ལྗགས་མདའ།
ན་ནིང་དབྱར་མགོ་ཙམ་ལ། འདས་པོ་ཁ་བ་སྙིང་ལྕགས་ལགས་ཀྱིས་བོད་རིགས་བུ་མོ་ཞིག་གིས་བཤས་ར་ནས་ལུག་མང་པོ་ཕྱིར་ཉོས་ཏེ་ཚེ་ཐར་བཏང་བའི་གནས་ཚུལ་ཐད་ལ་བསམ་ཚུལ་ཁ་ཤས་ཞུས་པ་ད་རུང་དྲན་སོས་ཀྱི་འདུག དེ་རིང་ཡང་། དྲ་ལམ་ཁག་ཏུ་བུ་མོ་སྒྲོལ་མ་ཞུ་བ་ཞིག་གིས་གོང་དང་དེ་མཚུངས་ཀྱི་ལས་བགྱིས་པར་མང་པོས་སྤྲོ་དགའ་དུངས་གསུམ་བྱེད་ཀྱི་འདུག ཡིན་ཡང་། ན་ནིང་ལུག་ཚེ་ཐར་ལ་གཏོང་བའི་བུ་མོ་དེ་དང་ད་ལོའི་བུ་མོ་འདི་གཉིས་མི་གཅིག་པ་ཡིན་མིན་ངེད་ཀྱིས་ཤེས་མ་སོང་། ཤེས་དགོས་པའི་རྒྱུ་མཚན་ཡང་མི་འདུག ཡིན་ཡང་རྣམ་པ་གཅིག་པ་གཅིག་མཚུངས་ཡིན་པས། དེ་ལ་ཐད་ཚོར་ཙམ་ཞུ་ན་འདོད་སོང་།
དེ་ཡང་འདི་འདྲའི་གནས་ཚུལ་ཞིག་ཐོས་མྱོང་ཡོད་དེ། སྔོན་ཆད་དགོན་པ་ག་གེ་མོ་ཞིག་གི་ཐག་མི་རིང་ས་ན་བཤས་ར་ཤིན་ཏུ་ཆེན་པོ་ཞིག་འདུག་ཅིང་། དེ་རུ་སྐམས་ལུག་ཉོ་འཚོང་གི་རྒྱུན་མ་ཆད་པར་ཡོད་སྐབས་དགོན་པ་དེ་གའི་ལས་སྣེ་དག་གཙོས་དགོན་པས་བཤས་ར་གང་དེ་སྒོར་མོ་བོགས་ཆེན་པོ་བྱིན་ཏེ་ཉོས། དེ་ནས་དགོན་པས་བཤས་ར་ཆེན་པོ་དེ་རྩ་མེད་པར་བཏང་སྐད།
རིང་བོ་མ་ཐོགས་པར། བཤས་ར་འཚོང་མཁན་གྱི་འཚོང་བ་དེ་དག་གིས་སྔོན་གྱི་བཤས་ར་ལས་ཀྱང་ཆེ་བའི་བཤས་ར་ཤིན་ཏུ་ཆེན་པོ་ཞིག་བཟོས་སོང་བར་བསྙད། བཤས་ར་དེ་འདྲ་ཞིག་བཟོ་བའི་ཆ་རྐྱེན་སུ་ཡིས་བསྐྲུན་པ་རེད། ཉིད་ནས་སོམས་དང་། ད་རེ་བུ་མོ་སྒྲོལ་མའི་ལས་ཀ་དེ་གོང་དང་འབྲེལ་བ་ཡོད་དམ།
ངས་བུ་མོ་སྒྲོལ་མ་ཞུ་བ་དེའི་ལྷག་བསམ་དང་སྙིང་རྗེ་ལ་གུས་གཙི་མེད་པ་མིན། ཡིན་ཡང་། ཁོ་མོས་ཤེས་རྨོངས་ལ་སེམས་སྐྱོ་བོ་བྱུང་སོང་། ཁོ་མོ་གཅིག་པུ་མ་ཡིན་པར་བོད་པ་མང་པོ་ཞིག་གིས་སུག་ལས་འདི་དག་སྤེལ་གྱི་ཡོད་པར་མ་ཟད། ཤེས་རབ་འཚོལ་བར་དགའ་བའི་གྲྭ་བ་ཚོའི་ཁྲོད་དུའང་འདི་རིགས་གདའ། དཔེར་ན། ཉའི་འཚོ་ཁམས་ཀྱི་ཆ་རྐྱེན་སོགས་ལ་མ་བལྟས་པར་ཉ་རིགས་མང་པོ་གང་བྱུང་མང་བྱུང་དུ་ཚེ་ཐར་གཏོང་བ། ཧམ་སེམས་ཆེན་པོས་མཚོ་གཏེར་འབུལ་བ་སོགས་ཀྱིས་མཚོན་པའི་བྱེད་ལས་བགྲང་གིས་འདས། དེ་རིང་བདག་གིས་མཐོང་བའི”གསར་འགྱུར”འདི་ཡང་གོང་དང་ཡོངས་སུ་མ་འདས།
