—-རྫ་ཚེ་རིང་བཀྲ་ཤིས།
འདི་ལོའི་འོས་བསྡུའི་བརྒྱུད་རིམ་ནང་རང་ངོས་ནས་སྐབས་སྔ་མ་དང་མི་འདྲ་བར་མི་སྨྲ་བའི་བརྟུལ་ཞུགས་བཟུང་བ་ཡིན། རྒྱུ་མཚན་ནི། ཇི་ཙམ་དྲང་བདེན་དང་ལྷག་བསམ་རྣམ་དག བསམ་ཚུལ་བཅོས་མིན་བཅས་ཡིན་ཁུལ་བྱས་ནའང་། ཞེན་ཁོག་ཉི་ཚེ་བའི་ཁ་གཡར་སར་འགྱུར་རྒྱུ་ནི་ཕལ་ཆེར་གཡོལ་ཐབས་མེད་པར་མཐོང་བས་ཡིན། མ་གཞི་རང་ཉིན་ནམ་རྒྱུན་ཕྱོགས་རེས་རགས་པའི་བཤད་སྟངས་དེ་རིགས་ལ་སུན་སྣང་ཆེན་པོ་སྐྱེ་གིན་ཡོད།
འོན་ཀྱང་། ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་གཞན་ཚོས་འོས་མི་རེ་རེའི་འོས་འགྲན་གྱི་འགྲོ་སོང་དང་། ཐ་ན་ཁོང་ཚོའི་བརྒྱུད་ལམ་ཁག་གི་ཁྱབ་བསྒྲགས་ཀྱི་འགྲོ་སོང་ཁོ་ནའང་ཁྲི་བརྒྱ་ཕྲག་སྟོང་ཕྲག་སྤྱོད་ཀྱི་ཡོད་པ་དང་། རྒྱལ་དམངས་ཡོངས་ཁྱབ་ཀྱིས་མཉམ་སྤྱོད་ཐུབ་པའི་བརྙན་འཕྲིན་སོགས་ཡོད་པ་བཞིན་ང་ཚོར་མེད་ལ། འོས་བསྡུའི་འགྲོ་གྲོན་ཡང་ཤིན་ཏུ་ཉུང་། སྤྱི་ཚོགས་འདི་འདྲའི་ཆུང་ཆུང་ཞིག་གོ་ལ་ཧྲིལ་པོར་ཤིན་ཏུ་ཁ་འཐོར་དུ་ཡོད་པའི་གནས་སྟངས་འོག་ནས་ཀྱང་སྤྱི་ཚོགས་འབྲེལ་འཐུད་དྲ་བ་སོགས་སྤྱད་ནས་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་དང་དོ་སྣང་གི་ཚད་གཞི་དངོས་ནི་ཧ་ཅང་མཐོན་པོར་སོན་འདུག མྱུར་ཚད་མཐོ་བའི་སྤྱི་ཚོགས་འབྲེལ་འཐུད་དྲ་བ་འཕྲིན་ཕྲན་དང་ངོ་དེབ་སོགས་ཀྱི་ནུས་ལྡན་གྱི་བེད་སྤྱོད་བྱེད་ཐབས་བརྒྱུད་ནས་རྒན་གཞོན་བར་གསུམ་དང་། ཤེས་ཡོན་ཡོད་མེད། ཐ་ན་ཡིག་རྨོང་པ་ཚུན་ཆད་འོས་བསྡུ་ལ་མཉམ་ཞུགས་བྱུང་བ་འདི་ཙམ་རང་དབང་ལྡན་པའི་རྒྱལ་ཁབ་གཞན་ལའང་མེད་པ་ལྟ་བུ་ཞིག་རེད་ལ། འདི་ནི་དགའ་སྤོབས་སྐྱེ་གཞི་ཞིག་རེད།
སྐད་ཆ་དངོས་ནི།
