འཇམ་དཔལ་ཚུལ་ཁྲིམས།
ཉེ་ཆར་༧གོང་ས་མཆོག་གིས་ཁོང་ཉིད་ཆབ་སྲིད་ཀྱི་ཐུགས་འགན་ལས་ཕྱེད་རྒན་ཡོལ་དུ་ཡོད་པ་ལས་རྒན་ཡོལ་ཆ་ཚང་ཞུ་འདོད་ཡོད་སྐོར་ཞིག་གསུང་བ་དེས་བོད་མིའི་སྤྱི་ཚོགས་ནང་ དུ་གླེང་གཞི་གསར་བ་ཞིག་བྱུང་། སྐབས་འཚོལ་བ་ཚོར་རང་རང་གི་མིང་གོང་མཐོར་འདེགས་པའི་ལག་ཆ་ཞིག་རག་པ་དང་། ཐུགས་ཁུལ་ཅན་འགའ་རེར་བཅོས་མེད་ཀྱིས་བློ་འཚབ་སོགས་བྱུང་ཡོད། འདིའི་སྐོར་ལ་བདག་གི་བསམ་ཚུལ་དེ་གསལ་ཁ་ཞིག་མ་བཏོན་ན་ཇོ་བཟང་གི་ངང་ཚུལ་དུ་འགྱུར་བས་འདི་ཆེད་དུ་གླེང་བ་ཡིན།
དགེ་དང་སྐྱོན་ཟེར་བ་ནི་དགེའི་གཞོགས་གཞན་པའི་ངོས་དེ་སྐྱོན་ཡིན་པ་དང་སྐྱོན་གྱི་གཞོགས་གཞན་པ་དེ་དགེ་ཡིན་པས་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཞེས་པ་ནི་ཐུན་མོང་འཇིག་རྟེན་པའི་སྣང་ངོར་འོང་སྟངས་མེད་པར་རིག་ལམ་གྱིས་གཞལ་ཐུབ་པ་ཞིག་རེད། གླེང་གཞི་འདི་བཤད་པར་ངོ་བོ་དང་མཇུག་འབྲས་གཉིས་ཀྱིས་དགེ་སྐྱོན་བཤིབ་སྡུར་བྱེད་པའི་སྒོ་ནས་འདིའི་གསང་དུ་ཡོད་པའི་གནད་དོན་དེ་ཀློག་པོ་དག་ལ་འབུལ་འདོད།
དང་པོ་ངོ་བོ།
ཁོང་གིས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་མི་བཞེས་པ་ལ་འགན་འཁུར་དང་ཐུགས་བསྐྱེད་ཀྱི་གཏིང་ཟབ་པའི་དགོས་པ་དང་རྒྱུ་མཚན་གཉིས་ཡོད་པར་སྣང་།
དང་པོ་ཟོལ་མེད་ཀྱི་འགན་འཁུར་། ༧ གོང་ས་མཆོག་ནི་དོན་དམ་པའི་བོད་མའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་རྩོད་མེད་ཡང་དག་པ་དེ་ཡིན་པ་མ་ཟད་བོད་མི་རིགས་ཀྱི་བསམ་བློའི་སྣེ་ཁྲིད་པའང་ཡིན། ༧ཁོང་གིས་ལན་གྲངས་དུ་མར་རྒན་ཡོལ་ལ་ཕེབས་ཀྱི་ཡིན་གསུང་བ་འདི་དོན་དམ་པའི་འགན་ཁུར་བཞེས་ནས་གསུང་བ་ཡིན། འདི་ནི་དམངས་གཙོ་སྲ་བརྟན་དང་དེ་འབྲེལ་གྱི་རྒྱལ་ཁབ་སྲ་བརྟན་འབྱུང་ཆེད་དུ་ཡིན།
དམངས་གཙོ་སྲ་བརྟན། འདིར་སྐབས་སུ་འབྲེལ་ནས་སྔོན་མའི་གཏམ་ཉོག་ཅིག་གླེང་དགོས་བྱུང་། མཁས་དབང་ཟམ་གདོང་རིན་པོ་ཆེས་སྔོན་མ་ཤིག་ལ་“གསར་འགྱུར་རྒྱུད་ལམ་འགའ་རེར་‘༧གོང་ས་མཆོག་གལ་ཆེའམ་དམངས་གཙོ་གལ་ཆེ།’ ཞེས་པའི་བསམ་ཚུལ་བསྡུས་པ་དེ་རྒྱབ་ཏུ་༧གོང་ས་མཆོག་དམངས་གཙོ་མར་གསོལ་རས་སྩོལ་མཁན་དེ་དམངས་གཙོའི་བཀག་རྡོ་ཡིན་མདོག་བསྟན་ཡོད།” ཅེས་སྤྱི་ཚོགས་ཐོག་ཧང་སང་སང་གིས་གཅིག་སྟོད་གཅིག་སྨད་ཀྱིས་དབྱེན་དཀྲུག་ལྟ་བུའི་ཁྲེལ་བཀྱོན་གནང་བྱུང་། བཀའ་མོལ་འདིའི་ཤུགས་རྐྱེན་ངན་པ་ལ་བསམ་སྐབས་དེ་དུས་བདག་གི་བློ་ལ་མི་འགྲོ་བ་ཆེན་པོ་བྱུང་ཡང་། ད་ སྐབས་རང་རེའི་སྤྱི་ཚོགས་ན་ཟམ་གདོང་རིན་པོ་ཆེ་ལ་སྐྱོན་བརྗོད་བྱེད་པ་དེ་རང་ཉིད་ཀྱི་བཟི་བརྗིད་ཅིག་ཏུ་མཐོང་ནས་གང་ཐུབ་ཀྱིས་དེ་ལ་འཇུག་མཁན་ཡོད་པ་ལྟ་ བུའི་ཚོར་སྣང་ཞིག་བྱུང་བས་ངས་བཏང་སྙོམས་སུ་བཞག་པ་ཡིན། འོན་ཀྱང་དེ་རིང་སྐབས་དང་འབྲེལ་བའི་ཆ་ནས་འཆད་དགོས་པར་གྱུར་།
