ཀླུ་རྒྱལ་དོན་འགྲུབ་ཀྱིས་༢༠༡༢ལོའི་ཟླ༣པའི་ཚེས་༢༢དགོང་མོ་བྲིས།
ཁོང་གི་འདི་ལྟར་མི་རིགས་ཤིག་གི་འཐབ་རྩོད་དངས་དུ་བླངས་ནས་སེམས་ཤུགས་འདི་ལྟ་བུ་ཞིག་ཁུར་ནས་ལམ་དུ་ཆས་སོང་། འགྲོ་སྟངས་འདིས་མི་བུ་གང་ཞིག་ལ་སེམས་འགུལ་ཐེབས་ཁུལ་དུ་བྱས་མོད། ཉི་མ་ཁ་ཤས་འགོར་བ་ན་ཕལ་ཆེར་ཡོད་ཚད་རྫོགས་སོང་བ་ལྟར་རང་རང་གི་སེམས་སུ་སེམས་ཤུགས་འཕར་ཏུ་འཇུག་མཁན་དེའི་བག་ཆགས་ཀྱང་མེད་པར་གྱུར། འདི་ནི་ང་ཚོ་བཙན་བྱོལ་དུ་ཡོད་པའི་གོམས་གཤིས་ཡིན་ནམ་ཡང་ན་འཐབ་རྩོད་བྱེད་པའི་གོ་རིམ་ནང་དུ་ཅི་ཞིག་མཁོ་བའི་ངེས་ཤེས་མ་རྙེད་པ་ཡིན། གང་ལྟར་བཤད་འདོད་པ་ནི་ལས་འགུལ་གང་ཞིག་གི་དུས་སུ་ལས་འགུལ་སྤེལ་མཁན་གངས་ཟགས་དེར་དགའ་མོས་ཡོད་མེད་མིན་པར། ཁོང་གིས་སྤེལ་གྱིན་པའི་ལས་འགུལ་དེ་ཅི་ལྟར་སྲ་བརྟན་དང་ནུས་པ་ཅན་དུ་བསྒྱུར་ཐུབ་མིན་དེ་རེད།
ང་ཚོས་ལས་འགུལ་གང་ཞིག་སྤེལ་བ་ཡིན་ནའང་དང་ཐོག་ཚ་ཚ་འུར་འུར་ངང་གསར་འགྱུར་འགོད་རྒྱུ་དང་བསྟོད་པའི་ཁ་བཏགས་འཐེན་མཁན་བང་བསྒྲིགས་ནས་ཡོད་པ་དེ་ཡང་བཙན་བྱོལ་དུ་ཆགས་པའི་གོམས་གཤིས་གཞན་པ་ཞིག་རེད། འདི་ལྟར་ང་ཚོས་ལས་འགུལ་བ་ག་ཚོད་ཅིག་གི་སྔུན་བསུས་ཡོད་དམ། འདི་ལྟར་ང་ཚོས་ལས་འགུལ་བ་ཅི་ཙམ་ཞིག་ལམ་ཏུ་བཅུག་ཡོད་དམ། འདྲི་ཚིག་འདི་དག་རྗེས་ནས་བཙལ་དགོས་པ་ནི་གོམས་བགྲོད་པ་འདི་གང་ནས་ལམ་དུ་བུད་དེ་གང་བར་དུ་འགྲོ་རྒྱུ་གླེང་རྒྱུ་གཅིག་པོ་མིན་པར། ཁོང་ཚོས་འགོ་འཛུགས་ཉིན་མོར་ཁྱེད་ལ་བྱིན་པའི་གློ་བུར་བའི་སེམས་ཤུགས་དེའི་འོག་ནས་རང་གི་རང་ལ་དྲི་བ་འགོད་རྒྱུ་དེ་རེད། དྲི་བ་དེ་ཡང་མདོར་དེད་ན་ཁྱེད་ཀྱི་ཅི་ཞིག་བསྒྲུབས་ཐུབ་མིན་དང་། ད་ལྟའི་བར་དུ་ལས་འགུལ་དེ་དག་ལ་ནུས་པ་ཅི་ཞིག་བྱུང་ཡོད་མེད་ལ་བསྐྱར་ཞིབ་བྱེད་ནས་མཐུས་ཤོར་དང་ནོར་འཁྲུལ་ཤོར་རིགས་སུན་འབྱིན་བྱེད་རྒྱུ། དེ་ནས་ལས་འགུལ་རྒྱུས་ལོན་དང་སྟོང་ཆ་བཙལ་ནས་ལས་འགུལ་དེའི་ནུས་པ་གོང་མཐོར་གཏོང་རྒྱུ་དེ་རེད།