གཅིག༽ སང་ཉིན་ནི་ཉིན་བརྒྱ་དུས་གཅིག་ལ་ང་ཚོ་ཚང་མས་བཀའ་སྤྱི་གཉིས་ལ་འོས་མཉམ་དུ་བླུགས་རྒྱུའི་དུས་ཚོད་དུ་ཁེལ་ཡོད་སྟབས་ཚང་མས་གཞན་གྱི་བརྒྱུད་སྐུལ་དང་ཚོར་སྣང་གི་དབང་དུ་མ་སོང་བར་བསམ་བློ་གཟབ་ནན་བཏང་ནས་རང་ལ་དབང་བའི་འོས་ཤོག་གཅིག་པུ་དེ་མ་ནོར་མ་འཆུགས་པ་ཞིག་བླུགས་དགོས།
གཉིས།༽ ད་དུང་ཧ་ཅང་གལ་ཆེ་བ་ཞིག་ནི། འོས་བླུགས་སྐབས་གནད་དོན་གཏན་ནས་མ་བུད་པ་ཞིག་དགོས།
གསུམ།༽ རང་དང་རྒྱབ་སྐྱོར་ཞུ་ཡུལ་མི་འདྲ་བའི་འོས་འཕེན་པ་སུ་ལ་ཡང་སེམས་ཀྱི་སྟེང་ནས་ཕ་རོལ་པོའི་བསམ་བློ་རང་དབང་གི་གཞི་རྩའི་ཁེ་དབང་ལ་རྩི་བཀུར་དང་གུས་ཞབས་མ་བརྗེད་པ་ཞིག་དགོས།
བཞི།༽ ས་གནས་ཁག་གི་འོས་བསྡུ་ཚོགས་ཆུང་ཁག་གིས་ཀྱང་རིགས་པ་བསྒྲིམས་ནས་ལྟ་རྟོག་ཡག་པོ་བྱས་ཏེ། གྲ་བསྒྲིག་སོགས་ཚགས་ཚུད་ཁ་ལག་འཕྲོད་པ། གོ་རིམ་ཡོད་པ་ཞིག་དགོས།
ལྔ།༽ འོས་བསྡུ་ལམ་ལྷོང་མི་ཡོང་བའི་ཆེད་གསང་ཉུལ་བ་སོགས་ཀྱིས་ཆེད་དུ་ཟིང་སློང་སྲིད་པ་དང་། མདོར་ན། འོས་བསྡུ་ཆེན་མོར་བར་ཆད་སྤུ་རྩེ་ཙམ་ཞིག་བྱུང་ནའང་མང་གཙོའི་འོས་བསྡུའི་གཟི་བརྗིད་ལ་མིག་ཚ་མཁན་གྱི་སྲིད་གཞུང་གི་བསམ་དོན་འགྲུབ་པ་ཡིན་པ་ལས་རང་ཕྱོགས་ནས་སུ་ལ་ཡང་ཁེ་ཕན་མེད་པའི་གནས་ལུགས་དེ་ངེས་པར་ཤེས་དགོས།
དྲུག བླ་མ་དགེ་འདུན་པ་དང་རྒན་པ་བསམ་ཤེས་ཅན་སོགས་ནས་ཀྱང་སོ་སོས་གནས་ལུགས་འདི་ཤེས་པའི་ཐོག་ནས། གཡས་གཡོན་གྱི་གྲོགས་པོ་དང་སྤུན་མཆེད་སོགས་འབྲེལ་ཡོད་དག་ལའང་དེ་ནང་བཞིན་གྱི་དྲན་སྐུལ་ངེས་པར་གནང་དགོས།
སླར་ཡང་ཞུ་རྒྱུར།
ད་ནི་འོས་བསྡུ་ཆེན་མོ་ལ་དངོས་ས་སླེབས་པར་ཆུ་ཚོད་ཉི་ཤུ་རྩ་བཞི་ལྷག་མེད་པས་མི་མང་གིས་ཇི་ལྟར་ཐག་བཅད་པའི་འདེམས་ཀ་ལ་རྩི་བཀུར་བྱ་རྒྱུའི་ཆོད་སེམས་དང་གྲ་སྒྲིག་ཨང་གསར་གྱིས་ལུགས་མཐུན་ཚུལ་མཐུན་གྱི་འོས་ཤོག་ཡག་པོ་ཞིག་འཕེན་རྒྱུར་རིག་པ་དྭངས་གསལ་ཡིན་དགོས།
དེ་ནི་ང་ཚོས་འོས་བསྡུ་འདིའི་ཐ་མར་གལ་ཆེ་བ་ཡིན་ནོ། །
མཇུག་ཏུ། ༧གོང་ས་ཡིད་བཞིན་ནོར་བུའི་སྐུ་ཚེ་ཞབས་པད་བརྟན་ཅིང་། ཁ་བ་གངས་ཅན་གྱི་ཕུ་ནུ་རྣམས་དམ་ཚིག་རྡོག་རྩ་གཅིག་སྒྲིལ་ཐོག གནས་སྐབས་དང་མཐར་ཐུག་གི་བསམ་དོན་མཐའ་དག་གེགས་མེད་ལེགས་འགྲུབ་ཡོང་བའི་སྨོན་འདུན་བཅས།
བོད་རྒྱལ་ལོ་༢༡༤༣ རབ་གནས་མེ་སྤྲེལ་བོད་ཟླ་གཉིས་པའི་ཚེས་བཅུ་གཅིག སྤྱི་ལོ་༢༠༡༦ ཟླ་༣ ཚེས་༢༠ ཉིན། ཨོ་གླིང་གི་གྲོང་ཁྱེར་ཆེན་པོ་སིད་ནི་ཡི་རང་གི་སྡོད་གནས་ནས་རྫ་ཚེ་རིང་བཀྲ་ཤིས་ཀྱིས་སྤྲིངས། །
རང་དབང་མང་གཙོའི་སྤྱི་ཚོགས་ཆེན་པོའི་ནང་།
རང་རང་བློ་དང་མཐུན་པའི་འོས་འཕེན་ན་།
རང་གི་སྐུ་ཚབ་རང་གི་འདམས་པ་ལ་།
རང་དོན་འགྲུབ་ན་གཞན་ལ་གནོད་ན་གནོད་།
རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་གསུངས་པ་མངོན་པར་བསྟོད་དོ།
འདི་ནི་བོད་མི་རིགས་ཀྱི་འདས་མ་ལྟ་གསུམ་ལ་འགན་ཁུར་བའི་ཞེན་པ་དཀར་པོའི་འབོད་སྐུལ་ཞིག་ཏུ་མཐོང་སོང་།
ཕྱོགས་གཉིས་ཀ་ནས་འོས་སུ་ལ་འཕེན་མིན་འདོད་མོས་རེད་དེ། འོས་འཕེན་སྐབས། ཡིད་མ་ཆེས་པའི་གནས་ཚུལ་དང་། དྲང་མོ་མིན་པའི་སྣང་ཚུལ་སླེབས་ཚེ་རྙོག་གྲ་ཡོང་ངེས་ཤིང་ཡོང་དགོས་པ་ཞིག་ཀྱང་རེད་འདོད། གནས་ཚུལ་དེ་རིགས་འོས་འཕངས་རྗེས་སུ་ཐོས་ནའང་རང་འགར་ཡན་པོར་མི་གཏོང་བའི་ཆོད་སེམས་ཕྱོགས་གཉིས་ཀར་དགོས་པ་རེད། དེ་མིན། ཕྱོགས་གཅིག་ནས་མ་དྲང་བ་དང་གཡོ་སྒྱུ་ཚད། ཕྱོགས་གཅིག་གིས་དྲང་མོ་དང་སྙོམ་ཆུང་བྱ་དགོས་ཚེ། རང་ཅག་གི་འོས་འཕེན་དེ་ནམ་ཡང་བཟི་བརྗིད་ལྡན་པ་ཞིག་མིན་ལ། ནམ་ཡང་རྙོག་གྲ་དང་དཀའ་ངལ་གྱི་གཞི་རུ་འགྱུར་ངེས་ཡིན། དེའི་ཕྱིར། ད་རེས་ཚང་མས་བློ་རྩེ་བསྒྲིམས་ཏེ་འོས་འཕེན་དྲང་མོ་ཡིན་མིན་དང་། དེར་གཡོ་སྒྱུ་ཡོད་མིན། དོ་དམ་པ་ཡིན་ཡང་ཁོས་དངོས་གནས་དྲང་བཞག་གི་ལས་ཀ་བྱེད་མིན་སོགས་ལ་ལྟ་རྟོག་ནན་པོ་དགོས་ཀྱི་འདུག
ཀློག་ཡོད།