གལ་སྲིད་མི་ཞིག་གིས་༧གོང་ས་མཆོག་དམངས་གཙོའི་བཀག་རྡོ་ཡིན་པར་བཤད་ན་ཡང་དེ་ནི་བརྗོད་ལུགས་ཀྱི་ཆ་ནས་ཞེ་ས་དང་གུས་ཞབས་མེད་པས་བརྗོད་པ་ཙམ་ལས་དོན་དག་གི་ཐོག་ནས་ཧ་སོང་ཆེན་པོ་གང་ཡང་མིན། དེ་ནི་༧གོང་ས་མཆོག་རང་ངོས་དམངས་གཙོ་ལ་འགོག་རྐྱེན་བྱེད་མཁན་ཞིག་ཡིན་པར་གོ་དགོས་ཀྱི་མེད་པར་རང་རེའི་བོད་མིའི་སེམས་ཁམས་ལ་བལྟོས་ཏེ་༧ཁོང་དམངས་གཙོའི་བཀག་ རྡོར་འགྱུར་ཆོག་པར་གོ་ཆོག་པ་ཡིན། ཟམ་གདོང་མཆོག་མཁས་དབང་ཞིག་ཡིན་པ་དང་ལྷག་པར་དུ་རིག་ལམ་ལྡན་པ་ཞིག་གིས་གནད་དོན་འདི་འདྲ་མ་མཁྱེན་པ་ཡེ་ནས་ཡིན་མདོག་མི་ཆེ་ཡང་ཁོང་འདི་ལྟ་བུའི་སུན་འབྱིན་ཁོ་ནར་དམིགས་པའི་གཏམ་སྨྲ་བར་ཐུགས་མཉེས་ཙམ་ཡོད་པ་ད་ལན་སླར་ཡང་ལན་གཅིག་བསྟན་སོང་།
དེ་ ཡང་དགེ་རྒན་གྱི་ལས་ཞིག་ལ་ཆ་བཞག་ན་དགེ་རྒན་གྱིས་སློབ་ཁྲིད་ཇི་ཐུབ་གང་ཐུབ་ཁོ་ན་བྱེད་པ་ནི་སློབ་ཕྲུག་གི་སློབ་སྦྱོང་འཕེལ་བའི་འགོག་རྐྱེན་དུ་བརྩི་བ་ཡིིན། རྒྱུ་མཚན་ནི་སློབ་སྦྱོང་ནི་སློབ་ཕྲུག་རང་ངོས་ནས་རིག་སྟོབས་སད་ནས་ཤེས་དགོས་པས་ཡིན། ཨ་མས་བུ་མོ་ལ་བརྩེ་བའི་དབང་གིས་ནང་ལས་གཅིག་ཀྱང་བྱེད་དུ་མ་བཅུག་ན་བུ་མོ་གནས་ལ་སླེབས་སྐབས་ནང་ལས་བྱེད་མི་ཤེས་པའི་དཀའ་ངལ་འབྱུང་། དཀའ་ངལ་དེའི་འབྱུང་རྩ་ནི་ཨ་མ་ཡིན་པར་བཤད་པ་ལ་རིག་པས་གནོད་པ་གང་ཡང་མེད། གོང་ནས་རྦ་ཆུ་ཤུགས་ཀྱིས་བབས་བས་གཤམ་དུ་དོང་ཆགས་ནས་ཆུ་འཁྱིལ་བ་ན་གཤམ་ནས་ཆུ་ཤར་གྱིས་བཞུར་མི་ཐུབ་པ་དེ་གོང་གི་ཆུ་ཤུགས་ཀྱིས་ཐུར་བཞུར་བའི་དབང་གིས་ཡིན་པར་བཤད་ན་དོན་དུ་དངོས་འགལ་ལྟར་སྣང་མོད་དེ་ལ་མི་བདེན་པ་མེད། སྔ་མོ་ཁྱིམ་བྱ་དེ་ཕོ་རྣམས་རྒྱུན་ལྡན་གྱི་བྱ་བཞིན་དགོངས་སྔོན་མཁའ་ལམ་གཅོད་ཐུབ་མཁན་གཅིག་མཚུངས་ཡིན་ན་ཡང་ད་སྐབས་མི་ལུས་གཅིག་ཙམ་ལ་ཡང་འཕུར་མི་ཐུབ་དེ་བདག་པོས་བཟོས་པའི་བྱ་ཁང་གྲུ་བཞི་དེའི་དབང་གིས་བྱུང་བ་རེད་ཅེས་གླེང་ན་དོན་གོ་ རྒྱུ་མེད་པ་གང་ཡང་མིན། འཁོར་བ་སྤང་པའི་བྱ་བ་ཡང་དག་དང་འཁོར་བ་སྐྱོང་བའི་བྱ་བ་ཡང་དག་གཉིས་འགལ་འདུ་ལྟག་སྤྲོད་ཡིན་དགོས་པའི་སྟབས་ཀྱིས་ད་སྐབས་རང་རེའི་ཆོས་ཀྱིས་སྲིད་ཉམས་སུ་བཅུག་སོང་ཟེར་བ་འདིར་མོས་མཐུན་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། དེ་ལྟར་ན་གླེང་ཕྱོགས་དེ་ཡང་ཚིག་འཁྲི་ལ་བསམ་གྱིན་མ་བསྡད་ན་འགྲིག་ཡོད་པར་འདོད་མཁན་མང་དུ་སོང་བ་རེད། ང་ ཚོ་ལ་སྦྱིན་བདག་མང་པོ་རག་པ་འདིས་གཞན་རྟེན་གྱི་བསམ་བློ་ངང་གིས་འཕེལ་ནས་བོད་ཀྱི་སྤྱི་ཚོགས་ནང་སྒྱིད་ལུག་གི་བསམ་བློ་སྤེལ་གྱི་ཡོད་པ་དང་། དེའི་དབང་གིས་རང་ཁ་རང་གསོའི་ཆེད་དུ་ལང་འདོད་ཀྱི་སེམས་ཤུགས་ཉམས་སུ་འཇུག་གི་ཡོད་པ་ཟམ་གདོང་རིན་པོ་ཆེ་རང་ཉིད་ཀྱིས་དགོངས་པ་མིན་ནམ། སུར་པན་ཁ་ཚ་སོགས་ཟས་ཚ་དྲོད་ལྡན་པ་བཟས་མང་ན་ནང་གི་གྲོད་པའི་ཚ་དྲོད་ཉམས་ཀྱི་ཡོད་པ་སྨན་པ་ཐབས་ཆག་ཅིག་གི་རྒྱུན་ཤེས་ཆུང་ཆུང་ཞིག་རེད།