ང
ས་ད་བར་དུ་བྱུང་བའི་ལས་འགུལ་དེ་དག་གིས་ནུས་པ་ཐོན་མི་འདུག་ཟེར་གི་མེད་ལ་གང་བྱེད་པ་ཚང་མ་ནོར་འཁྲུལ་དུ་ཡང་བརྩི་གི་མེད། ཡིན་ནའང་བོད་པའི་ངན་གོམས་ཤིག་ནི་ཁྱབ་བསྒྲགས་བྱེད་རྒྱུ་གཅིག་པོ་ལས། ལས་འགུལ་གྱི་ནུས་པ་གོང་མཐོང་གཏོང་དགོས་པའི་བསམ་ཚུལ་འདོན་མཁན་ཧ་ལམ་མེད། རང་ཉིད་ཀྱི་སྟོབས་ཤུགས་ལ་ངེས་ལེན་དང་ཡིད་ཆེས་མེད་པའི་བོད་པ་ཚོས་ནམ་རྒྱུན་ཕྱི་རྒྱལ་ཁབ་ཁག་གི་རོགས་སྐྱོབ་ལ་མིག་ཤོར་ལ་སེམས་སྒུག་ནས་ཡོད་པ་ལས་རང་ངོས་ནས་ཅི་ཡང་བྱེད་ཐུབ་པའི་ཡིད་ཆེས་གང་ཡང་མེད། འདི་ནི་ད་ལྟ་བར་དུ་ང་ཚོའི་སྤྱི་ཚོགས་སུ་འཇགས་པའི་ནོར་འཁྲུལ་ཟེར་ན་འདྲ། གང་ལྟར་མཐུས་ཤོར་གྱི་ཆ་ཞིག་ཡིན་པར་འདོད། གཅིག་བྱས་ན་ཁྱེད་ཅག་གིས་མཁྱེན་གསལ་ལྟར་ལས་འགུལ་མང་ཆེས་ཤོས་མར་མེ་ཁྲོམ་སྐོར་དང་ཧྲེང་གི་སྐད་འབོད་རེད། འདི་དག་ནི་ཆེས་རྙིང་ཧྲུལ་དུ་སོང་བའི་བཙན་བྱོལ་བོད་མའི་སྤྱི་ཚོགས་ནང་གི་ཉི་མ་འགྲོ་ཐབས་ཀྱི་ལས་དོན་ཁོ་ན་ལས་བོད་དོན་ལ་ནུས་པ་ཐོན་པའི་ལས་འགུལ་དུ་ཕྲན་གྱིས་ནམ་ཡང་མཐོང་གིན་མེད།
རྡ་ས་ནི་བསམ་བློ་དང་ཤེས་ཡོན་བསྐྱེད་བསྲེང་བྱེད་སའི་ཁོར་ཡུག་ཡ་མེད་ཅིག་ཏུ་མི་བུ་སུ་ཞིག་གིས་ཀྱང་ངེས་འཛིན་ཐོབ་གི་ཡོད་ལ། བསྐྱེད་བསྲེངས་བྱེད་པའི་ཤེས་ཡོན་པ་དང་བསམ་བློ་བ་མང་ཆེ་བ་ཚད་ལྡན་ཅན་གྱི་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཡོད་པ་དེ་ནི་བོད་ཀྱི་ཁ་དཔེར་རྩྭ་ཉིན་ནས་བཟོས་ནས་ལྕི་བ་སྲིབ་ནས་བཏང་ཟེར་བ་ལྟར་རེད། གོ་སྐབས་ཡོད་ཚད་བཟུང་ནས་རང་ཉིད་་བསྐྱེད་བསྲེངས་ཡག་ཐག་ཆོད་ཅིག་བྱས་རྗེས་ཀྱི་ལོ་དང་པོ་དེ་ཤེས་ཡོན་པའི་མི་ཡུལ་གྱི་འགྲུལ་བཞུད་འགོ་འཛུགས་པའི་ཉིན་མོ་ཡིན། བསྐྱེད་བསྲེངས་བྱས་པའི་ཤེས་ཡོན་པ་དག་རྡ་ས་ནས་ཐོན་ནས་འགྲོ་དུས་རྡ་སར་ཡང་བསྐྱར་ཤེས་ཡོན་པ་མཁོ་ལ་ཤེས་པ་གསོ་སྐྱོང་བྱེད་པའི་འགོ་བཙུགས། གསོ་སྐྱོང་བྱེད་བཞིན་པའི་ཤེས་ཡོན་པའི་སྡེ་འདི་དག་ཡང་ཅང་མ་འགོར་བར་ནུབ་ཕྱོགས་ཀྱི་གཡོགས་པོ་རུ་འགྱུར་དགོས་ན། ད་ནི་རྡ་སར་ཤེས་ཡོན་པ་གསོ་སྐྱོང་བྱེད་པའི་ནུས་པ་ཡོད་མེད་དུ་ལྷག་ཡོད། རྒྱུད་རིམ་འདི་ནི་རྡ་སའི་མི་སུ་ཞིག་གིས་ཡུན་རུང་བཤད་ཤེས། ཡིན་ནའང་དེའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་མེད་གླེང་མྱོང་མཁན་ག་ཚོད་ཅིག་ཡོད་དམ། དེ་མདོ་དེར་ན་ཤེས་ཡོན་པའི་སྡེ་ནས་རང་ཉིད་ཀྱི་སྤྱི་ཚོགས་སུ་འགན་མ་འཁུར་བ་དང་། རང་ཉིད་ཀྱི་མི་རིགས་ལ་ཤ་མ་ཚ་བའི་དྲི་རྟགས་ཤིག་མ་རེད་དམ། འདི་འདྲའི་མཐུས་ཤོར་ཞིག་ཤོར་དགོས་པ་ཡང་དྲང་མོར་བཤད་རང་ཉིད་ཀྱི་འགན་མ་བླངས་པ་དང་རང་ཉིད་ཀྱི་སྟོབས་ཤུགས་ལ་རང་ཉིད་ཡིད་མ་ཆེས་པ་དེ་རེད།
ད་བར་དུ་བོད་པ་བཙན་བྱོལ་བ་ཆགས་ནས་མི་ལོ་ལྔ་བཅུ་དྲུག་བཅུ་ཞིག་འགོར་ཡོད་ལ། བོད་མི་ཁྱོན་ཡོངས་ཀྱི་དཔལ་འབྱོར་དང་། དེང་རབས་ལག་རྩལ། ཤེས་ཡོན་གང་གི་ཆ་ནས་བཤད་ན་ཡང་གཞན་ལ་ངོ་གནོངས་མི་དགོས་ལ་རང་ཉིད་གསོ་སྐྱོང་བྱེད་པའི་ནུས་པ་མདང་ངེས་ཤིག་ཡོད། ཡིན་ནའང་རང་ཉིད་ལ་རང་གིས་འགན་འཁུར་བའི་གོམས་གཤིས་མེད་ལ་ལྷག་བསམ་གྱིས་སྟོང་པའི་བོད་པ་ཚོས་ད་དུང་ཡང་ལས་འགུལ་གང་ཞིག་སྤེལ་ན་གཞན་གྱི་རོགས་དངུལ་བཙལ་བ་ལས་མི་རིགས་རང་ཉིད་ཀྱི་ཞལ་འདེབས་བྱེད་པའི་ལུགས་སྲོལ་ཧ་ཅང་གི་ཕྲ་བ་ཞིག་ཏུ་སེམས། རྡ་ས་ཁུལ་ན་ནམ་རྒྱུན་ནས་བོད་གཞུང་གིས་ང་ལ་ཅིག་བྱས་མ་སོང་ཟེར་མཁན་མང་དག་ཅིག་ཡོད་པ་ལས་ངས་གཞུང་གི་ཆེད་དུ་གང་ཡང་བྱེད་ཐུབ་མེད་ཟེར་མཁན་གོ་རྒྱུུ་ཧ་ཅང་དཀོན། དེ་ཡང་བརྒྱ་བཤད་ཚིག་གི་རྩ་བ་རང་ཉིད་ནས་འགོ་འཛུགས་དགོས་ཀྱིན་འདུག་ཞེས་ཞུ་འབོད་བྱེད་འདོད་པ་དེ་ཡིན། མི་སུ་ཞིག་ཡིན་རུང་རང་ཉིད་ཀྱི་ཤེས་འཇོན་ལ་ཕབ་པའི་འགན་རེ་ལེན་ཐུབ་པ་ཡིན་ན། དེ་ནི་ང་ཚོའི་མི་རིགས་སྐྱོང་བའི་སྟོབས་ཤུགས་རེད། ང་ཚོས་སྟོབས་ཤུགས་ཅི་ལྟར་གསོག་འཇོག་བྱེད་ཐུབ་ན་ནུས་པ་དེ་ཙམ་གྱི་ཆེ། བདེ་མཐའ་སེལ་རྒྱུར་ཡང་དེ་བས་མྱུར་རོ།
འདིར་ངས་ཆེས་གླེང་འདོད་པ་དེ་ནི་གླིང་ཚ་ཡིན་ལ་གླིང་ཚའི་ལས་འགུལ་ཡིན། ལས་འགུལ་དེ་ཡང་དང་པོ་གསུམ་བཅུའི་དུས་དྲན་ནས་འགོ་བཙུགས་ལ། དེ་དུས་སེམས་འགུལ་ཐེབས་མཁན་དང་ཁ་བཏགས་འབུལ་མཁན་གང་མང་ཞིག་གི་མིག་ཆུས་འོག་འགོ་བཙུགས་ཡོད་ཀྱང་། ད་ལྟ་ཡང་ཁོང་ཚོས་སེམས་ནས་གླིང་ཚ་བོར་ཚར་ལ་གླིང་ཚའི་ལས་འགུལ་ཡང་ཆུ་ངོགས་ཀྱི་ཟླ་བ་ནང་བཞིན་ག་སོང་ཆ་མེད་དུ་གྱུར། ད་ལྟ་སུ་ཞིག་གིས་གླིང་ཚ་གླིང་གིན་ཡོད་ལ་སུ་ཞིག་གིས་གླང་ཚའི་ལས་འགུལ་འདིར་སེམས་ཕྲལ་བྱེད་བཞིན་ཡོད། ཅི་ཡང་མེད་པ་དེ་ཡང་མི་རིགས་ཤིག་འཐབ་རྩོད་ཀྱི་ངོ་བོ་གསལ་སྟོན་བྱེད་པ་དེ་རེད། སྤྱིར་ཡིན་ན་ང་ཚོའི་མ་གྲོས་གཅིག་མཐུན་གྱིས་གླིང་ཚའི་འཐབ་རྩོད་འདི་ནུས་པ་ཅན་དུ་ཅི་ལྟར་གཏོང་དགོས་མིན་དང་དེ་དང་འབྲེལ་བའི་རྩོམ་ཡིག་སྤེལ་ནའང་འགྲིག་མོད། དེ་འབྲེལ་རྩོམ་ཡིག་ཁ་ཤས་ལས་རིག་རྒྱུ་མ་བྱུང་ལ་མཐོང་བ་དེ་དག་ཡང་གླིང་ཚའི་ངོ་སྤྲོད་དང་ལོ་རྒྱུས་ཡིན་པ་ལས་གླིང་ཚའི་ལས་འགུལ་ལ་ཅི་ལྟར་ནུས་པ་ཅན་དུ་གཏོང་དགོས་མིན་སོགས་གང་ཡང་བྲིས་མི་འདུག