ཡོངས་འཛིན་ཡིག་ཚང་ནས་བཤུས། (རོང་བོ་ཐང་དཀར་གྱིས་འོས་སྦྱོར་བྱས།)
རང་རེ་བོད་གངས་ཅན་གྱི་ཡུལ་ལ་ཆོས་ཁའམ་ཕྱོགས་ཁ་གསུམ་དུ་ཕྱེ་བའི་མདོ་སྨད་ཀྱི་ལིང་རྟའི་ཆོལ་ཁ། དེ་ལ་མདོ་ཁམས་གཡར་མོ་ཐང་ངམ་གཡེར་མོ་ཐང་ཟེར་བ། དེའི་ནང་ཚན་རེ་སྐོར་ངམ། རེ་གོན། རེབ་གོང་སྟེ་བཤད་ཚུལ་གསུམ་ལས་རེབ་གོང་གསེར་མོ་ལྗོངས། བསྒྱུར་སྐད་ཀྱི་དབང་དུ་བཏང་ན། མཚོ་ཁྲི་ཤོར་རྒྱལ་མོའི་མཚོ་ཤར། མཚོ་ལྷོ། མཚོ་ནུབ། མཚོ་བྱང་སྟེ་བཞི། ཡུལ་མིང་གི་དབང་གིས་ཡུས་ཧྲུ་དང་། མགོ་ལོག རྨ་ཆུའི་འཁོར་ཕྱོགས་ལས་རྨ་ལྷོར་འབོད་པ། ད་སྐབས་རེབ་གོང་ལས་ཐོན་པའི་སློབ་མ་རྣམས་མཁས་གྲགས་ཆེ། དོན་ལ་ཡང་གནས། དེའི་རྒྱུ་མཚན་ལ་ངས་དཔྱད་པ་བཏང་པར། གང་ཡིན་ཡང་ཏང་གི་མགོ་ཁྲིད་འོག་ཡིན་པ་འདྲ་ན་ཡང་། རེབ་གོང་ལས་ཐོན་པ་གཞན་ལས་བཟང་ཆ་ཆེ་དོན་ནི། གཙོ་བོ་དགེ་རྒན་རྣམ་པ་ལ་རག་ལས། དགེ་རྒན་ཚོ་ཡོན་ཏན་དང་ལྡན་ན་དེའི་ཚོད་ཀྱིས་སློབ་མ་རྣམས་ཀྱང་ཡོན་ཏན་མཐོ་བ་ཆོས་ཉིད་རེད། རྒྱུ་མཚན་འདིས་དགེ་རྒན་རྣམས་ཀྱི་ཡོན་ཏན་ཇེ་མཐོར་གཏོང་དགོས་པ་ནི་སྨོས་མ་དགོས་པ་ཐག་གིས་ཆོད། སྤྱིར་ཡོན་ཏན་ལྡན་པ་དེ་དཀའ་མོ་རེད། ཡོན་ཏན་མཚན་ཉིད་དང་ལྡན་པ་ཡོད་རྒྱུ་ནི། རང་རང་གིས་ཡོན་ཏན་དང་ལྡན་པའི་དགེ་རྒན་དེ་ཚུལ་བཞིན་དུ་བསྟེན་པ་ལས་འབྱུང་དགོས། དགེ་རྒན་དེ་ལ་རང་ལས་ལྷག་པའི་ཡོན་ཏན་ལྡན་པ། བརྒྱུད་པ་བར་མ་ཆད་པ་ལས་བྱུང་བའི་རྒྱུན་ཡོད་པ། གཞན་ལ་ཕན་འདོགས་པའི་བསམ་པ་བཟང་བ། འདི་གསུམ་མ་མཐའ་དགོས། སློབ་མ་རང་རང་ལ་མཚོན་ན། ཤེས་བྱའི་གནས་དེ་ལ་དོན་གཉེར་ཡོད་པ། ང་རྒྱལ་དང་ཁེངས་དྲེགས་སོགས་མེད་པ། ཞི་ཞིང་དུལ་བ། གཞན་ཕན་གྱི་བསམ་པ་ཡོད་དགོས། ལྷག་པར་ཞི་ཞིང་དུལ་བ་གལ་ཆེ། ཡོན་ཏན་སློབ་ཀྱིན། མཁས་ཚུལ་སྟོན་གྱིན། མགོ་འཕང་ཇེ་དམའ། ལྟག་པ་ཇེ་སྒུར། གཞན་ལ་འཕྱ་སྨོད་མི་བྱེད་པ། བྱིས་པའི་ངག་ལས་ཀྱང་བཟང་ཆ་ལེན་པ། རང་ལས་དམའ་བ་ཆུ་མ་གཏོགས་མེད་པའི་སེམས་ཡོད་དགོས། དེ་དག་བཅོས་མ་མ་ཡིན་པ་གལ་ཆེ། དེའི་སྟབས་ཀྱིས་མགོན་པོ་ཀླུས། རིག་པ་ནང་བར་འཆི་ཡང་བསླབ། །ཅེས་དང་། ས་པཎ་གྱིས། ཡོན་ཏན་མེད་པའི་ཁ་དེ་ནི། །ས་ཡི་བུ་ག་དག་དང་མཚུངས། །ཞེས་གསུངས་པ་རེད། སློབ་དཔོན་ཙྡྲ་གོ་མི་རྟེན་དགེ་བསྙེན་ཡིན་པ་ནཱ་ལེནྡྲའི་དགེ་འདུན་རྣམས་ཀྱིས་བསུ་བཀུར་མཛད་པའི་ལོ་རྒྱུས་བཞིན་ནོ། །ཡང་། ངོས་ཟིན་ཡང་དག་པ་གཅིག་ཡོད་རྒྱུ། རང་རེ་ཨ་མདོ་ལ་མཚོན་ན། དང་བོ་དང་ཐོག་སློབ་གྲྭ་ཞེས་པའི་མིང་ཡང་མེད་ན། སློབ་གྲྭ་དངོས་མ་དངོས་མ་འཛུགས་རྒྱུ་ཞིག་གང་ན་ཡོད། དེ་མེད་ན་སློབ་གྲྭའི་དགེ་རྒན་དང་། སློབ་མ་ཡང་གང་ན་ཡོད། དེ་མེད་ན་སློབ་གྲྭའི་ལམ་ལུགས་ཆ་ཚང་བ་ཞིག་གང་ན་ཡོད། ད་ལྟ་གང་ས་གང་དུ་སློབ་གྲྭ་ཞེས་ཡོད་པ་འདི་ཏང་གི་བཀའ་དྲིན་ཁོ་ན་ལས་བྱུང་བ་རེད། ལྷག་པར་མི་རིགས་རང་གི་སྐད་དང་། ཡི་གེ་དང་མཐུན་པའི་སློབ་གྲྭ་འདི་ཡོན་ཏན་གྱི་འབྱུང་གནས་དང་གཞི་རྩ་ཡིན་པ་ངེས་པར་ངོས་ཟིན་དགོས། དབུས་གཙང་གི་ས་ཆར་དང་བོ་རྒྱལ་དབང་ལྔ་བའི་དུས་ནས་བཟུང་སློབ་གྲྭའི་ལམ་ལུགས་ཡོད་ཀྱང་ཨ་མདོ་སོགས་སུ་ཁྱབ་གདལ་དུ་མ་བྱུང་། འཇམ་བཞད་སྐུ་ཕྲེང་ལྔ་བའི་དུས་བླ་བྲང་དུ་དེ་འདྲ་ཞིག་ཚུགས་ཀྱང་མཐར་མ་ཐོན། ཡིན་ཀྱང་དེང་སང་ཡིག་གཟུགས་ཡགས་པོ་ཞིག་འབྲི་སྲོལ་མ་ཉམས་པར་ཡོད་པའང་དེའི་དྲིན་རེད། སློབ་དཔོན་དང་སློབ་མ་ཞེས་པའི་ཁྱད་པར། དགེ་རྒན་དང་དགེ་ཕྲུག་གི་ཁྱད་པར་དེ་གང་ལས་བྱུང་ཞེ་ན། སློབ་མས་སློབ་དཔོན་ལ་བརྩི་བཀུར་ཡོད་དགོས། རིག་གསར་སྐབས་སུ་སློབ་མས་དགེ་རྒན་གྱི་བྲང་ག་ནས་འཛིན་པ་དང་། བུ་ཕྲུག་གིས་ཕ་མ་ལ་འཐབ་རྩོད་བྱེད་རྒྱུའི་དཔེ་ངན་བཏོད་པ་དེ་འདྲ་མི་རུང་། དེ་ལྟ་ན་ལུས་ཀྱི་སྒོ་ནས་བརྩི་འཇོག་དང་། ངག་གི་སྒོ་ནས་ཞེ་ས་ཡོད་དགོས། ང་ཚོ་ནང་བ་སངས་རྒྱས་པ་ཚོའི་བཀའ་སྡེ་སྣོད་གསུམ་ནས་སློབ་དཔོན་དང་དགེ་རྒན་ལ་ལྟ་ཚུལ་དང་། བསྟེན་ཚུལ་སོགས་སྐབས་འདིར་བཤད་དོན་མེད་ན་ཡང་། རང་རང་ལ་ཡོན་ཏན་འབུར་དུ་ཐོན་པ་རེ་འགོས་ཡོད་པ་དེ་སུའི་དྲིན་རེད། ངོ་ཤེས་དགོས། རང་རེ་བོད་སྐད་ནང་ཞེ་སའི་ཚིག་རང་ཤུགས་ཀྱིས་མང་བོ་ཡོད། དགེ་རྒན་ལ་ཁྱེད་དང་། ཕེབས་དང་། བཞུགས་དང་། བཞེས་སོགས་ཅིས་ཀྱང་སྦྱོར་དགོས། དབུས་གཙང་བ་ཚོ་ཞེ་ས་ཐལ་ཆེ་བ་ཡང་ཤེས་དགོས། སློབ་དཔོན་ཚུལ་བཞིན་བསྟེན་པ་ནི་ཚུལ་ཁྲིམས་སྲུང་བ་ཡིན། དྲན་ཉེ་ལས། ཚུལ་ཁྲིམས་འཆལ་བའི་མི་དག་ནི། །དུད་འགྲོ་རྣམས་དང་མཚུངས་པ་ཡིན། །གསུངས། ཡོན་ཏན་གྱི་རྩ་བ་ཡི་གེ་ཡིན། བོད་རང་གི་སྐད་དང་མཐུན་པའི་ཡི་གེ་གནའ་དང་བོ་ནས་དར་སྤེལ་བྱུང་ཡོད་པ་འདི་ཚང་མས་སློབ་དགོས། ཡི་གེ་ལ་ཕྲལ་ཀློག་དང་སྦྱོར་ཀློག་གལ་ཆེ། ས་པཎ་གྱིས་ཚེག་འདེད་སློབ་སྐབས། བདག་གཞན་ཞེས་པ་ལ། བ་ད་ག་སྦྱར་བདག་དང་། ག་ཞ་ན་སྦྱར་གཞན་ཞེས་དང་། རང་རེས་བ་ད་ག་བཞག་བདག་ག་ཞ་ན་བཞག་གཞན་ཞེས་པ་འདི་ངེས་པར། རྨ་ཕར་ཁ་ཕྱོགས་ན་དེ་མི་ཟེར་བ་ལས་སླ་བོ་བྱས་ནས་སློབ་སྟེ་དེ་མི་བཟང་། ཚེག་ཇི་ལྟར་ཡོད་པ་ལྟར་དེད་ནས་སློབ་པས་ཚེག་འདེད་ཟེར་དགོས། ཚེག་ལྡེར་ཞེས་འབྲི་བ་མ་དག་པ་རེད། དེད་དང་འདེད་བྱ་བྱེད་ཀྱི་ཁྱད་རེད། ཆུང་དུས་ཚེག་འདེད་འདི་མ་བསླབས་ན། དེང་སང་སློབ་གྲྭ་ཆེན་མོ་ཚོ་ན་ཚེག་འདེད་བྱེད་མི་ཤེས་པ་མང་། དེ་སྐྱོན་མ་རེད་དམ། ཚེག་འདེད་མ་ཤེས་ན་སྐྱེ་གནས་དང་དག་ཆ་སོགས་ཡོད་ཐབས་མེད། ང་ཆུང་དུས་རྨ་ཕར་ཕྱོགས་ཀྱི་ཀློག་འདོན་ཚུལ་བསླབས་པས་ད་ལྟའང་གདངས་དག་མོ་དང་། སྐྱེ་གནས་མ་ཉམས་པ་མི་ཡོང་། ད་རྒས་པའི་དབང་གི་ཇེ་རྩོག་མ་གཏོགས་རེ་བ་མི་འདུག གང་ལྟར་སློབ་མ་རྣམས་ནས་ཚེག་འདེད་སྒོས་གདངས་དག་མོ་ལ་འབད་དགོས། འདི་བོད་མི་རིགས་ཀྱི་ཁྱད་ཆོས་རེད། ཨ་ཁུ་བློ་གྲོས་ཚང་ནས་གསུངས་པ་ལྟར་ཧོར་ཆེན་དགེ་བཤེས་ཡེ་ཤེས་རྒྱ་མཚོས། བོད་སྐད་ལ་ཏིག་བོ་མེད་ཟེར། ཙུག་གུ། མཛུབ་གུ། རྩིབ་གུ་གསུམ་ཅི་འདྲའི་གདངས་ལ་ཁྱད་པར་འདུག ངས་ཐོན་མིའི་ཞལ་ལུང་དུ་བཤད་པ་ལྟར། ཨ་ལ་ཤའི་སོག་པོ་ལྷར་རམས་པས། སྨོན་ལམ་ཆེན་མོ།ལམ་རིམ་ཆེན་མོ། ལྔ་བ་ཆེན་པོ་སོགས་ལ་བོད་སྐད་ལ་ཏིག་བོ་མེད་ཅེས་ཁེ་བརྒྱབ་པ་བཞིན། ཁྱེད་ཚོས་དེའི་ཐུར་ལ་ལན་རེ་བཏབ་ན་མི་ཆོག་གམ། པོ་དང་མོ་སྦྱར་བ་སོགས་ཚན་རིག་དང་མཐུན་ཚུལ་གྱི་ལན་ཡོད་དགོས། ངས་བལྟས་ན་འཛམ་གླིང་ན་ཡིག་རིགས་དང་། དེ་ཀློག་ཚུལ་མི་འདྲ་བ་ཤིན་ཏུ་མང་ཡང་། བོད་ཡིག་འདི་གཞན་ལས་ཁྱད་པར་དུ་འཕགས་ཚུལ་ཤིན་ཏུ་མང་སྟེ། མགོ་ཅན་གསུམ་དང་། སྔོན་འཇུག་ལྔ། རྗེས་འཇུག་བཅུ་འདི་གཞན་ལས་ཁྱད་དུ་འཕགས། འཛམ་གླིང་ཟེར་བ་འདི་མངོན་པའི་སྤྱི་སྐད་ཡིན་པའི་དབང་དུ་བཏང་ན། འཛམ་གླིང་ཤིང་རྟའི་དབྱིབས་ཞེས་པ་བལ་བོ་འབྲུག་ཡུལ། རྒྱ་གར་ཤར་ནུབ་ལྷོ་བྱང་དབུས་ཙམ་གྱི་མིང་ཡིན་པ་ལས། རྒྱ་ནག་སོགས་ལ་འཛམ་གླིང་གི་མིང་མི་འཇུག འོན་ཀྱང་དུས་འཁོར་གྱི་བཤད་ཚལ་དང་བསྟུན་ན། འཛམ་གླིང་ཆུང་ངུ་ལས་ཀྱི་ས་བ་དང་། འཛམ་གླིང་ཆེན་པོ་ལ་ས་དུམ་བུ་བཅུ་གཉིས་ཡོད། དེ་ལྟར་ན་ཧྥེ་གླིང་། ཡོ་རུབ། མེ་གླིང་སོགས་ལའང་འཛམ་གླིང་གི་མིང་འཇུག་པ་རེད་དེ་འཇིག་རྟེན་དང་དོན་གཅིག