སྨན་པ་བསྟན་འཛིན་གྲགས་པ།
རང་གཞན་མི་རིགས་ཐམས་ཅད་ནད་ཡམས་འདི་ལས་མྱུར་དུ་གྲོལ་ནས་ལུས་བདེ་བག་ཕེབས་ཡོང་ཕྱིར། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་དང་། འབྲེལ་ཆགས་རྒྱལ་ཁབ་དང་། ཆེད་ལས་ཚན་རིག་པ་དང་། སྨན་པ་རྣམས་ཀྱི་ལམ་སྟོན་ཇི་ཕེབས་བརྩི་སྲུང་ཐོག །ནད་ཡམས་འདི་རྒྱུན་མ་ཆད་ཀྱི་བར་དུ་འདུ་འཛི་དང་སྤྲོ་སྐྱིད་གཏོང་བ་སོགས་སྐབས་ཤིག་རིང་སྤངས་ནས་རང་རང་སོ་སོའི་ཤག་གམ་ཁྱིམ་དུ་ལུས་བདེ་བག་ཕེབས་ངང་གནས་ནས་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་ན་འབད་ན་འདི་བདེ་ཕྱི་བདེ་ཡོང་ངེས། གལ་ཏེ་ཆམ་རིམས་དང་ཏོག་དབྱིབས་གཉན་རིམས་ཀྱི་ནད་འབྱུང་ན་ཆང་རག་དང་། ཞོ། (ཁྱད་པར་རིམས་སོ་ཅོག་ལ་ཞོ་གནོད་དེ།) འོ་རློན་ནམ་འོ་མ་མ་བསྐོལ་བ། (འོ་རློན་ལྕི་བསིལ་སྲིན་དང་བད་ཀན་སྐྱེད།) སྒ་སྨུག (སྒ་ཡིས་དྲོད་སྐྱེད་) དང་སུག་སྨེལ་(སུག་སྨེལ་མཁལ་ནད་གྲང་བ་མ་ལུས་སེལ།)སོགས་བཏབ་པའི་མངར་ཇ། མྱོས་རྫས་དང་ཐ་མ་ཁ། ཡུངས་དཀར་ནག་དང་ཏིལ་གྱི་འབྲུ་དང་སྣུམ། ཁ་ཟས་དཀར་དམར་མངར་སྐྱུར་དུག་འདྲ་སྤང་། ཞེས་ཡོད་པས་སྤང་བར་འཚལ། ནད་འདི་འབྱུང་བའི་ནད་པར་གྲང་ཤུམ་རྒྱག་པ་དང་། རུས་ཚིགས་གཟེར་བ། ཚ་བ་འཕར་བ། མགོ་
ན་བ། མིག་ན་བ། སྣ་ཆུ་དོན་པ། དང་ག་མེད་པ། དྲི་མི་ཚོར་བ། གྲེ་བ་ཚ་བ། བྲང་བསྡམ་པ། གློ་བརྒྱལ་ལངས་པ། ཕོ་བ་ན་བ། བཤལ་བ། ལུས་དུབ་པ། ལུས་ལ་ནུས་ཤུགས་མེད་པ་དང་། ནད་ཚབས་ཆེ་བར་དབུགས་འབྱིན་རྔུབ་མི་ཐུབ་པ་སོགས་དཀའ་ངལ་མང་དག་ཡོད་ཀྱང་། སྲོག་ལ་བསྡོ་བའི་ནད་དེ་བུའི་འཇིགས་པ་ལས་བསྲུང་ཕྱིར་འཕྲུལ་ཐང་ངམ། མ་ནུ་བཞི་ཐང་། ནོར་བུ་བདུན་ཐང་གསུམ་གང་རུང་དང་། རིལ་བུ་རྟ་བཟི་དམར་པོ་དང་། སྤང་རྩི་བཅུ་གཉིས། ལོ་གྱོན་རིལ་བུ་གསུམ་གང་རུང་དང་། ཉིན་ཤས་རེའི་མཚམས་སུ་རིན་ཆེན་མང་སྦྱོར་ཆེན་མོ་དང་། ལུས་ཀྱི་འདུ་བ་སྙོམས་པ་དང་ཟུངས་བརྟས་ཕྱིར་ཟླ་ཤེལ་བདུད་རྩི་མ་གཏོང་འཐུས། གཞན་ཡང་ཡི་དམ་ལྷ་ཡི་སྲུང་འཁོར་དང་། རིམས་སྲུང་རིལ་བུ་སྐེ་ལ་བཏགས་ནས་དྲི་སྣོམ་པ་དང་། ལོ་གྱོན་མའི་གཟུངས་སྔགས་བཟླ་བ། བྱམས་སྙིང་རྗེ་དང་སྟོང་ཉིད་སྒོམ་པ་སོགས་རྫས་སྔགས་ཏིང་ངེ་འཛིན་གསུམ་གྱི་ནུས་པ་གཅིག་ཏུ་འདྲིལ་ན་ཕན་ཐོགས་འབྱུང་ངེས་པ་ཡིན། ལྟོ་སྟོང་དང་སེམས་ཞུམ་པའི་དུས་སུ་ནད་ཀྱི་དྲི་དང་རླངས་པ་སོགས་ལས་སྲུང་ཕྱིར། ཁ་ཟས་འགྲངས་པ་དང་ངོམས་པར་ཟོས་ནས་སྲུང་བས་རང་གི་ལུས་དང་སེམས་ལ་དཔའ་དང་གདེངས་བསྐྱེད་པར་བྱེད་ན། ཏོག་དབྱིབས་གཉན་རིམས་ཀྱི་བར་ཆད་ལས་བཟློག་པར་འགྱུར་བ་ཨོ་རྒྱན་སྨན་གྱི་བླ་མས་ཞལ་བཞེས་ཡོད་པ་ཡིན་ནོ། བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་། ལྡི་ལིར་ཡོད་པའི་ཀན་སར་ཚོགས་པ་ལྟ་བུ་དགེ་རྩ་ཚོགས་པ་རྣམས་ཀྱིས་ཐུགས་ཞིབ་གནང་སྟེ་ཕྱག་ལེན་བསྟར་ན་ཕན་ཐོགས་འབྱུང་ངེས་པ་གདོན་མི་ཟའོ། ཕྱི་ལོ་༢༠༢༡ཟླ་༤ཚེས་༢༧ཉིན་ལྷོ་བྲག་ལྷ་ཁང་བ་སྨན་པ་བསྟན་འཛིན་གྲགས་པས་རྒྱ་གར་ནང་ནད་དེས་མི་སྲོག་མང་པོ་འཕྲོག་པ་སེམས་ཀྱིས་མ་བཟོད་པར་ཕུལ་བའོ། །སརྦ་མངྒ་ལཾ། །
ནོར་བཅོས། མགོ་བརྗོད་དུ་བར་ཚད་ཞེས་གསལ་བ་བར་ཆད་དང་། སྲོག་ལ་བསྡོ་བའི་ནད་དེ་བུའི་འཇིགས་པ་ལས་ཞེས་པ་སྲོག་ལ་བསྡོ་བའི་ནད་དེ་ལྟ་བུའི་འཇིགས་པ་ལས་ཞེས་པའོ།