོལ་ལ་ཕེབས་རྗེས། གོང་ས་མཆོག་དང་བཀའ་ཤག་ནས་རྒྱ་ཡིག་སྡེ་ཚན་ནང་ལ་རྒྱ་ཡིག་ནང་ལ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གནང་བའི་ཕོགས་དང་ལས་གནས་ཕུལ་རུང་། ཁོང་གིས་དེ་མ་བླངས་པར་སྔོན་ལ་བོད་ཡིག་སྦྱོང་བར་སྦིར་གསར་འབྱོར་སློབ་གྲྭར་ཕེབས་འདུག ཁོང་གིས་རྒྱུན་པར་མི་དྲང་པོ་བྱེད་དགོས། ང་བོད་ཡིག་མ་ཤེས་མཁན་ཞིག་ལ་རྒྱ་ཡིག་གི་ངོ་ལ་བལྟས་ནས་མཐོང་ཆེན་བྱས་ན་དེ་ནོར་པ་རེད། ང་ཚོ་བོད་ཡིག་གཙོ་བོ་རེད་གསུངས་པ་ཐོས་པས།་ཤིན་དུ་ཁོང་ལ་དད་མོས་ཤར།
༡༩༨༩ལོར་ཨ་ལག་འཇིགས་མེད་ནས་གཅོད་པ་ཐར་ཐེ་ཝན་ལ་དབྱིན་ཇི་དང་དེ་བཞིན་རྒྱ་ཡིག་གི་ཞིབ་འཇུག་སྦྱོང་བརྡར་ལ་གཏོང་རྩིས་གནང་འདུག་རུང་། ཁོང་གིས་ཕེབས་མི་འདུག རྒྱུ་མཚན་ནི་སྐབས་དེ་དུས་ཐེ་ཝན་གཞུང་གིས་བཙལ་བྱོལ་བོད་གཞུང་ནང་ལ་རྙོག་ཁྲ་མང་པོ་བཟོ་བཞིན་པའི་སྐབས་དང་། ལྷག་པར་དུ་བོད་སོག་ལས་ཁུངས་ཀྱིས་བོད་འདི་རྒྱ་ནག་གི་ཆ་ཤས་ལས་རང་བཙན་ཁས་ལེན་བྱེད་ཀྱི་མེད།
༡༩༩༠ནང་ལ་རྒྱ་རི་རིན་པོ་ཆེས་རོགས་པ་གནང་ནས་ཁོང་ཨ་རིར་དབྱིན་ཇི་སྦྱོང་བར་ཕེབས་པ་དང་། ཁོང་ཨ་རིར་དབྱིན་ཡིག་སྦྱོང་བའི་སྐབས་ལ་རྒྱ་ཡིག་ནང་ལ་བོད་ཀྱི་ལོ་རྒྱུས་ཁུངས་བཙན་པོ་ཞིག་བསྒྲིགས་འདུག
ཁོང་གིས་རྒྱའི་དཔེ་རྙིང་དང་། ཡིག་ཆ། མཁས་པའི་གསུང་སྒྲོས། དེ་བཞིན་ཡུལ་སྐོར་ཟིན་ཐོ་སོགས་བསྡུས་ནས་དེ་དག་གི་ནང་ལ་རྒྱ་བོད་ཀྱི་འབྲེལ་བ་ཇི་ཡིན་དང་། རྒྱའི་གོང་མ་དང་དཔོན་པོ་ཚོའི་བློ་ལ་བོད་ཅེས་པ་འདི་ལ་འདུ་ཤེས་ཇི་འདྲ་ཡོད་མེད་མ་དཔེ་གཙོ་བོར་བཀོལ་ནས་སྒེར་གྱི་ལྟ་བ་དང་ཆབ་སྲིད་ཀྱི་ལྟ་བས་མ་སླད་པར་བྱས་པའི་ཡིག་ཆའི་ཚོགས་ཁུངས་ལྡན་ཞིག་བསྒྲིགས་ནས་སྐུ་སྒེར་ཡིག་ཚང་ལ་ཕུལ་འདུག