ཡི་གེ་ལ་ཀློག་དག་མོ་ཡོང་བའི་རྗེས་ནས་དེ་དང་མཉམ་དུ་འབྲི་ཤེས་དགོས། ཡི་གེ་དཀར་ནག་རྒྱུགས་ཡིག་སྐུང་ཡིག་གང་ལ་ཡང་ཐོགས་པ་མེད་དགོས། དང་བོང་ཚོ་དགོན་པ་དཔེར་བླངས་ན་འདོན་པ་རྣམས་བློ་ངོ་གཉིས་ཀ་ནས་ཤ་ར་ར་བྱེད་ཀྱང་། ཡི་གེ་མཐོ་གང་ཙམ་འབྲི་མི་ཤེས་པ་མང་། དེང་སང་བླ་བྲང་བཀྲ་ཤིས་འཁྱིལ་བ་ན་བཀའ་པོད་ལྔ་བོ་རྩམ་པ་རྫི་རྫི་བྱེད། ཡི་གེ་ཞིག་འབྲི་དགོས་ན་གཙོས་ཀྱི་དགེ་རྒན་སྨོན་ལམ་ལ་སྐྱབས་འགྲོ་མ་བྱས་ཐབས་མེད། དཔེ་བླངས་ན་དེ་འདྲ་བ་རེད། ཐོག་མར་སཾ་ཊའི་སྟེང་སྤེན་མས་སྦྱང་། སྣག་ཚོས་འབྲི་དུས་སྙུག་ལེབ་ཀྱིས་འབྲི་དགོས། ཐོག་མ་ཉིད་ནས་ཞ་སྨྱུག་དང་གསེར་སྨྱུག་སོགས་ཀྱིས་སྦྱངས་ན་ཡི་གེ་གཟུགས་ཇི་ལྟ་བ་མི་ཡོང་། གནའ་དང་བོ་འཇིགས་མེད་དབང་བོས་དབུས་གཙང་ནས་བྲིས་རྒྱུན་བླངས་པ། བླ་བྲང་ནས་སྡེ་བ་ཚང་གི་དྲུང་ཡིག་ཨ་ཁུ་ཐུབ་བསྟན་བར་དུ་བརྒྱུད། དེའི་ཕྱག་བྲིས་ངེས་པར་ཡགས། ངས་ངོ་ཤེས་ད་ལྟ་དེའི་ཕྱག་རྒྱུན་ཆད་འདུག ངས་བྲིས་རྒྱུན་འདི་ཁོང་རྡོ་རྗེ་འཆང་གི་མདུན་ནས་བསླབས། ཁོང་རྡོ་རྗེ་འཆང་ལ་གཙང་དགེ་བཤེས་ཚང་གིས་བསླབས། དེའི་ཕྱག་བྲིས་དེ་དུས་རེབ་གོང་ན་ཚད་མེད་དུ་རྩི་བ་ཡིན། ཡིག་གཟུགས་ཙམ་འབྲི་ཤེས་པས་ག་ན་ཆོག དེ་ལ་དག་ཆ་དགོས། དག་ཆ་ཡོང་རྒྱུ་དེ་དཀར་ཡོལ་ཐུར་མ་ནས་བཟུང་སྟེ་ཅ་ལག་ཡོ་བྱད། མགོ་ནས་རྐང་བའི་བར་གཟུགས་ཁམས་སྐྱེ་མཆེད། སེམས་དང་སེམས་བྱུང་། ཀུན་ཉོན་དང་རྣམ་བྱང་ཕྱོགས་ཀྱི་བར། བརྟན་པ་དང་གཡོ་བ། སྣོད་བཅུད། ཁམས་གསུམ་ན་ཡོད་དོ་ཅོག་ཚང་མའི་མིང་དང་ཡི་གེ་སེམས་ཐོག་ལ་ལོན་དགོས། དག་ཡིག་གི་རྩ་བ་སྨྲ་བའི་རྒྱན། ཟ་མ་ཏོག ངག་སྒྲོན་རྣམས་གཞིར་འཛིན་དགོས། བྱ་བྱེད་འདས་སྐུལ་གྱིས་མིང་བཏགས་ཚུལ། སྡིག་བྱ་སྡིགས་བྱེད་སོགས་གོ་དགོས། དག་ཆ་ཡོད་པའི་སྒོས་མཆོག་དམན་ལ་ཡི་གེ་སྐུར་ཚུལ། ཞེ་ས་བྱེད་ཚུལ། གནས་ཚུལ་སྐོར་བཤད་ཚུལ། དེ་ཡང་བོད་པའི་འགྲོ་ལུགས་ལྟར་ཚིག་སྡུག་གང་མང་། སྙན་ཆ་དང་མཛེས་ཆ་ཐོན་པ་གལ་ཆེ། རང་རེ་ཨ་མདོ་བའི་བཤད་ཚུལ་ནི། ཚིག་ཉོག་རྫོབ་ཆེ་བ། དག་ཡིག་དང་མི་བསྟུན་པའི་ཁ་སྐད་དེ་རིམ་གྱིས་བཅོས་བསྒྱུར་བྱེད་དགོས། དེ་ལ་བྱ་ཆུད་ན་རིམ་གྱིས་རྩོམ་པའི་ཡོན་ཏན་ལ་དོན་གཉེར་དང་དེའི་ལད་མོ་ཡོང་ཐུབ་རྒྱུ་རེད། མཁས་པའི་བྱ་བ་འཆད་རྩོད་རྩོམ་པའི་ཡོན་ཏན་གསུམ་རེད། རང་རེ་བོད་ཀྱི་ལུང་དུ་སྟོན་པའི་རིག་བྱེད་དམ། བརྡ་སྤྲོད་པའི་རིག་པ་ནི་ཐོབ་ཐང་ནས་བཟུང་སུམ་རྟགས་དག་གསུམ་ལ་སྦྱོང་དགོས། ཐོབ་ཐང་ཆང་ཆུང་ཞིག་མ་རེད། དེའི་ནང་དུ་སུམ་རྟགས་གཉིས་ཀྱི་དོན་ཚང་ཡོད། ལྷག་པར་སུམ་ཅུ་བའི་དོན་མཐའ་དག་ཚང་། དབང་རྣོན་ཅན་ལ་ཐོབ་ཐང་གིས་སུམ་ཅུ་བའི་གོ་བ་མཐའ་དག་སྐྱེ། གཙོ་བོ་སློབ་དཔོན་གྱིས་འཁྲིད་ཚུལ་ལ་རག་ལས། དེ་ནས་རིམ་གྱིས་གང་བསླབས་དཔེར་བརྗོད་དང་སྦྱར་ཏེ་སློབས། དཔེར་བརྗོད་ལ་ཚིག་བཅད་ལྷུག་གཉིས་ཀའི་སྒོ་ནས་བྱང་བར་བསླབ། རྟགས་འཇུག་སྐབས་རང་གི་སྐད་རིགས་དང་སྦྱར་ནས་བསླབས་ན་གོ་བ་ཆེ། དེ་དག་གི་ཡོན་ཏན་ཡོད་ཐོག་ཏུན་ཧང་གི་གནའ་ཡིག་ལ་ཡང་དཔྱད་པ་གཏོང་དགོས། དཔེར་ན་གཅིག་ལ་ཆིག་ཟེར་དོན་ཅི་རེད། ལ་སོགས་རྣམས། ལ་སྩོགས། ཞེས་ཡོད་པ་རྣམས་སྔོན་གྱི་ཡི་གེ་ཁོ་ན་རེད། ཏུན་ཧང་གི་ཡི་གེ་རྣམས་མངའ་བདག་ཁྲི་རལ་རིང་ངོ་མ་རེད། སུམ་ཅུ་བ་ལ་མི་མཐུན་པ་དེ་དག་དེ་དུས་སུམ་ཅུ་བ་དར་ཁྱབ་མ་བྱུང་བའི་སྟབས་རེད་སྙམ། རྒྱ་མི་ཚོས་དེ་དག་ལ་བསྟེན་སུམ་རྟགས་ཐོན་མིས་བརྩམས་པ་མ་རེད་ཟེར་བ་དག་བྱུང་། རང་རེ་ལ་དེ་འདྲའི་དོགས་པ་ཡང་མེད། གལ་ཏེ་གཞན་གྱིས་རྩད་ན་ཅི་ཟེར། ལན་ཇི་ལྟར་གདབ་བསམ་བློ་གཏོང་རྒྱུ་མང་། སྐད་ཆ་བཤད་པ་དང་། རྩོམ་ཡིག་འབྲི་བ། དཔེ་ཁྲིད་བྱེད་པ་གང་ལའང་ཚིག་ལ་ཞིབ་ཆ་ཐོན་པ་དང་། རང་ཚིག་སྔ་ཕྱི་ལ་འགལ་བ་མི་ཤོར་བའི་དོན་དུ་ཚད་མ་རིག་པའི་སྔོན་འགྲོ་ལ་བསྡུས་གྲྭའི་འགྲོ་ལུགས་ཤིག དཔེར་ན་ཤེས་བྱ་ལ་ཡིན་པ་སྲིད་པའི་ཤེས་བྱ་དང་། ཡིན་པ་མི་སྲིད་པའི་ཤེས་བྱ་གཉིས་ཡོད། དང་བོ་ལ་ཀ་བ་དང་བུམ་པ་རེ་རེ་ནས་བཞག་ཆོག ཡིན་པ་མི་སྲིད་པའི་ཤེས་བྱ་ལ་རྟ་གླང་དང་སྔོ་སེར་གཉིས་ལྟ་བུ། འོ་ན་རྟ་གླང་གཉིས་ཆོས་ཅན། རྟ་གླང་གཉིས་ཡིན་པར་ཐལ། ཞེ་ན་ཅི་ཕྱིར་ཟེར། ཡང་། རྟ་གླང་གཉིས་ཡིན་པར་ཐལ། རྟ་གླང་སོ་སོ་བ་ཡིན་པའི་ཕྱིར། རྩོད་གཞི་ཆད་པའི་ཁས་ལེན་ཤེས་དགོས། ཡང་། རྟ་གླང་གཉིས+ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། འདོད་ན། རྟ་གླང་གཉིས+རྟ་གླང་གཉིས་དང་གཅིག་ཡིན་པར་ཐལ། འདོད་ན། རྟ་གླང་གཉིས་དང་གཅིག་མ་ཡིན་པར་ཐལ། རྟ་གླང་རྟ་གླང་དང་གཅིག་ཡིན་པའི་ཕྱིར། འདི་དག་གི་ཞིབ་ཆ་བསྡུས་གྲྭ་མ་བསླབས་པར་ཤེས་ཚུལ་མེད། བསྡུས་གྲྭའི་དོན་དུ་ལན་གྲུ་ནས་ཡོངས་འཛིན་བསྡུས་གྲྭ་དཔར་མྱོང་། དེས་སློབ་གྲྭ་ཚོ་ལ་དགོས་པ་ཡོད་མེད་ཅང་མ་