ངས་འདིར་གླིང་ཚ་ཅི་ཕྱིར་གླེང་པ་ཡིན་ཞེས་ན། དེར་ཡང་གླེང་རིན་མེད་པར་གླེང་བ་གཏན་ནས་མིན་ལ། གླིང་ཚའི་ལས་འགུལ་གྱིས་ནུས་པ་ཐོན་ནས་གླེང་བ་ཡང་མིན། ང་ཚོའི་འཐབ་རྩོད་ནི་མི་རིགས་ཤིག་གི་འཐབ་རྩོད་ཡིན་རུང་གླིང་ཚ་མ་བུ་གསུམ་པོས་ཁུར་ལེན་ཐུབ་པའི་སེམས་ཤུགས་དང་རང་འགན་རང་ལེན་གྱི་བསམ་བློ་དེར་ཕྲན་ཧ་ཅང་གི་སེམས་འགུལ་ཐེབས་ལ། སེམས་འགུལ་ཐེབས་པ་གཅིག་པོ་མ་ཡིན་པར་སོ་སོའི་གནས་སྡོད་བྱེད་སའི་ཁོར་ཡུག་འདི་ནས་གང་ཐུབ་ཀྱི་ཁོང་གི་ལས་འགུལ་འདིའི་སྟོང་ཆ་ཞིག་སྐོང་ཐུབ་པའི་རེ་བ་བྱེད་བཞིན་ཡོད།
གླིང་ཚའི་ལས་འགུལ་སྤེལ་ནས་ཟླ་ཤས་ཤིག་འགྲོ་སོང་བ་ཡང་ང་ཚོས་གསར་ཁང་དག་གིས་རྩིས་ཡོད་རྒྱུ་མ་རེད་ཅེས་ཚིག་ཐག་བཅད་ནས་བཤད་ཆོག དེ ་ནི་གླིང་ཚ་སོང་བ་མགྱོགས་དྲགས་ནས་གསར་འགོད་པ་ཚོས་རྗེས་མ་ཟིན་པ་ཡིན་ཀྱང་སྲིད་མོད། གླིང་ཚ་ལ་མཚོན་ན་གསར་འགོད་པ་ཡོད་མེད་ལ་བལྟ་མཁན་ཞིག་མིན་ལ། ཁྱབ་བསྒྲགས་ལ་དགའ་མཁན་ཞིག་དེ་བས་ཀྱང་ཡིན་མི་སྲིད། ཁོང་ནི་མི་རིགས་ཀྱི་འཐབ་རྩོད་པ་ཞིག་བྱེད་གི་ཡོད་ན་ང་ཚོས་ཀྱང་ནུས་པ་གང་ཡོད་ཀྱིས་ཁོང་གི་འཐབ་རྩོད་ནུས་པ་ཅན་དུ་གཏོང་བའི་ལས་འགུལ་ཞིག་རང་འགུལ་ངང་སྤེལ་མ་ཐུབ་པའི་རྒྱུ་མཚན་ཅི་རེད། འདི་ནི་ང་ཚོའི་བོད་ཀྱི་མི་རབས་གསར་བ་ཚོར་མདུན་ན་ལྷག་པའི་སྟོང་ཆ་རེད། འདི་ནི་ང་ཚོས་དུས་རབས་གསར་བའི་འགྱུར་ཁུག་ལས་ཤོར་བའི་གྱོང་གུད་རེད། གྱོང་གུད་འདི་ནི་མི་རབས་གསར་བའི་རང་འགན་རང་ལེན་མེད་པའི་བདེན་དབང་རེད།
ང་ལ་མཚོན་ན་གླིང་ཚར་སྐད་ཆ་ཚིག་གཅིག་ཀྱང་བཤད་མྱོང་མེད་མཁན་ཞིག་ཡིན། ང་ཚོའི་མི་བུ་སུ་ཞིག་གི་ལས་འགུལ་གང་ཞིག་སྤེལ་རུང་འདི་ལྟར་ལྟད་མོ་རྒྱང་ནས་བལྟ་མཁན་མང་བ་ལས་དོན་གྱི་ཁུར་དུ་ལེན་མཁན་མེད་པས། ངས་འདིར་ཡང་ནས་ཡང་དུ་བཙན་བྱོལ་བོད་ཀྱི་མི་རབས་གསར་བ་དག་ལ་རང་ཉིད་ཀྱི་ནུས་ཤུགས་གསོག་འཇོག་དང་། རང་ཉིད་ཀྱི་འགན་རང་ཉིད་ནས་འཁུར་བ། རང་ཉིད་ལ་ཡིད་ཆེས་བྱེད་བའི་དབུ་འཁྱིལ་འབྲི་རོགས་ཞེས་ནན་ནན་ཚིག་གིས་བསྐུལ་ལོ།