གོང་ གི་དཔེ་དེ་དག་ལས་ཅི་ལྟར་བསྟན་པ་ཇི་བཞིན་༧གོང་ས་མཆོག་ཇི་སྲིད་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་དུ་ཡོད་པ་དེ་སྲིད་དུ་བོད་མི་མང་གིས་ཁོང་ལ་བློ་ལིང་གིས་ འགེལ་བའི་བསམ་བློ་ཞིག་རང་བཞིན་གྱིས་འབྱུང་བ་རེད། འདི་དབུ་སེམས་ཀྱི་རིག་པས་བརྡར་ཤ་བཅད་ནས་དཔྱད་ན་༧གོང་ས་མཆོག་དམངས་གཙོའི་བཀག་རྡོ་ལ་འགྲོ་བའི་རིག་པའི་སྒྲུབ་བྱེད་ཡང་དག་ཏུ་འགྲོ་འམ་མི་འགྲོ་ཇི་ལྟར་ན་ཡང་མ་བརྟག་མ་དཔྱད་པའི་བསམ་བློ་རང་བཞིན་པའི་ངོར་དམངས་གཙོའི་བྱ་འགུལ་ནང་དུ་འཛུལ་ ཞུགས་ཧུར་ཐག་ཅིག་བྱེད་མི་ཐུབ་པའི་རྒྱུ་མཚན་ཙམ་དུ་ངེས་པར་དུ་འཇོག་ཆོག
བར་ལམ་ནས་ང་ཚོའི་དམངས་གཙོ་འདི་ཚད་མཐོ་བོར་སླེབས་ཡོད་པའི་བཤད་སྲོལ་བྱུང་ཞིང་། ངོ་མ་དེ་ལྟར་དོན་ལ་མ་གནས་པ་ཡང་ཆེར་མེད། ང་ཚོའི་དམངས་གཙོའི་ཚད་འདི་ཙམ་ལ་སླེབས་པ་ཡང་ཁོང་གིས་བར་ལམ་ནས་ཕྱེད་རྒས་ཡོལ་དུ་བཞུགས་པའི་ཉེར་ལེན་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན། ད་ལྟ་ང་ཚོའི་དམངས་གཙོ་ཚད་མཐོན་པོར་སླེབས་ཡོད་དུ་ཆུགས་ཀྱང་རྩ་བ་བརྟན་པོར་ཡེ་ནས་ཚུགས་མེད། མ་འོངས་པར་དམངས་གཙོ་སྲ་བརྟན་ཞིག་ཡོང་བར་ཁོང་གིས་རྒན་ཡོལ་དུ་ཧྲིལ་གྱིས་མ་བཞུགས་པར་དུ་མི་འོང་བར་ཁོང་གིས་མཁྱེན་ནས་བཀའ་མོལ་འདི་དག་གསུང་བ་ཡིན། ད་བར་དུ་བྱུང་བའི་རང་རེའི་དམངས་གཙོའི་འཕེལ་རིམ་གྱི་ཀྱོག་མཚམས་གལ་ཆེན་ཡོངས་རྫོགས་༧གོང་ས་མཆོག་ཁོ་ནའི་ངོས་ནས་མར་བསྒུལ་བ་ཞིག་ལས་བོད་མི་མང་གིས་ཡར་གནོན་ཤུགས་སྤྲད་ནས་བྱུང་བ་གཅིག་ཀྱང་མེད་པ་འདི་དྲན་དགོས་ཀྱི་འདུག
བཙན་བྱོལ་སྲིད་གཞུང་སྲ་བརྟན།
འགའ་ཞིག་གིས་རང་རེའི་དམངས་གཙོའི་གཞུང་འདི་བློ་ཁ་ཡོངས་སུ་ཁེངས་བའི་ཚད་ཧ་ཅང་མཐོ་བོར་སླེབས་ཡོད་པར་དགོངས་ཀྱི་འདུག་མོད་དེ་ལ་བསམ་རྒྱུ་འདི་ཡོད་དེ། གཅིག་ནས་རང་རེའི་དམངས་གཙོ་འདི་གནས་ཚད་ཧ་ཅང་མཐོན་པོ་ཞིག་ལ་སླེབས་ཡོད་མེད་ཀྱང་བཤད་དཀའ་མོར་སྣང་ལ། ལྷག་པར་དུ་ད་དུང་རང་རེའི་དམངས་གཙོ་འདིའི་རྩ་བ་སྲ་མོ་གོར་མོ་རྡོ་ཇི་བཞིན་དུ་ གྲུབ་མེད། དམངས་གཙོའི་འཕེལ་རིམ་ནང་དུ་ཚོར་སྣང་གི་རྗེས་སུ་འགྲོ་བའི་གནས་རིམ་ཞིག་དང། དཔལ་འབྱོར་གྱི་རྗེས་སུ་འགྲོ་བའི་གནས་རིམ། རིག་དཔྱད་ཀྱི་རྗེས་སུ་འགྲོ་བའི་གནས་རིམ་བཅས་རིམ་པ་གསུམ་ཡོད། རང་རེའི་དམངས་གཙོ་ནི་ད་དུང་ཚོར་སྣང་གི་རྗེས་སུ་འགྲོ་ལྡོག་བྱེད་པའི་གནས་རིམ་ལ་ལུས་ཡོད། གལ་སྲིད་༧གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་སྐབས་སུ་གནད་དོན་འགའ་ཞིག་གསལ་བོ་བཟོ་མ་ཐུབ་ན་༧ཁོང་མ་བཞུགས་པའི་ཉིན་མོ་རང་རེའི་གཞུང་ལ་ཉེན་ཁ་ཆེན་པོ་ཡོད།
གཅིག ༧ གོང་ས་མཆོག་ཆབ་སྲིད་ཀྱི་དབུ་ཁྲིད་མི་མཛད་པའི་དོན་ནི་ད་ལྟ་རང་རེའི་རྩ་ཁྲིམས་ལ་གསལ་བའི་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་༧གོང་ས་མཆོག་ཡིན་པ་དེ་ལ་འགྱུར་བ་གཏོང་ དགོས། ༧ཁོང་ཉིད་སྐུ་མ་བཤེགས་པར་དུ་སྒུག་ནས་བསྡད་ན་དེ་གཏོང་བར་ལས་སླ་བོ་ཞིག་མེད། རྒྱུ་མཚན་ནི་ང་ཚོའི་དམངས་གཙོ་འདི་ད་དུང་ཚོར་བའི་རྗེས་འབྲང་གི་རྒྱུད་རིམ་ན་ལུས་ཡོད་པའི་དབང་གིས་ཡིན། དེ་དུས་རྒྱལ་ཁབ་ཀྱི་དབུ་ཁྲིད་དེ་སུས་བྱེད་དགོས་པའི་གནད་དོན་འདིའི་ཐད་དུ་དཀའ་རྙོག་ཧ་ཅང་ཆེན་པོ་འཕྲད་སྲིད། དེ་ཡང་ཚིག་དམར་རྗེན་དུ་འཇུས་ནཿ རྒྱལ་བ་ཀརྨ་པས་གནང་རྒྱུ་ཡིན་ནམ། ས་སྐྱ་གོང་མས་གནང་རྒྱུ་ཡིན་ནམ། ཡང་ན་དགའ་ལྡན་ཁྲི་བ་སོགས་བླ་ཆེན་གཞན་ཞིག་གིས་གནང་རྒྱུ་ཡིན་ནམ། ཡང་ན་སྲིད་འཛིན་བསྐོ་དགོས་སམ། རྒྱལ་ཚབ་བསྐོ་དགོས་སམ། དགོས་ན་ཇི་ལྟར་བསྐོ་འམ། འོས་ལྡུག་གམ། ལྡུག་ན་སུས་ཇི་ལྟར་བླུག་གམ། ད་དུང་འདི་དག་ནི་རྙོག་དྲ་ཆུང་རིགས་རེད། དེ་དུས་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་ཞབས་སྟེགས་འདིའི་དོན་དུ་ཆོས་རྒྱུད་ཁག་གི་བླ་ཆེན་རྣམས་འཚང་རྩོད་བྱུང་ན་ཅི་བྱེད། རྙོག་དྲ་འདི་རིགས་ཡོངས་རྫོགས་ཁོང་ཉིད་སྐུ་འཚོ་བཞུགས་ཀྱི་སྐབས་སུ་འབྱུང་དགོས། དེ་ནི་༧ཁོང་གིས་དང་༧ཁོང་ཁོ་ནས་ཐག་གཅོད་ཡག་པོ་ཞིག་གིས་ལམ་ལ་ཡང་དག་པར་འཇོག་ཐུབ།
གཉིས། ༧ གོང་ས་མཆོག་གིས་མུ་མཐུད་ནས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་ཁུར་ན་གོང་གི རྙོག་དྲ་དེ་དག་ཡོངས་རྫོགས་ཁ་འདན་ནས་བཞག་པ་ལས་གཙང་སེལ་བྱུང་ཞིག་ཡེ་ནས་མིན། ནམ་ཞིག་༧ཁོང་ཉིད་དགོངས་པ་གཞན་དོན་བཤེགས་རྗེས་སུ་ངོ་མ་བྱེའུ་ཕྲུག་ཐང་སྟོང་དུ་ལུས་པ་ལྟར་དུ་འགྱུར་། དེ་དུས་མདུན་ན་རྔམ་འཐུག་པའི་རྙོག་དྲ་དེ་དག་གིས་འཇིགས་ཡེར་རེར་སྒུག་ནས་ཡོད། དེ་དུས་དཀའ་རྙོག་དེ་སེལ་འདོད་ཀྱང་སེལ་ཐུབ་མཁན་གཅིག་ཀྱང་མེད།
གསུམ། གལ་ སྲིད་ཁོང་སྐུ་འཚོ་བཞུགས་ཀྱི་སྐབས་སུ་༧ཁོང་གི་རྒྱུན་འཛིན་པའི་རྩ་བ་བརྟན་པོར་བཙུགས་པ་ན་རྒྱ་ཕྱོགས་ན་རྒྱུན་དུ་བརྩིས་བཀོད་བཞིན་པའི་༧གོང་ས་མཆོག་སྐུ་ཞི་བར་བཤེགས་པར་དུས་ཚོད་མི་རིང་ཞིང་ནམ་ཞིག་བཤེགས་པ་ན་བཙན་བྱོལ་བོད་གཞུང་རྨེག་ མེད་དུ་འགྱུར་བར་བཤད་པ་ལ་བརྡ་ལན་ཚ་བོ་ཞིག་ཀྱང་སྤྲད་པ་ཡིན། སྤྱིར་ན་བརྡ་ལན་ཚ་བོ་སྤྲོད་པ་ཙམ་གལ་མི་ཆེ་ན་ཡང་གཞིས་བཞུགས་བོད་མིའི་སེམས་ཕུགས་ཇེ་དྲོ་རུ་འགྱུར་བ་གདོན་མི་ཟ། འདི་ནི་རླབས་ཆེན་གྱི་བྱ་བཞག་ཅིག་རེད།
རྒྱ་ཆེ་བའི་ཐུགས་བསྐྱེད། ༧གོང་ས་མཆོག་ནི་འཛམ་གླིང་གི་ཉི་མ་ཡིན་པས་ཁོང་གི་འོད་ཟེར་དེ་ཤར་ནུབ་ཀྱི་དབྱེ་བ་མེད་པར་ཀུན་ལ་ཁྱབ་དགོས། ༧ ཁོང་བོད་མིའི་ཆབ་སྲིད་ཀྱི་དྲ་བ་ལས་ཕྱིར་འདོན་པ་ནི་༧ཁོང་གི་རྒྱ་ཆེ་བའི་ཐུགས་བསྐྱེད་གསུམ་པོ་སྔར་ལས་ཕུན་སུམ་ཚོགས་པའི་སྒོ་ནས་དང་བར་ཆད་མེད་པའི་སྒོ་ནས་ ཕྱག་ལེན་སྟར་ཐུབ་ཆེད་དུ་ཡིན། ཕྱོགས་གཞན་ནས་བཤད་ན་རང་ཅག་གིས་ཁོང་ལ་དེ་ལྟར་གནང་མ་བཅུག་པ་ནི་རང་ཅག་གི་རང་གཅེས་འཛིན་གྱི་བྱ་བ་དང་། ཉི་ཟླའི་འོད་ཟེར་ལ་གཟའ་སྲིན་གྱིས་བར་ཆད་བྱས་པ་དང་འདྲ།
༧ཁོང་བོད་མིའི་ཆབ་སྲིད་ཀྱི་དཀྱིལ་དུ་མ་བཞུགས་པ་ལས་བོད་རིགས་དང་གཏན་དུ་གྱེས་པ་མིན། མང་པོ་ཞིག་ལ་གློ་བུར་གྱི་སེམས་འཚབ་ཡོང་བ་ལྟར་༧ཁོང་གིས་ཆབ་སྲིད་ཀྱི་ཐུགས་ཁུལ་མ་བཞེས་པ་ན་འདི་དང་འདི་འགྱུར་ཞེས་སེམས་ཁྲལ་མང་པོ་ཞིག་འདྲེན་གྱི་འདུག་མོད། དེ་དག་ཚང་མ་ཁོང་འཇིག་རྟེན་འདི་དང་གཏན་དུ་ཁ་གྱེས་པའི་སྐབས་སུ་འབྲེལ་ཆགས་པ་ཤ་སྟག་ལས་༧ཁོང་སྐུ་འཚོ་བཞུགས་ཡོད་པའི་སྐབས་འབྲེལ་བ་མེད་པ་ཤ་སྟག་རེད་འདུག ༧ཁོང་ནི་ནམ་ཡང་བོད་མིའི་སེམས་ཀྱི་སྣེ་ཁྲིད་པ་ཡིན་པ་དང་། ༧ ཁོང་ནི་ནམ་ཡང་བོད་མི་རིགས་ཀྱི་མེ་ཏོག་གང་ལ་ཕོགས་པའི་ལྷ་སྐལ་ཡིན་པས་༧ཁོང་གིས་ཇི་ལྟར་ལན་མང་གསུངས་བ་བཞིན་ཆབ་སྲིད་ཀྱི་ཐུགས་འགན་མི་བཞེས་པ་དེ་༧ཁོང་ གིས་བོད་ཀྱི་ལས་དབང་ཡལ་བར་དོར་བ་ཡེ་ནས་མིན། ནམ་དགོས་ན་༧ཁོང་དེར་བྱིན་རླབས་དང་བཀའ་སློབ་ཞུ་སར་ཡོད།