ཤེས། སྟག་ཚང་ར་བ་སྟོད་ཀྱི་བསྡུས་གྲྭ་འདོད་འཇོའི་བ་མོ་ཞེས་པ་དཔེ་དཀོན་ཞིག་ཡོད་པ་དཔར་རྩིས་ཡོད་ཀྱང་ཕན་པ་ཡོད་མེད་ཅི་ཆ། ཡང་། སྐད་ཆའི་ནང་ན་འདྲ་བའི་རིགས་ལ། དེ་གཉིས་གཅིག་རེད་ཟེར། དེ་ཞིབ་ཆ་མེད་པའི་སྐད་ཆ་རེད། དེས་ན་ཤར་གྱི་བུམ་པ་དང་ནུབ་ཀྱི་བུམ་པ་གཉིས་གཅིག་ཡིན་པར་ཐལ། འདོད་ན་དེ་གཉིས་ཆོས་ཅན། གཅིག་མ་ཡིན་པར་ཐལ། སོ་སོ་བ་ཡིན་པའི་ཕྱིར། ཡང་། སྐད་ཆའི་ནང་ན་ནང་འགལ་ཡང་། ངའི་མ་མོ་གཤམ་ཡིན་ལྟ་བུ་མི་ཟེར་ཡང་། གོང་འོག་ཏུ་འགལ་འདུ་མང་། རྩིས་ཀྱི་རིག་པ། ལོ་རྒྱུས་ཐོག ཀོང་ཅོ་སྔ་ཕྱི་གཉིས་ཀྱི་རིང་རྩིས་དར་བ་ནི་རྒྱ་རྩིས་ཀྱི་ནག་རྩིས་ཡིན་ན་མ་གཏོགས། འབྲི་བགྲང་སྣོན་པ་རང་གི་གཡས། །བསྒྱུར་བགོད་འབྲིད་པ་གཡོན་ནས་བརྩམས། །ཞེས་པ་འདི་དུས་འཁོར་རང་ལུགས་རེད། འདི་རབ་བྱུང་དང་བོ་ནས་དར་བ་རེད། འདི་དར་བ་ནས་བཟུང་གཙོ་བོ་གཟའ་དང་སྐར་མ་རྒྱུ་ཚུལ་དང་། ཉི་ཟླ་གཟའ་འཛིན་སྐོར་གྱི་རྩིས་དང་། བོད་ལ་གྲངས་རྩིས་ཀྱི་རིག་པ་དང་། སྐར་རྩིས་ཀྱི་རིག་པ་གཉིས་སུ་འབྱེད་རྒྱུ་མེད། སྐར་རྩིས་ཀྱི་རིག་པའི་ནང་དུ་གྲངས་རྩིས་ཀྱི་རིག་པ་ཡང་འདུས་ཡོད། ངས་བལྟས་ན་སློབ་གྲྭ་རྣམས་སུ་བོད་ལུགས་ཀྱི་རྩིས་ཁྲིད་པ་ཉུང་། གཙོས་སློབ་གྲྭ་ན་ཅུང་ཟད་ཁྲིད་ཡོད། གང་ལྟར་བོད་རང་གི་རྩིས་ཀྱི་བརྡ་ཆད་བྱང་དགོས། ང་རང་བོད་ཀྱི་སྨན་རྩིས་ཁང་དུ་ཚོགས་འདུ་ལ་སོང་བའི་སྐབས་མཚན་འཛིན་ཧུས་ཀྲང་ལ་བཞག་ཡོད། དེའི་སྟབས་ཀྱིས་ངའི་རྒྱ་རྩིས་གོ་དོན་ནང་རབ་བྱུང་བཅུ་བདུན་པར་རབ་རྒྱན་ཞེས་དགེ་སྦྱོང་གི་རྒྱན་བཅུ་བདུན་གྱི་ཆ་ནས་བཞག་པར། ཁོ་ཚོས་རྒྱན་ཞེས་པ་དྲུག་གི་མིང་ཡིན་པས་ཟློས་སྐྱོན་བྱུང་ཚུལ་གྱི་རྩོད་པ་བྱས། ངས་རྩིས་གཞུང་ཉིན་བྱེད་སྣང་བར་དུས་དང་ཀླུ་སོགས་ཟློས་ཚུལ་དང་རང་ལུགས་བཤད། མཐར་ཁོ་ཚོས་ཁས་བླངས་སོང་། ཉི་ཟེར་རམ་དབུས་གཙང་ཞིབ་འཇུག་ཏུ་ཡོད་འགྲོ་ཁྱོད་ཚོས་མཐོང་ངམ། ཡང་། རྒྱ་རྩིས་མགྱོགས་རྩིས་ཤིག་སྔར་ཤིང་དཔར་དུ་བཏབ་པ་ད་ལྟ་མཚོ་སྔོན་ན་ཧྭ་བླངས་ཡོད་འགྲོ། རིང་མིན་མཐོང་སྟེ། དེའི་སྒོ་ནས་ཀྱང་གཟའ་འཛིན་དང་གནམ་གང་ཡོད་མེད་སོགས་རྟོགས་ཐུབ། ལྔ་བསྡུས་དང་གཟའ་ལྔ་ལ་ཡང་མགྱོགས་རྩིས་ཤིག་བྲིས་ཡོད། འདི་ལ་སྦྱངས་ན་མངོན་བརྗོད་ཀྱང་ཤེས་དགོས་ཏེ། མདའ་རོ། རི་མཁའ་རི། མིག་བུག་མདའ་རྩ་མེ། མདའ་མཁའ་མཚོ་ཡིད