ང་ཚོར་འདི་དེ་ལྟ་བུའི་ཚོར་བ་ཤུགས་ཆེན་རྒྱུན་རིང་དུ་མེད་པས། བོད་ཤོར་བའང་རྒྱུ་རྐྱེན་འདི་དག་ལས་གཞན་ཅང་མེད་དོ།།
ཁྱེད་ཀྱིས་བཤད་པ་དག་ལ་བརྒྱ་ཆ་བརྒྱ་འཐད་པ་མིན་མོད། འགའ་རེར་བདེན་པའི་ཆའང་འདུག་སྙམ། གཞན་ཡང་ཉིད་ཀྱིས་ “ཤེས་ཡོན་པར”་བགྲང་བ་དེ་དག་”ཤེས་ཡོན”་པ་ཞིག་གི་ཚད་དུ་འཇོག་མི་(སྤྱིའི་དོན་དུ་སོང་བ་རྣམས་ཕུད།)འོས་ཏེ། རང་གི་འཚོ་གནས་མི་ཤེས། མི་རིགས་ཀྱི་བདེ་སྡུག་མི་ཤེས། རྒྱལ་ཁབ་ཀྱི་གནས་བབས་མི་ཤེས་པ་སོགས། མི་ཤེས་པ་གང་མང་གི་འོག་ནས་ཐར་མེད་པས་སོ། གླིང་ཚའི་སྐད་ཆ་ལས་འཕྲོས་ནས་འཕྲོས་བཤད་ལྟ་བུའི་གླེང་མོལ་རེ་བྱེད་རྒྱུ་འདུག་མོད། འོན་ཀྱང་ད་ལྟ་དུས་ཚོད་དེ་ཙམ་མི་འདུག་པས་གོ་སྐབས་བྱུང་ན་རྗེས་སུ་གླེང་རྒྱུ་བྱེད། ད་དུང་ཞུ་རྒྱུར། རྩོམ་ཡིག་འདིའི་ནང་དུ་ཆེས་སྤྱིར་བཏང་གི་མིང་ཚིག་ཡོངས་གྲགས་ཅན་འགའ་ཞིག་ཀྱང་ནོར་འདུག་པས་རྗེས་སོར་གང་གཟབ་གནང་ཐུབ་པའི་རེ་བ་ཡོད། བཀའ་དྲིན་ཆེ།
ཁྱོད་ཀྱིས་ཅིག་ཅིག་མིག་མིག་ཟེར་ནས་ཁ་གཡང་སྐྱིད་པོ་རེ་བརྗོད་བཞིན་སྐྱིད་ཉལ་བྱེད་པ་ལས་མི་བུ་རང་ཉིད་ནས་མགོ་རྩོམ་ཞིག་དང་དེ་མི་ལེགས་སམ། ཐད་དུ་བཞག་ན་གླེན་པ་མཁས།།ལག་ཏུ་བཞག་ན་གཅིག་མི་ཐོན་ཟེར་བ་ཞིག་ཡོད།
ཀླུ་རྒྱལ་མིང་ཅན་གྱིས་བཤད་པ་ཐམས་ཅད་བདེན་མིན་ང་ཚོས་སྐབས་འདིར་དཔྱད་གླེང་གནང་དགོས་པའི་དུས་སྐབས་ཤིག་མིན་པར་སྙམ་ཞིང་།་་་གཙོ་བོ་རང་ངོ་རང་གིས་ཤེས་པར་བྱས་ནས་ང་ཚོས་གླིང་ཚ་མ་བུ་གསུམ་པོའི་ལས་འགུལ་གྱི་བརྒྱུད་བསྒྲགས་དང་ནུས་པ་སྲ་བརྟན་དུ་གཏོང་རྒྱུ་ནི་མིག་སྔར་ཁ་ཚ་དགོས་གཏུག་གི་དོན་ཆེན་ནང་གི་གལ་ཆེན་ཡིན་པས་ཕྱོགས་ཡོངས་ནས་རྒྱུས་ལོན་དང་ཞིབ་རྟོགས་ཁྲོད་ནས་ང་ཚོས་བདེན་དངོས་ཀྱི་ལྟ་ཚུལ་སྤྱད་དེ་ཁོང་མ་བུ་གསུམ་པོའི་ལས་འགུལ་བརྒྱུད་བསྒྲགས་ལ་བསམ་ཚུལ་འདོན་པ་དང་།་་་ལྷག་པར་ཚུལ་གསུམ་དག་པོས་བློ་བཀོད་དང་སྟོབས་ཤུགས་བསྐྲུན་ཏེ་བོད་ནང་དུ་གོམ་བགྲོད་ཅེས་པའི་ལས་འགུལ་འདི་རྒྱལ་སྤྱིའི་ཁ་ཕྱོགས་དང་མཐུན་པར་གསལ་བཤད་དང་སྐུལ་སློང་བྱས་ཏེ་བོད་མི་མི་བུ་དག་ལ་ཁ་ཕྱོགས་ཤིག་གསལ་སྟོན་དང་རྒྱུས་སྟོན་བྱེད་པར་རོགས་འདེགས་དགོས་པ་མ་ཟད་གནས་ཚུལ་བརྒྱུད་བསྒྲགས་མྱུར་ཞིང་ཁྱབ་ཆེ་བའི་རང་བཞིན་སྒོས་དོན་དངོས་དང་མཐུན་པའི་ནུས་པ་ཞིག་འཐོན་དུ་འཇུག་རྒྱུ་ནི་ཆེས་ལེགས་ཤོས་ཀྱི་ལག་ལེན་ལ་ཁེལ་བའི་དོན་དངོས་དྭངས་མ་དེ་ཡིན་པར་སྙམ།
གང་བཤད་ཀྱང་བོད་ཀྱི་འཐབ་རྩོད་འདི་ཡུན་རིང་དུ་གནས་རྒྱུ་རེད། འོན་ཀྱང་བཙན་བྱོལ་པའམ་གཞིས་ཆགས་པ་གང་རུང་ཞིག་གི་འཐབ་རྩོད་འདི་ལ་དོ་སྣང་དང་ཡིད་མ་ཆེས་པའི་རྣམ་པ་འདུག་་་ཁོང་ཚོས་བསམ་པར་བདེན་པའི་འཐབ་རྩོད་འདི་ལམ་སློང་ཡོང་མི་སྲིད་པ་ཞིག་རེད་བསམ་པའི་ཚོར་སྣང་ངང་གི་འབྱུང་གི་ཡོད་པ་འདྲ། ལས་འགུལ་གང་སྤེལ་ཡང་མཉམ་ཞུགས་མི་བྱེད་པ་ཧ་ཅང་མང་པོ་འདུག་འདིའི་གནད་དོན་གང་རེད། དངོས་གནས་ཧང་སང་བ་ཞིག་རེད་་དཔེར་ན་མར་མེ་ཁྲོམ་སྐོར་སྐབས་སུ་བོད་པ་མང་པོ་མཉམ་ཞུགས་བྱེད་ཀྱི་མེད་ཁོང་ཚོའི་མིག་གིས་མཐོང་ཡང་མ་ཤེས་ཁུལ་བྱས་ནས་འགྲོ་བ་ལས་ཁྲོམ་སྐོར་ལ་མཉམ་ཞུགས་བྱེད་རྒྱུ་ཧ་ཅང་ཁག འདི་ལྟར་རྒྱུན་དུ་བྱས་ན་བཙན་བྱོལ་ནང་གི་འཐབ་རྩོད་ཀྱི་ནུས་བ་ཉམས་འགྲོ་བ་ལས་མེད་པ་གསལ་བོ་རེད། དེའི་ཕྱིར་བོད་མི་སུ་ཡིན་རུང་དོ་སྣང་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད།