༧ཁོང་རྒན་ཡོལ་དུ་མི་ཕེབས་པའི་རེ་སྐུལ་ལན་གྲངས་དུ་མར་ཞུས་ཡོད། བོད་མི་རིགས་བརྒྱ་ཆ་དགུ་བཅུ་གོ་དགུ་དང་གྲངས་ཆུང་དགུ་དགུས་ཁ་ཞེ་གཉིས་མེད་ཀྱིས་བློ་སྙིང་བྲང་གསུམ་གཏོད་ས་༧གོ་ས་མཆོག་ཉག་ཅིག་ཡིན་པས་ཁོང་གིས་ཇི་སྲིད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་བ་དེ་སྲིད་བོད་མི་ཚོ་ལ་དེ་ལས་བློ་བདེ་བ་ཞིག་ དང་། སྐལ་བ་བཟང་བ་ཞིག་ག་ལ་ཡོད། དེའི་ཕྱིར་༧གོང་ས་མཆོག་གིས་རྒན་ཡོལ་གྱི་སྐོར་ནམ་གསུང་ལ་བོད་མི་ཚོས་མང་ཚོགས་ཀྱི་རང་བཞིན་ལྡན་པའི་ཚོགས་ཆེན་ཁག་གི་སྐབས་སུ་དེ་འདྲའི་ཟུར་ཙམ་ཡང་མི་གསུང་བའི་ སྐྱབས་འཇུག་ལན་མང་ཞུས་ཡོད། འདི་ནི་རང་གི་དབུ་ཁྲིད་ལ་བློ་སྙིང་བྲང་གསུམ་གཏོད་ཐུབ་པའི་གཡོ་བ་མེད་ཡིད་ཆས་བརྟན་པོ་ཡོད་པའི་མངོན་རྟགས་ཡིན་ལ། ཕྱོགས་གཞན་ནས་བཤད་ན་རང་གི་མདུན་ལམ་ལ་རང་གིས་འགན་མ་ཁུར་བ་ཡིན།
གཉིས་པ་མཇུག་འབྲས།
༧གོང་ས་མཆོག་རང་རེའི་ཆབ་སྲིད་ཀྱི་དབུ་ཁྲིད་དུ་མ་བཞུགས་པ་འདི་བོད་རྒྱ་ཆེའི་མི་མང་གིས་ངོ་མ་བློས་བཟོད་དཀའ་བའི་གནད་དོན་ཞིག་ཡིན། འོན་ཀྱང་སྐབས་རེ་ནད་རྔམ་ཆེན་རེ་འགོགས་ཆེད་དུ་སྨན་ཁ་མོ་རེ་ཟ་འདོད་མེད་ཀྱང་ཟ་དགོས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་རེད། ཚེ་སྲོག་སྐྱོབ་ཆེད་དུ་བཤགས་བཅོས་ཀྱང་བྱེད་དགོས་ཀྱི་ཡོད། བཙན་བྱོལ་བོད་གཞུང་གི་རྒྱལ་ཁབ་ཀྱི་དབུ་ཁྲིད་སུས་མཛད་ཀྱི་གནད་དོན་འདི་ཐག་གཅོད་པར་བཤགས་བཅོས་ཤིག་བྱ་དགོས་ན་༧ཁོང་ཉིད་སྐུ་བཞུགས་པའི་སྐབས་སུ་གནང་ཐུབ་ན་བལྟོས་འཇོག་གིས་ན་ཚ་ཉུང་ལ་དྲགས་སླ་བ་ཞིག་ངེས་པར་དུ་འབྱུང་རྒྱུ་ཡིན། དེའི་ཕྱིར་ཁོང་སྐུ་འཚོ་བཞུགས་ཀྱི་སྐབས་སུ་གནད་དོན་འདི་དག་ཐག་གཅོད་ཐུབ་ན་ཟེར་ཟུག་ཆེ་རུང་མཇུག་འབྲས་ཡག་པོ་ཞིག་འབྱུང་རྒྱུ་ཡིན་པའི་ཡིད་ཆས་གཙང་མ་འདུག
གལ་སྲིད་རང་རེས་ད་དུང་༧ཁོང་ལ་རྒན་ཡོལ་དུ་མི་ཕེབས་པའི་རེ་འབོད་སྔར་བཞིན་ཞུས་ནས་གོང་གི་གནད་དོན་དེ་དག་༧ཁོང་སྐུ་མ་བཤེགས་པར་དུ་ཕྱིར་འཐེན་གྱིས་བཞག་ན་མ་འོངས་པར་དུས་ཚོད་དེའི་སྐབས་སུ་ནད་ཚབ་ཆེ་བའི་ཁར་ཚེ་སྲོག་ཀྱང་འཕྲོག་རྒྱུ་མ་ཡིན་ པའི་ངེས་པ་ཡེ་ནས་མི་འདུག་གོ