་རི་མཚམས་ལྟ་བུ་སྟེ་འདི་འདྲ་མང་། དེའི་ཕྱིར་སྙན་ངག་ཤེས་ན་ཚིག་རྒྱན་ལ་མི་རྨོངས། སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ། མངོན་བརྗོད་ཤེས་ན་མིང་ལ། ཟློས་གར་ཤེས་ན་སྐད་རིགས་ལ། སྐར་རྩིས་ཤེས་ན་བླང་དོར་ལ་མི་རྨོངས་ཞེས་བཤད། དེ་ནས་སྙན་ངག་ཤེས་ན་ཚིག་རྒྱན་ལ་མི་རྨོངས། ཞེས་པ་ལྟར་སྙན་ངག་སྟོན་པའི་གཞུང་དང་། སྙན་ངག་གི་ཚིག་རྒྱན་སྟོན་པའི་གཞུང་གཉིས་སོ་སོར་འབྱེད་དགོས། སྙན་ངག་སྟོན་པའི་གཞུང་ལ། ཕྱི་ནང་གཉིས་ཀར་གྲགས་ཆེ་བ་སྙན་ངག་མེ་ལོང་ཡིན། དེ་ད་ལྟ་སྦྱོང་བཞིན་པ་རེད། སྙན་ངག་གི་ཚིག་རྒྱན་སྟོན་པའི་གཞུང་ལ་རྒྱ་གཞུང་དང་བོད་གཞུང་གཉིས་ལས། དཔའ་བོས་མཛད་པའི་བསྟོད་པ་རྣམས་དང་། འཁྲི་ཤིང་། སྐྱེས་རབས་སོ་བཞི་བ་སོགས། བོད་གཞུང་ལ་སྔ་མ་རྣམས་ལས་ཕྱི་མ་བཟང། རྗེ་ཙོང་ཁ་བ་ཡབ་སྲས། རྒྱ་དབང་ལྔ་བའི་གཞུང་། བོད་མཁས་དང་དཔལ་སྒང་ལོ་ཙཱ་བ་སོགས་བཟང་། སྙན་ངག་གི་རྩོམ་རྒྱུགས། ཚིག་ལྷུག་གི་དཔེར་བརྗོད། ཆབ་ཤོག་སྐོར་ལ་བལྟས་ནས་ཆབ་ཤོག་སྤེལ་རྒྱུ།འཁྲི་ཤིང་ལས་མྱ་ངན་མེད་ཀྱི་བུ་ཀུན་ལའི་སྤྱན་བཙུན་མོ་སྐར་རྒྱལ་སྲུང་མས་འདོན་སྐབས་ཀྱི་བཀའ་ཤོག་བརྗིད་ཆེ། དཔེར་ན་འདི་མཐོང་ཙམ་གྱིས་འགྲེང་བ་ལྟ་ན་ས་ལ་འགྱེལ་དགོས་པ། འདུག་པ་ལྟ་ན་ཀག་གིས་ལང་དགོས་པ། ཞེས་ཡོད། དེ་འདྲ་ལ་མ་ཕྱི་བྱེད་དགོས། མ་ཕྱི་ཅི་ཙམ་མཐོ་ན་དེ་ཙམ་གྱིས་བཟང་། དེང་སང་རྒྱ་མིས་སྙན་ངག་དང་འབྲེལ་བ་ཡོད་པའི་རིག་རྩོམ་ཟེར་བ་ཡང་། ཚིག་རྒྱན་ཕུན་སུམ་ཚོགས་པ་ཅན་གྱི་རྩོམ་རིག་ལ་ངོས་འཛིན་དགོས། དེ་ལ་རྗེ་ཙོང་ཁ་བའི་རྟག་ངུའི་རྟོགས་བརྗོད་དང་། རྟོགས་བརྗོད་ལྷུན་པོ་ལྟ་བུ་བཞག་ན་འགྲིག དེ་བཞིན་དུ་ཕྱིས་ཀྱི་ཆུ་ཤིང་གི་བསྟན་བཅོས་དང་། ཉམས་མྱོང་རྒན་པོའི་འབེལ་གཏམ་ལྟ་བུ་ཡིན། གཞོན་ནུ་ཟླ་མེད་ཀྱི་རྟོགས་བརྗོད་ཀྱང་དེའི་རིགས་སུ་གཏོགས། དེབ་ཐེར་རྒྱ་མཚོར། ལོ་རྒྱུས་ཀྱི་ཡིག་ཆ་མང་བོའི་གྲས་སུ་གཞོན་ནུ་ཟླ་མེད་བགྲངས་པ་མི་འགྲིག་བསམས། རྒྱ་ལ་གཞོན་ནུ་དྲུག་གི་རྟོགས་བརྗོད་གྲགས་ཆེ་ཡང་། དེ་རྒྱ་གཞུང་མ་རེད། ངས་བལྟས་ན་སྐུ་དྲག་གཅིག་གིས་བརྩམས་པའི་བཟོ་ལྟ་ཡོད། ལྷ་སྨོན་པས་ནགས་ཀྱི་ལྷ་མོ་བཞིན་ནོ། །ལོ་རྒྱུས་ཕྱོགས་ལ། འདི་ཧ་ཅང་རྒྱ་ཆེ། བོད་ལ་མཚོན་ན་རྒྱ་གར་ཕྱོགས་ཀྱི་ལོ་རྒྱུས་དང་། བོད་ཀྱི་ལོ་རྒྱུས་གཉིས་ལས། གང་ལྟར་ཡང་བརྟེན་ཁུངས་རེ་དགོས།དེ་ཡང་དཔྱད་པའི་སྒོ་ཡང་དག་རེ་བཙལ་དགོས། རྒྱ་གར་ལ་མཚོན་ན་རྒྱལ་རབས་རེ་རེའི་ལོ་ཤུགས་ཆེ། འདུལ་གཞུང་ཚོ་ན་ཡོད། ཆོས་དར་ཤུགས་ཆེ་ན་སངས་རྒྱས་འཁྲུངས་འདས་ལ་བསྟུན་དགོས། དེ་ལ་མི་མཐུན་པ་མང་། ང་ཚོ་ཡིན་ན། ཕུག་ལུགས་ལ་བསྟུན། སྟོན་པ་འདས་ནས་ད་ལོ་ཡན༢༨༦༥འདས། གནས་ལུགས་ལྟར་ན་ཕུག་ལུགས་སྟོན་པ་འདས་ནས་ལོ་༢༦༥འདས་པའི་ཕྱི་ལོ་མེ་སྤྲེལ་ལ་སྤྱི་ལོ་སྔོན་༦༢༣འཁྲུང་དགོས། ཕུག་པ་ལ་རྒྱ་མཚོ་རྣམ་གསུམ་གྲགས་ཆེ། ཕུག་པ་ལྷུན་གྲུབ་རྒྱ་མཚོ། མཁས་གྲུབ་ནོར་བཟང་རྒྱ་མཚོ། གཙང་ཆུང་ཆོས་གྲགས་རྒྱ་མཚོ། ཕུག་པ་ནི་ལྷོ་ཁའི་ཡུལ་མིང་ཞིག རྒྱལ་བ་དགེ་འདུན་གྲུབ་ཀྱི་སློབ་མ། དགེ་འདུན་རྒྱ་མཚོས་བླ་མར་བསྟེན། པད་དཀར་ཞལ་ལུང་མ་བུ། དུས་འཁོར་སྤྱི་དོན་སོགས་ཡོད། དུས་འཁོར་ཁས་ལེན་ན་ཕུག་ལུགས་འདི་གཙོ་ཆེ། ཀླ་ཀློའི་ལོ་བཤད་པ་དང་ཐོ་ཐུག དེའི་རྒྱུ་མཚན་ཅི་རེད་ཟེར་ན་གཞན་ལུགས་ཨ་རབ་ཀྱི་ལུགས་དང་མཐུན་ཏེ། འདི་ལ་ནང་བའི་ཤན་ཞུགས་མེད། ལྷག་པར་སངས་རྒྱས་པའི་དུས་ཀྱི་ཟླ་འཛིན་འདི་ལས་ལྷག་མེད།བསོད་ནམས་རྒྱ་མཚོས་ཕྱི་གླིང་བས་ལོ་དུ་མའི་ཟླ་འཛིན་མྱོང་བྱང་ལས་ཀྱང་ཤེས། སྔོན་ཐོན་པ་རི་པིན་གྱིས་སྤྱི་ལོ་སྔོན་༥༦༥ལ་སྟོན་པ་འཁྲུངས་ཟེར་དོན་ཅི། གནས་ལུགས་ལས་སོ་དྲུག་ཅུ་ཡིས་འཕྱི། གཉི་གའང་མེ་སྤྲེལ་ཡིན་ནོ། །བོད་ཀྱི་ལོ་རྒྱུས་ཐད། བོད་རྒྱལ་ཐོག་མ་གཉའ་ཁྲི་དང་། ཆོས་རྒྱས་མེས་དབོན་རྣམ་གསུམ་ནམ་བྱོན་ནས་ལོ་གཏན་ལ་ཕབ་དགོས། དེ་ཡང་བསྟན་པ་ཕྱི་དར་གྱི་རྗེས་བོད་རྒྱལ་རབས་ལོ་རྒྱུས་ཀྱི་སྔ་བ་ས་ཆེན་གྲགས་པ་རྒྱལ་མཚན་གྱིས་མཛད་པ་དེ་ལྟ་བུ་ལ་ཁུངས་གཏུགས་ནས་བཤད་དགོས། གཞན་དུ་འང་རྒྱ་ཆེར་བཤད་ཡོད་པ་ལས་ཤེས་དགོས། གང་ལྟར་དུས་འཁོར་གྱི་རབ་བྱུང་མགོ་ཚུགས་པ་ནས་ལོ་རིམ་རྩི་བ་ལ་ཡར་ཐོན་ཆེན་པོ་བྱུང་ཡོད། རྒྱ་མི་ནི་རང་རེ་ཀྲུང་གོའི་མི་རིགས་ཡར་ཐོན་ཡིན་པ་སུས་ཀྱང་ཁས་ལེན་ཡོད། ལོ་རྒྱུས་ཐད་ཕྱི་གླིང་ལྟར་ཡེ་ཤུ་སྐྱེས་པའི་སྔ་ཕྱི་འདི་དམ་འཛིན་བྱེད་པ་འདི་མི་བྱེད་ཀ་མེད་ལ་ཐུག་ཕྱི་གླིང་བས་བཤད་ན་ཡེ་ཤུ་སྐྱེས་ལོ་ལ་ལོ་བཞིས་སྔ་གཞུག་ཡོད་ཟེར་རོ།།
ཨ་ལགས་ཚེ་བརྟན་ཞབས་དྲུང་ལྟ་བུར་བོད་ལ་མང་པོ་མཁོ། ད་དུང་ཁོང་འདྲ་བ་གཞན་སུ་དག་ཡོད་དམ།
ད་དུང་ཁོང་འདྲ་པ་གཞན་་་་ཁ་ནག་ཁྱོད་འདུག་ག