དེ་རིང་ཁོ་མོས་བཤས་ར་ནས་ཉོས་པའི་ལུག་སྟོང་ཕྲག་བཞི་ལ་ཉེ་བ་དེ་ཉོས་ཚར་བ་ཡིན། བཤས་རའི་འདས་མ་ད་གསུམ་གྱི་ལུག་ཡོངས་སུ་ཉོས་ཚར་ཡོད་དམ། འཚོང་བ་རྣམས་ཀྱིས་ད་རེ་ཉོས་པའི་ལུག་རིན་དེ་འཁྱེར་ནས་དེ་ལས་མང་བའི་ཟོག་ལུག་ཉོ་མི་དཔེའམ། དེ་དགེ་བ་རེད་དམ་སྡིག་པ་རེད།
ད་རེས་ཉོས་པའི་ལུག་སྟོང་ཕྲག་གསུམ་པོ་གང་ནས་འཚོ། འབྲོག་པའི་རྩྭ་ས་མང་པོ་ཞིག་ལ་སྔོ་སྡུག་འབྱུང་སྐབས། ལུག་མང་པོ་ཁངས་འཁྱགས་ལྷུང་ནས་ཤི་ན། རྩྭ་ཆུ་ཆད་ནས་ཤི་ན། རྒྱུ་བདག་མེད་ན་ཤི་ན••••••འདི་དག་ལ་བསམ་བློ་བཏང་མྱོང་ངམ། དགེ་བ་ཞེས་པ་ནི་སྒོར་མོ་གཅིག་པུས་ཉོ་ཐུབ་པ་ཞིག་ཡིན་ནམ།
འབྲོག་པའི་ཟོག་ལུག་གི་གོང་ཐང་ལ་ལྷུང་བའི་སྐབས། ཁྱེད་ཀྱིས་ཚེ་ཐར་ཞེས་པ་ཞིག་ལ་ཁ་གཡར་ནས་བཤས་ར་ཆེན་པོ་ཞིག་ཏུ་ལུས་འཛུལ་ཏེ་ལུག་སྟོང་ཕྲག་མང་པོ་མཉམ་དུ་ཉོས་པ་དེས་ཚོང་ཕྱོགས་གཞན་ལ་བསྐོར་ཞིང་། འབྲོག་པ་ཚོ་ཁ་གནམ་ལ་འཁོར་ཏུ་འཇུག་མ་ཡིན་ནམ། འབྲོག་པ་ཚོ་མུ་གེར་འཆི་རུ་འཇུག་སྟངས་མ་ཡིན་ནམ།
(དཀོན་བསྟན་གྱིས་བརྒྱུད་སྤྲོད་བྱས།)
སྒོར་མོ་དང་ཚེ་སྲོག་གཉིས་ལ་བསྡུར་རྒྱུ་ཡོད་རྒྱུ་མ་རེད། མོ་རང་གི་སྒོར་མོ་བཏང་ནས་ཚེ་སྲོག་ཉོས་ན་དེ་ལ་ཁྱོད་ཚོས་མི་འདོད་པའི་རྣམ་འགྱུར་སྟོན་པའི་ཐོབ་ཐང་ཨེ་ཡོད་ན། ཉི་མ་གཅིག་ལ་སྲོག་བསྐྱབ་ཐུབ་ན་ཡང་དགེ་བ་བསམ་གྱིས་མི་ཁྱབ་པ་ཡིན་གྱི་རེད། དེ་ལ་ཁྱོད་ཚོས་སེར་སྣ་དང་བརྣབ་སེམས་བྱེད་དགོས་དོན་མེད་གི། དེ་ལས་ལྷག་ཅིག་བྱ་རྒྱུ་ཡོད་ན་ཁྱེད་རང་གིས་གྱིས་དང་སུ་གཅིག་གིས་འགོག་གི་མ་རེད། རྒྱ་ཁ ཆེ་ཟེར་ནས་སྡུག་པོ་ཞིག་ལ་བརྩི་མདོག་བྱེད་ཀྱིན་འདུག ཁྱེད་རང་གི་སེམས་ལ་དྲན་པ་དང་ཁ་ནས་བཤད་རྒྱུ་འདི་ཚོ་ཁ ཆེ་བའི་ཤན་པ་དང་གཅིག་མཚུངས་རེད།