༄།། ཟམ་གདོང་གིས་༧གོང་ས་མཆོག་གལ་ཆེའམ་དམགས་གཙོ་གལ་ཆེ་ཞེས་པ་དེ་དོན་ལ་གནས་པའི་སྐད་ཞིག་ཡིན་པར་སྣང། སྤྱིར་༧གོང་ས་མཆོག་གིས་མཛད་པ་དང་ཕྲིན་ལས་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་བདེ་སྐྱིད་བླ་ན་མེད་པའི་གཞི་མ་ཞིག་ཡིན་པ་མཐུན་གྲུབ་རེད། ཡིན་ནའང་དམངས་གཙོའི་རྒྱལ་ཁབ་མང་ཆེ་བར་རྒྱལ་ཁབ་ཀྱི་དབང་འཛིན་པ་འོས་ཤོག་གི་ལམ་ནས་འདེབས་སྒྲུག་གིས་བརྗེ་དགོས་པ་ཡིན། གལ་སྲིད་མི་གཅིག་གིས་ཚེ་གང་རྒྱལ་ཁབ་ཀྱི་དབང་འཛིན་པ་བྱས་ན་དེ་དམང་གཙོའི་ལམ་ལུགས་དང་ཡོངས་སུ་འགལ་བ་ཞིག་ཡིན་སྲིད། དེ་ལྟར་དབང་འཛིན་པ་རིམ་བཞིན་བརྗེ་ནས་འགྲོ་བ་དེ་སྤྱི་ཚོགས་ཕན་པ་ཡོད་མེད་དང་སྤྱི་ཚོགས་ཀྱི་འདོད་མོས་ཡོད་མེད་གཅིག་པུར་རགས་ལས་པ་ཞིག་མ་རེད། རྩ་བ་གཙང་གཙོའི་འ་རྩ་ཁྲིམས་ལའང་ལྟོས་དགོས་པ་རེད། དེ་ལྟར་མ་བྱས་པར་མི་དམངས་གང་ལ་འདོད་མོས་ཡོད་པའི་དབང་འཛིན་པ་དེ། དུས་ངེས་མེད་དུ་དབང་འཛིན་པར་སྡོད་པའི་གོ་སྐབས་བྱུང་ན་དེ་ནི་ཁྲིམས་ཀྱིས་གང་ཟག་དབང་མ་བསྒྱུར་པར་གང་ཟག་གི་ཁྲིམས་ལ་དབང་བསྒྱུར་པ་ཞིག་ཡིན། ཡང་ན་རྒྱལ་ཁབ་དེའི་དམངས་གཙོའི་རྩ་ཁྲིམས་ནང་དུ་མི་མང་གི་འདོད་མོས་ཡོད་ཚེ་མི་གཅིག་གིས་ཚེ་གང་དབང་འཛིན་པ་བྱེད་ཐུབ་རྒྱུ་དེ་འཁོད་དགོས་རེད། དེ་ལྟར་བཀོད་ན་མི་དམངས་ཀྱིས་འདོད་མོས་ཡོད་ཚེ་མི་དེའི་རྒྱུད་པ་ཕྱི་མའམ། ཡང་ན་སྐྱེ་བ་ཕྱི་མ་རྣམས་ཀྱང་རྒྱལ་ཁབ་དེའི་དབང་འཛིན་པར་བསྐོ་དགོས་རྒྱུའི་རྩ་ཁྲིམ་ཡང་འབྱུང་སྲིད། དེ་ལྟར་བྱུང་ན་དམངས་གཙོ་ཞེས་བཤད་ཀྱང་ཕྱི་ནང་མི་མཐུན་པའི་སྐད་ཆ་ཞིག་ཏུ་འགྱུར་ཟིན་པ་རེད། མདོར་དམངས་གཙོའི་ལམ་དུ་སྐྱོད་པར་འདོད་ན་མིག་རྒྱང་རིང་པོའི་བསམ་ཚུལ་ལ་བརྟེན་དགོས་པ་ལས། ད་ལྟའི་དུས་སུ་ཕན་པ་སུ་ཆེ་ཙམ་ལ་བརྟགས་ནས་ཐག་གཅོད་བྱས་ན་དཀའ་ངལ་རིམ་བཞིན་འཕྲད་ངེས་རེད། ༧གོང་ས་མཆོག་གིས་དབང་ཆ་ཡོངས་རྫོགས་གཞུང་ལ་ཕུལ་ཏེ་རྒན་ཡོལ་ལྟ་བུར་ཕེབས་རྒྱུ་ཡིན་གསུངས་པ་དེ་དངོས་གནས་རིན་ཐང་གཞལ་དུ་མེད་པའི་དམང་གཙོའི་འདུན་ལམ་ཞིག་བསྟན་པ་རེད། འོན་ཀྱང་ལམ་ཁ་དེ་བོད་མི་རིགས་ལ་ཆེ་དྲགས་པའི་ལམ་ཁ་ཞིག་ཡིན་སྲིད། བོད་མི་གཞོན་སྐྱེས་མང་པོ་ཞིག་གིས་བླ་མ་གྲྭ་པས་སྲིད་ཀྱི་དབང་འཛིན་པ་བྱེད་རྒྱུ་དེར་དགག་པ་མཐའ་གཅིག་ཏུ་རྒྱབ་བཞིན་ཡོད། འོན་ཀྱང་༧གོས་ས་མཆོག་ལ་དགག་པ་ཞུ་མ་ཐུབ་པ་རེད། སྤྱིར་བླ་དཔོན་ལ་ཡིད་ཆེས་བྱེད་ཅིང་བླ་སྤྲུལ་གྱི་མཚན་ཡོད་ན་བྱིས་པ་གཅིན་སྐྱག་འགོག་མི་ཤེས་པ་ལའང་སྐྱབས་སུ་འགྲོ་བ་དེར་སྲིད་ཕྱོགས་ནས་བསམ་ན་ནོར་འཁྲུལ་གྱི་རྩ་བ་ཟུགས་ཡོད། དེས་ན་དབང་འཛིན་པ་ཕྱི་མ་དེ་ངེས་པར་དུ་ཆོས་རྒྱུད་ཁག་གི་བླ་མར་ཕུལ་དགོས་དོན་མེད། འོན་ཀྱང་བོད་མི་དམངས་གི་སེམས་ལ་འཆར་རྒྱུ་དེ་ལས་གཞན་མེད་ན་དེ་ལྟར་ལོས་བྱེད། རང་གི་སེམས་ལ་གང་འཆར་བ་དེ་ལས་ཐབས་གཞན་ལ་འཇུག་མི་ནུས་པ་དེ་འཁྲུལ་སྣང་དང་འཁོར་བའི་རྩ་ཁྲིམས་རེད།
འཇམ་དཔལ་ཚུལ་ཁྲིམས་ལགས། ཉིད་ནས་ཚིག་དོན་རླིངས་པའི་རྩོམ་ཡིག་སྤེལ་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ།། ནོར་འཁྲུལ་ལ་དགོངས་སེལ་ཡོད་པར་མཁྱེན།།
འཇམ་བྷེ་ཁྱེད་ཕེབས་པ་བཟང་། གོང་གི་བསམ་ཚུལ་ལྗིད་ཏིག་གེ་བ་ཁ་སྔོན་ནས་བཀླགས་ཚར་ཡོད། བཀའ་དྲིན་ཆེ།
སྔོན་དུས་སྐྱ་ཆད་སྔོ་སྡུག་གི་འཚོ་བ་དེ་དྲན་གྱིན་འདུག་གམ། དེ་ཚེ་ནས་ཁྱེད་རང་བསམ་བློ་བ་ཞིག་ཡིན་པ་ངས་ཤེས་ཡོད། ཁང་དཀར་ཚུལ་ཁྲིམས་ཚང་གི་དེབ་རྒན་ཆེཔ་པོ་དེ་རྣམས་ད་དུང་ཉར་ཡོད་དམ། འུ་ཚོའི་དམག་སྒར་གྱི་་ལྷ་མིང་ཅན་གཉིས་དང་ལྕགས་མིང་ཁ་བདེ་སོགས་དྲན་པ་སོས་ཀྱིན་འདུག་གམ། འཕན་པོ་པ་ལབ་སྐྱ་ ཁ་ཙོ་ཙོ་བགྱིད་མཁན་དེའང་་དྲན་ཡིད་ན་འདུག་གམ།
ཁ་བརྡ་ཚང་ལ་ཡང་ཡང་ཕེབས་རོགས་གནང་། ཨོ་ད་དུང་། དཔའ་མིང་སྙིང་ལ་རུས་པ་ཅན། བུ་མོ་མཛེས་མ་མཐོང་ན་གཞུག་གོར་སྟག་མཆོངས་གཟིག་མཆོངས་བྱེད་མཁན་ཞིག་ཡོད་པ་ཁོང་ཡང་ཨེ་དྲན་ཀི།
་་་་་་་་། ༧ཁོང་བོད་མིའི་ཆབ་སྲིད་ཀྱི་དྲ་བ་ལས་ཕྱིར་འདོན་པ་ནི་༧ཁོང་གི་རྒྱ་ཆེ་བའི་ཐུགས་བསྐྱེད་གསུམ་པོ་སྔར་ལས་ཕུན་སུམ་ཚོགས་པའི་སྒོ་ནས་དང་བར་ཆད་མེད་པའི་སྒོ་ནས་ཕྱག་ལེན་སྟར་ཐུབ་ཆེད་དུ་ཡིན། ་་་་གསུངས་པ་ལྟར། འདི་ངའི་བློ་ལ་ཡང་འདི་ལྟ་བུ་ཞིག་འཆར་བཞིན་འདུག་ཀྱང་། དངོས་པོའི་གནས་ཚོད་དེ་གང་ཡིན་ནམ། ད་དུང་གསུང་རོགས་གནོངས་དང་།
༧གོང་ས་མཆོག་བོད་མའི་ཆ་སྲིད་ཀྱི་དྲྭ་བ་ལས་ཕྱིར་འདོན་བྱས་ན་ཁོང་གི་བརླབས་ཆེན་གྱི་མཛད་པར་ཕན་ཐོགས་ཡོད་ཅེས་བརྗོད་མི་ཐུབ། དེ་སྔོན་ཡན་ཆད་༧སྐྱབས་མགོན་མཆོག་གིས་བོད་མི་རིགས་ཀྱི་ཆབ་སྲིད་དང་འབྲེལ་བའི་ཕྱག་ལས་རླབས་ཆེན་གནང་བ་ལས་མཚན་སྙན་འཛམ་གླིང་ལ་ཡོངས་སུ་གྲགས་པ་ཞིག་ཡིན།
འབུམ་དྲུག་ཚེ་རིང་ལགས། ཁྱེད་ཀྱིས་གསུང་པ་དེ་ཚོ་མང་ཆེ་བ་དྲན་གྱི་འདུག་མོད་ཁྱེད་མ་དྲན་པ་ངས་གནོངས་འགྱོད་དུ་གྱུར། ཁྱེད་ཡང་རྙིང་སུ་ཡིན་ནམ། ངའི་སྐྱ་ཆད་སྔོ་རྡུག་གི་སྐབས་ཀྱི་གྲོགས་པོ་ཞིག་པ་ལ་ཐེ་ཚོམ་མི་འདུག ད་སྐབས་གང་བྱེད་བཞིན་ཡོད། ང་ཚོའི་ས་གནས་ན་༧གོང་ས་མཆོག་ལ་སྐྱར་དུ་དེ་འདྲ་གསུངས་མི་ཆོག་པའི་སྐུལ་མ་གཏོང་བའི་སྙན་ཞུ་སྐྱ་སེར་མང་ཚོགས་སྤྱི་ཐོག་ནས་འབུལ་བཞིན་བློར་མ་འཐད་ནས་རྩོམ་ཉོག་དེ་འབྲི་དགོས་བྱུང་བ་ཡིན།
འབུམ་དྲུག་ལགས། ཁྱེད་དཔའ་མིང་ཅན་དེ་ཡིན་ཨེ་སྲིད།
བོད་མིའི་ཆབ་སྲིད་ཀྱི་དྲ་བ་ལས་ཕྱིར་བཏོན་ན་༧ཁོང་གི་མཛད་འཕྲིན་ལ་ཕན་ཐོགས་ཡོད་པར་སྙམ། སྤྱིར་ན་༧ཁོང་གི་མཛད་པ་ལ་ང་ལྟ་བུས་ཚད་འཛིན་པ་སངས་རྒྱས་ཀྱི་སྐུ་ལ་མཐོ་ཚད་འཇལ་བ་ཡིན་པས་རུང་བ་མི་འདུག་ན་ཡང་། དྲི་བ་དང་འབྲེལ་བས་གཅིག་སྙད་ནཿ གཅིག་ནས་དུས་ཚོད་རེད། གཉིས་ནས་༧ཁོང་དོན་དངོས་ཀྱི་འཛམ་གླིང་གི་ཉི་མར་གྱུར་བ་རེད། གསུམ་ནས་རྒྱ་ནག་ལ་ཞེད་ནས་༧ཁོང་ལ་མཇལ་འཕྲད་སོགས་ལ་གཡོལ་མཁན་གྱི་རྒྱལ་ཁབ་དག་ལ་ཡང་བརྡ་ལན་ཞིག་སྤྲད་ཡོད་པ་སྟེ། ད་ནི་ཁོང་རྒྱ་ནག་གི་སྲིད་གཞུང་ལ་གྱེན་ལོག་བྱས་ནས་བཙན་བྱོལ་དུ་ཆགས་པའི་བོད་སྲིད་གཞུང་བྱེ་བྲག་པ་དེ་དང་འབྲེལ་བ་མེད་པར་གྱུར་བས་འཛམ་གླིང་སྤྱིའི་སྐྱེས་བུ་ཞིག་ཏུ་གྱུར་བ་ཡིན། བཞི་ནས་བོད་བཙན་བྱོལ་གཞུང་གི་དབུ་ཁྲིད་ཡིན་པའི་ཆ་ནས་གནང་མ་བདེ་བ་དེ་འདྲ་ཡོད་སྲིད་པ་དག་ཀྱང་མེད་པར་འགྱུར་། དཔེར་ན་རྒྱ་ནག་གི་ལམ་ཡིག་གི་ཐོག་ནས་རྒྱ་ནག་ལ་ཕེབས་པ་སོགས་ཡིན། ལྔ་ནས་་་འོ་ད་རྫོགས་སོང་།