ཀླུ་རྒྱལ་དོན་གྲུབ་ཟེར་བ་འདིས་གང་ཡང་བཤད་ཐུབ་མི་འདུག
མི་མང་ལ་ཡུས་བཤད་པ་ལས་ཁྱེད་ཅག་གིས་མགོ་བཙུགས་ནས་གོམ་བགྲོད་དང་རྒྱབ་སྐྱོར་བྱ་དགོས་པ་རེད། དེ་མིན་མི་མང་གིས་ཅིག་བྱས་མ་སོང་། མུག་བྱས་མ་སོང་ཟེར་བ་ནི་མདོར་བསྡུས་ན་རང་གིས་རང་ལ་སྡུག་ཡུས་འདོན་གི་ཡོད། ད་བར་དུ་ངོ་དེབ་སོགས་ན་གླིང་ཚ་མ་བུ་གསུམ་གླེང་གིན་པའི་གནས་ཚུལ་ཁྱེད་ཀྱིས་མ་མཐོང་བའི་སྡུག་གཏམ་འདིས་རང་ཉིད་གཉིད་སད་དུ་ཆུགས།
འདི་ལ་བརྒྱ་ཆ་དགུ་ཅུ་ཐམ་པ་རྒྱབ་སྐྱོར་ཡོད། གླིང་ཚས་གླན་རྟགས་ལས་ཅི་མ་རེད།
རྒྱལ་སྤྱི་དང་རྒྱ་ནག ད་དུང་བོད་རང་གི་གནས་སྟངས་བཅས་གང་ཐད་ནས་བལྟས་ཀྱང་། གླིང་ཚ་མ་བུ་གསུམ་གྱི་ལས་འགུལ་འདི་རེས་ཞིག་མཚམས་འཇོག་དགོས། གླིང་ཚ་ཟེར་བའི་བུ་རྒོད་འདིས་ཉན་དཀའ་ཡང་། དུས་ཚོད་སྨིན་མེད་པར་དགོངས་བཞེས་ངེས་པར་གནང་དགོས། ནམ་ཞིག་ན་ཁྱེད་མ་བུ་གསུམ་གྱིས་བོད་མི་བརྒྱ་ཕྲག་མང་པོའི་སྣེ་ཁྲིད་དེ་བོད་ཕྱོགས་སུ་གོམ་བགྲོད་བྱེད་རྒྱུའི་དུས་ཤིག་ཤར་སྲིད་པ་ཡིན། དེ་དུས་ནུས་པའང་ཐོན་སྲིད། ད་ལྟའི་དུས་ན། མི་གསུམ་ཁོ་ན་འདི་ལྟར་ཕྱིན་པས་རྒྱ་ནག་སྲིན་པོའི་གཞུང་གིས་གར་ཁྲིད་རྗེས་བྲལ་ནག་མེད་སེ་གཏོང་རྒྱུ་རེད་ལ། གྲངས་འབོར་ཉུང་བའི་བོད་ལ་མཚོན་ན། བོད་ཀུན་པོར་ངར་ཤུགས་སློང་བའི་དཔའ་བོ་དཔའ་མོ་གསུམ་དུས་ཐུང་ནང་རྩ་བརླག་ཏུ་སོང་ཚེ། བློ་ཕངས་པ་ཞིག་མ་རེད་དམ།
དེས་ན་ད་ཐེངས་གཞུང་འབྲེལ་གྱིས་དང་དེ་ཡང་བཀའ་ཁྲི་མཆོག་ཞབས་དངོས་སུ་ཕེབས་ཏེ་བཤོལ་འདེབས་
འོས། གོམ་བགྲོད་པ་མ་བུ་གསུམ་ནས་ཀྱང་སླད་ཕྱིན་ལས་འགུལ་གཞི་རྒྱ་ཅན་ཞིག་ལ་དམིགས་ཏེ་དང་ལེན་ངེས་པར་བྱ་དགོས་སྙམ།