སྐུ་སྒེར་ནས་བཙན་བྱོལ་ནང་ལ་རྒྱ་ཡིག་ཤེས་མཁན་ལ་ངོམས་པ་དེ་ཚོར་བསྟན་ནས་ཁོང་ཚོའི་ལྟ་བ་དྲིས་པར། ཆབ་སྲིད་དང་སྒེར་གྱི་བསམ་ཚུལ་སྤུང་རྒྱུར་ཤིན་དུ་དགའ་བའི་རྒྱ་སྐད་མཁས་པ་དེ་ཚོས་སྐུ་སྒེར་ལ་རང་གི་གླེན་རྟགས་བརྗེན་པ་སྟོན་པའི་བསམ་འཆར་ཞུས་འདུག ལྐུགས་པ་དེ་ཚོས། “གཅོད་པ་ཐར་གྱི་ལོ་རྒྱུས་དེབ་འདི་ཁོང་གི་ལྟ་བ་དང་རང་བཙན་གྱི་ལྟ་བ་མིན་འདུག དེབ་དེ་གཙོ་བོ་གཞན་གྱི་གང་བཤད་ལུང་འདྲེན་པ་ཤ་སྟག་རེད། ཕན་ཐོགས་མིན་འདུག” ཅེས་བཤད་འདུག འཛམ་གླིང་ནང་ལ་ལོ་རྒྱུས་རྒྱུ་ཆ་སྤུས་དག་ཤོས་དེ་སྔོན་གྱི་ཁུངས་ལྡན་གྱི་ཡིག་ཆ་དང་བཀའ་ཤོག་དེ་དག་གསལ་བར་སྟོན་པའི་ཡིག་ཆ་དེ་དག་རིན་ཐང་ཆེན་པོར་བརྩི་བཞིན་ཡོད། ལྷག་པར་དུ་དེའི་ནང་ལ་སྒེར་གྱི་བསམ་ཚུལ་དང་ལྟ་བ་མ་སླད་པར་སྔོན་བྱོན་གོང་མ་རྣམས་ཀྱི་གསུང་ཇི་བཞིན་ཕྱོགས་རེས་མེད་པར་བཀོད་ཐུབ་ན་དེ་ཤིན་དུ་ནས་ཞིབ་འཇུག་བྱ་རྒྱུར་གལ་འགངས་ཆེན་པོ་ཡིན། གཅོད་པ་ཐར་ནས་ལོ་ལྔ་ཙམ་ཨ་རིའི་དཔེ་མཛོད་བཅུ་ལྷག་ཙམ་ལ་ཕྱིན་ནས་རྒྱའི་ཡིག་ཚང་བསྔོགས་ནས་དེའི་ནང་གི་བོད་དང་འབྲེལ་ཡོད་ཀྱི་ཡིག་ཆ་རྣམས་བསྡུ་རུབ་བྱས་པ་རེད། དེ་རྒྱུ་ཆ་ཤིན་དུ་གལ་ཆེ་ཡིན་རུང་ད་ཆ་ཕལ་ཆེར་མ་དཔེ་དེ་སྐུ་སྒེར་གྱི་མཛོད་ཁང་ཞིག་གི་ནང་ལ་བདག་མེད་བཞག་ཡོད་པ་འདྲ།
དེབ་དེ་ནང་གི་དཔྱད་གཞིའི་ཡིག་ཆའི་ཐོ་དེ་རང་ཤིན་དུ་ནས་རྩ་ཆེན་རེད། ད་ཆ་དེ་ཕན་མེད་ཆགས་ཡོད།
གསལ་བཤད་ཞུ་རྒྱུ་ཞིག་ལ་གོང་ས་མཆོག་གིས་སྔོན་མ་ནས་གཅོད་པ་ཐར་ལ་གཟིགས་སྐྱོང་ཆེན་པོ་གནང་ཡོད་པ་དང་། བོད་ཀྱི་ལོ་རྒྱུས་ཡིག་ཆ་ཁུངས་བཙན་པོ་དེ་འདྲ་ཞིག་བསྒྲིགས་དགོས་ཅེས་བཀའ་གནང་འདུག གོང་ས་མཆོག་ནི་ངོ་མ་ཕུགས་རྒྱང་རིང་པོའི་དགོངས་པ་བཞེད་ཐུབ་མཁན་གྱི་རླབས་ཆེན་མི་སྣ་ཞིག་ཡིན་པ་འདི་རང་ནས་ར་སྤྲོད་ཐུབ་ཡོད། འོན་ཀྱང་བཙན་བྱོལ་ནང་ལ་ཁོང་གི་དགོངས་པ་རྟོག་ཐུབ་མཁན་ཤིན་དུ་ཉུང་བས། དེ་ལྟར་གོང་ས་མཆོག་གི་དཀྱེལ་ཡངས་ཀྱི་དགོངས་པ། གཅོད་པ་ཐར་གྱི་འབད་པ་དང་རྣམ་དཔྱོད་ལས་བསྒྲུབས་པའི་ལོ་རྒྱུས་ནོར་བུའི་བུམ་པ་དེ་ཁང་པ་ནག་ཁུང་ཞིག་ནང་བསྐྱུར་ནས་བཞག་ཡོད།
རྒྱ་ནག་གི་གདོད་མའི་མཚོན་རྟགས་དང་ཁྱད་ཆོས། རྒྱ་ཡིག་དང་བྱ་འབྲུག་ཁ་སྤྲོད། གཅན་གཟན་གྱི་རིགས་སོགས་ཡོད་པའི་དར་གོས་བེད་སྤྱོད་མ་གཏོང་རོགས།
1)རྒྱ་ནག་གི་གདོད་མའི་མཚོན་ཆོས་དང་རྒྱ་ཡིག་ཡོད་པའི་དར་གོས་སོགས་ལབ་པ་ཡིན།
2)རྒྱ་ནག་གི་གདོད་མའི་མཚོན་ཆོས་དང་རྒྱ་ཡིག་མེད་པའི་དར་གོས་སོགས་ལ་ལབ་ཀྱི་མེད།
3)རྒྱ་གར་དང་ཉི་ཧོང་གི་དར་གོས་སོགས་བེད་སྤྱོད་བཏང་ན་ཡག་པོ་རེད།
4)ཁྱད་པར་དུ་བོད་རང་གི་སྣམ་བུ། ཕྲུག་དང་རས་ཆ་སོགས་བེད་སྤྱོད་བཏང་ན་ཡག་ཤོས་རེད།
5)དེ་མིན་རྒྱ་གར་དུ་བོད་གཞུང་དང་བོད་ཀྱི་བླ་མ་རྣམས་ཀྱིས་བོད་རང་གི་ཁ་བཏགས་དང་རས་གོས་ཀྱི་བཟོ་གྲྭ་འཛུགས་ཐུབ་ན་ཡག་པོ་འདུག
གཅོད་པ་ཐར་ལགས། བཤད་ཡ་ལས་སླ་པོ་རེད། ལག་ལེན་ཤིན་ཏུ་དཀོན་པོ་རེད་ལགས།
གངས་རི་དཀར་པོ་བོད་ཀྱི་ཡུལ་ལྗོངས་ཡིན།། ཕོ་བྲང་དཀར་དམར་ལོ་རྒྱུས་བདེན་དཔང་ཡིན།། རྩིས་གཞུང་དཀར་ནག་བོད་མིའི་རིག་གནས་ཡིན།། སྒྲོལ་མ་དཀར་ལྗང་བོད་མིའི་མ་ཡུམ་ཡིན།། སེང་གེ་དཀར་མོ་བོད་པའི་རྟགས་མཚན་ཡིན།། གཡང་དཀར་ལུག་ནི་བོད་མིའི་ཁ་གཡང་ཡིན།། སྦྲང་དཀར་རྩམ་པ་བོད་མིའི་ཕ་ཟས་ཡིན།། འོ་མ་དཀར་མོ་བོད་མིའི་བཏུང་བ་ཡིན།། མཚོ་སྐྱེས་དུང་དཀར་བོད་མིའི་འབོད་སྒྲ་ཡིན།། ཁ་བཏགས་དཀར་པོ་བོད་མིའི་སེམས་པ་ཡིན།། འདི་དག་ཆེན་པོ་བོད་ཀྱི་གཟི་བརྗིད་ཡིན།།ཡོན་ཏན་མཁས་གྲུབ་དང་གཅོད་པ་ཐར་སོགས།༢༠༡༥ལོ་ཟླ༣ཚེ༡༠
བློ་བཟང་སེང་གེ་ཡིས ༢༠༡༧ལོ་ཟླ ༣ཚེས ༡༠ ཉིན་གྱི་གསུང་གཤད་ནང་དུ་རྒྱ་གར་གྱི་རྒྱལ་དར་བཤམས་སྟངས་ནོར་བ་ཡིན་ན་ཁྲིམས་གཅོད་བྱེད་ཀྱི་ཡོད་པ་རེད་ཟེར། འོ་ན་ཁྱེད་རང་གིས༢༠༡༡ལོ་ནས༢༠༡༧ལོ་བར་གྱི་ལོ་བདུན་རིང་བོད་ཀྱི་རྒྱལ་དར་ནོར་འཁྲུལ་ཅན་དང་རྒྱ་ཡིག་ཡོད་པའི་ཁ་བཏགས་རྫུན་མ་དང་གཞན་སེར་ཁྲ་སོགས་ཡིན་པའི་ཁ་བཏགས་རྫུན་མ་བེད་སྤྱོད་བྱེད་དོན་ཅི་ཡིན། ཁྲིམས་དང་སྒྲིག་གཞི་གང་དུ་ཡོད་དམ།