༧གོང་ས་མཆོག་ང་ཚོའི་གཞུང་གི་དབང་ཆའི་ཁྱབ་ཁོངས་ནས་ཕྱི་རོལ་ཏུ་ཕེབས་ཀྱང་། རྒྱ་ནག་གཞུང་ལ་འཇིེགས་པ་སྐྱེ་བའི་དོགས་གནས་དེ་མ་མཐུད་ནས་སྡོད་རྒྱུ་ཉག་གཅིག་རེད། དེ་ནི་༧གོང་ས་མཆོག་གི་སྐུ་ཡོན་དང་བོད་མིའི་ཐུན་མིན་གྱི་རིག་གཞུང་གཉིས་པོ་མེ་དང་ཚ་བ་བཞིན་འབྲལ་མེད་དུ་གནས་པས་རེད།
ཚེ་སྲོག་གི་གཤག་བཅོས་ཞེས་པའི་དཔྱད་རྩོམ་དེ་བློ་རྩེ་རྣོན་པའི་རིགས་ལམ་དང་འབྲེལ་འདུག།
ད་དུང་གསུང་། རྒྱུན་དུ་གསུང་། བོད་མི་རྣམས་རྨོངས་གཉིད་ལས་མ་སད་བར་དུ་གསུང་།
ཁྱོད་ལ་རྒྱབ་སྐྱོར་ཡོད། ཁྱོད་ལ་འགྲོ་དོན་ཡོད།
དེ་རིང་འདིར་སྔོན་སྦིར་སློབ་གྲྭའི་སློབ་མ་རྣམ་དཔྱོད་ཅན་ཁ་ཤས་སླེབས་ཡོད་ས་རེད། ཚང་མར་བཀྲ་ཤིས་བདེ་ལེགས་ཡོད།
ཁྱེད་ཚོས་སྔོན་མ་ནང་བཞིན། དྲ་ཁང་འདིར་ནང་ཚགས་ལ་བརྒྱབ་འདྲེ་རྒྱབ་ན། ངས་སྒྲིག་སྡོམ་ལྷན་ཚོགས་བསྡུས་ནས་མི་རེར་ས་དོང་བཅུ་བཅུ་བརྐོ་འཇུག་གི་ཡིན་ད། ཕ་ཡུལ་གཅིག་པ་ཡིན་ཟེར་ནས་ངོ་བལྟ་ས་མེད། གོ་སོང་ང་།
རྒན་མགོན་པོ་ལགས་ཕེབས་པ་བཀྲིས་བདེ་ལེགས་ཞུ། ཨཅརྱ་ལགས་མེད་སྟབས་སུ་ལ་ཡང་ཞེད་ཀྱི་མི་འདུག་ཡ།
རྒན་ལགས་སྐུ་གཟུགས་བདེ་པོ? ང་དྲ་ཐོག་ལ་སླེབས་ནས་ཟླ་བ་འགའ་ཤས་ཕྱིན་སོང་།
ཨ་རོགས། ཨ་ཀ་འཇམ་བྷེ། ང་སུ་ཡིན་བཤད་ནི་མ་རེད། ང་སུ་ཡིན་ཤེས་སོང་ན། བརྒྱབ་འདྲེ་རྒྱག་ཡའི་རང་དབང་ཡོད་ནི་མ་རེད། གལ་སྲིད་བརྒྱབ་འདྲེ་འདྲ་ཤོར་སོང་ན། མདའ་དཔོན་མགོན་པོ་ཚེ་རིང་གིས་སུམ་རྟགས་རྩ་བ་སྐྱོར་གི་འཇུག་གི་རེད། རྒན་ཝ་ར་ན་སི་ཡིས་རྐུབ་ལ་རྒྱུག་རྡུང་གཞུས་ཀི་རེད། སློབ་སྤྱི་ཐུབ་བསྟན་ལུང་རིགས་ཀྱི་༼ སྤུ་མེད་པ་ཕག་པ་བཞིན༽་ཞེས་ས་སྐྱ་ལེགས་བཤད་སྐྱོར་གི་རེད། ཨ་ལ་རྩེད་མོ་ཡིན་ད།
དྲྭ་ཁང་འདི་ན། གདན་སའི་དམར་དམག་མང་ནི་མ་གཏོགས། ང་ཚོ་དམག་སྒར་གྱི་སྐྱ་དམག་ད་ཞི་དྲ་མང་པོ་ཡོད་ཚོད་མི་གདའ།
འབུམ་དྲུག་ལགས། ཡ་ཡ་ དེས་ན་ང་ལ་ཁེ་བཟང་རག་པ་འདྲ། ཁྱོས་ང་ཤེས་སྟབས་ཚིག་རྣོན་པོ་ཞིག་ཀྱང་མི་ཕོགས། ངས་ཁྱོད་མ་ཤེས་པས་གྲི་མདུང་གང་ཐེབས་ཞུ་ངེས་ཡིན་ད། གཟབ་གཟབ་བྱོས།
གཙོ་བོ་སྐྱ་དམག་མང་དགོས་ཀྱང་དེ་མ་བྱུང་ན་དམར་དམག་འདི་ཚོས་དམག་འཐབ་འདྲ་བྱས་རུང་ཕམ་སོང་ན་རི་ཁྲོད་ལ་འགྲོ་ཆོག་ཆོག་རེད། འཁོན་གྱི་གཞི་མ་བསླངས་ནས་བུད་སོང་ན་གྱོང་ང་ཚོས་རག་རྒྱུ་རེད་ཡ།
ཨ་རོགས།
ངས་ད། འུ་ཚང་གི་དམར་དམག་འདི་ཚོ་བོད་གངས་ཅན་གྱི་བསྟན་སྲིད་གཉིས་ཀྱི་སྲོག་ཤིང་དང་སྲུང་དམག་འདྲ་ཞིག་ལ་མཐོང་གི་ཡོད།
བོད་ལ་རང་དབང་ཞིག་མ་ཐོབ་བར། འུ་ཚང་གི་དམར་དམག་ཚོའི་ཁ་ལས་རླུང་རྟ་ཉམས་མི་ཉན་གི་འདོད་ཀི།
འབུམ་ཁོ། འུ་ཚང་གི་དམར་དམག་འདི་ཚོ་བོད་གངས་ཅན་གྱི་བསྟན་པའི་སྲོག་ཤིང་དང་སྲུང་དམག་ཡིན་པར་ཐེ་ཚོམ་ཅི་ཡོད་མོད། སྲིད་ཀྱི་སྲུང་དམག་དུ་ཡེ་ནས་མི་མཐོང་།
བོད་ཀྱི་གོ་མཚོ་ལྐོག་གྱུར་མ་དེའི་བདག་པོ་དང་། གོ་མཚོན་ལྐོག་གྱུར་མ་དེ་བོད་སྤྱོད་བྱེད་མཁན་དམར་དམག་དེ་ཚོ་མིན་ནམ། ཅི་ཕྱིར་སྲིད་ཀྱི་སྲུང་དམག་ཏུ་མི་འདོད། ཆོས་སྲིད་ཟུང་འབྲེལ་མིན་ནམ། ཁོང་རྣམས་ཅི་ཕྱིར་སྲིད་ཀྱི་སྲུང་དམག་ཏུ་མི་འདོད་པ་ཡིན།