བོན་རྒྱ་བསྟན་འཛིན་རབ་རྒྱས།
༡ བར་ཐག་དེའང་སེམས་པ་སྐྱོ་བའི་སྣོན་མ་ཞིག་རེད།
ཁ་སང་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་དང་བློ་བཟང་དཀོན་མཆོག་གཉིས་ཀྱིས་ཚེ་སྲོག་མཆོད་མེར་སྒྲོན་པའི་གནས་ཚུལ་དེ་ཐོན་རྗེས་སེམས་ལ་རང་བཞིན་གྱིས་བྲེལ་ཤ་ལངས་ཤིང་བཀྲ་བྷེ་དང་། བློ་བཟང་ཕུན་ཚོགས། ཚེ་དབང་ནོར་བུ་བཅས་པ་དུས་གཅིག་ཏུ་མིག་མདུན་ལ་བཅར་ཡོང་བའི་སྣང་བ་ཞིག་ཤར་ཞིང་། གནས་གཅིག་ཏུའང་སྡོད་མི་ཚུགས་པར་ལས་ཁུངས་ནང་ནས་ཡར་འགྲོ་མར་འགྲོ་བྱེད་དགོས་པའི་ཚོད་ལ་གྱུར། དགོང་མོར་མེག་ལོར་ན་མར་མེ་ཁྲོམ་སྐོར་བྱེད་ཀྱིན་ཡོད་པ་གོ་བས་དེ་ལ་ཆེད་སྐྱོད་བྱས། སྐབས་དེར་གསར་འགོད་པ་ཞིག་གིས་བདག་ལ་དེའི་ཐད་བཅར་འདྲི་བྱས་ཤིང་། གནས་ཚུལ་དང་གནས་ལུགས་ལ་བསམ་ཞིང་བསམ་ཞིང་སྐད་ཆ་བཤད་དུས་གློ་སྙིང་མཆིན་གསུམ་དུས་གཅིག་ཏུ་ཡར་ལངས་ཏེ་ངག་གིས་ཀྱང་ཇི་བཞིན་མི་འཁྲོལ་བའི་གནས་སུ་གྱུར། དེ་ནི་གཞན་ཅི་ཡང་མིན་པར། རྒྱ་ནག་ལ་གློ་མེད་ཅིང་རྒྱལ་སྤྱི་ལ་མིག་མེད་ནའང་། བོད་པ་ལ་བར་ཐག་མེད་ན་འོས་པ་ལ་བསམས་པ་དེ་རེད། ངའི་བརྩེ་སེམས་ཀྱི་བསིལ་ཆབ་འཐོར་བའི་གྲྭ་ཕྲུག་ཚོས་ཚེ་སྲོག་མར་མེར་སྒྲོན་ནས་ཁྲོམ་སྐོར་བྱེད་དུས། ངས་ཞག་སྒྲོན་རྐང་གཅིག་གི་མར་མེ་སྒྲོན་ནས་ཁྲོམ་སྐོར་བྱེད་པར་ང་ཡ་ང་ཞིང་ངོ་ཚ་བ་དེའང་རེད། ཡིན་ནའང་། ངས་ད་གཟོད་བར་ཐག་དང་ཧེ་བག དོན་རྣམ་དང་འདྲ་རྣམ། དོན་དངོས་དང་ལད་ཟློས་སོགས་ཀྱི་དབྱེ་ཁྱད་གསལ་བོར་ཤེས་སོང་། གོ་རྟོགས་དེའི་རྐྱེན་གྱིས་ངའི་གློ་སྙིང་མཆིན་གསུམ་གྱིས་དུས་གཅིག་ལ་ཆ་ལངས་བརྡབས་ཤིང་ངས་ངག་གིས་ཀྱང་མ་འཁྲོལ་བ་རེད། ངའི་གྲྭ་ཕྲུག་ཚོས་སྲིན་པོའི་མཆེ་བར་ནས་མར་མེ་ཁྲོམ་སྐོར་གནང་བ་རེད། ངས་མེག་ལོར་ཁྲོམ་ལམ་ནས་མར་མེ་ཁྲོམ་སྐོར་བྱས་པ་ཡིན་འདི་ནི་གནས་ཀྱི་ཁྱད་པར་རེད། ངའི་གྲྭ་ཕྲུག་ཚོས་བྱང་ཆུབ་སེམས་ཀྱི་གདགས་གཞི་བདག་གཞན་མཉམ་བརྗེས་དངོས་སུ་བྱས་ནས་ཁྲོམ་སྐོར་གནང་བ་རེད། ངས་བྱང་ཆུབ་སེམས་མཆོག་མ་ཁ་ནས་དབྱངས་ལ་གྱེར་ནས་ཁྲོམ་སྐོར་བྱས་པ་ཡིན་འདི་དོན་དངོས་ཀྱི་བར་ཁྱད་རེད། ངའི་གྲྭ་ཕྲུག་ཚོས་སྐྱེ་འགྲོ་ཀུན་གྱི་བདེ་སྐྱིད་ཀྱི་གཞི་རྩ་སངས་རྒྱས་ཀྱི་བསྟན་པ་དང་བོད་ ཁ་བ་ཅན་གྱི་ཆེད་དུ་ཁྲོམ་སྐོར་གནང་བ་རེད། ངའི་ཁོང་གཉིས་ཀྱི་སྐུ་སྲོག་ཤོར་མེད་ན་རྒྱལ་སྤྱིའི་གནོད་ཤུགས་ཀྱི་འོག་ནས་ཕྱི་རྒྱལ་ལ་སྨན་བཅོས་བྱེད་པར་ལེན་ཨེ་ཐུབ་བམ་དང་། མེ་སྐྱོན་ཚབས་ཆེ་ཞིང་གསོན་པར་རེ་བ་མེད་ན་མྱུར་ཏུ་གྲོངས་པར་ཤོག་ཅེས་པ་ཙམ་ཡིན། འདི་ནི་དམིགས་ཡུལ་གྱི་ཁྱད་པར་རེད། ངའི་གྲྭ་ཕྲུག་ཚོས་རིན་ཐང་གཞལ་དུ་མེད་ཅིང་སུས་ཀྱང་ཁབ་གཙག་རེའང་བྱེད་མི་ནུས་པའི་རིན་ཆེན་གསེར་གྱི་སྐུ་ལུས་མེར་སྒྲོན་ནས་ཁྲོམ་སྐོར་གནང་བ་རེད། ངས་ཚོར་བས་མ་ཟིན་ཞིང་རིན་པའང་མི་དགོས་པའི་ཞག་སྒྲོན་རྐང་ཐུར་གཅིག་མེར་སྒྲོན་ནས་ཁྲོམ་སྐོར་བྱས་པ་ཡིན་འདི་ནི་བློས་གཏོང་གི་ཁྱད་པར་རེད། ཡང་ན་བར་ཐག་རེད། བར་ཐག་འདིར་བསམ་ཞིང་བསམ་ཞིང་ང་ལ་དངོས་གནས་སེམས་གཟེར་རྒྱག་གི་འདུག ནམ་ཞིག་ང་ཚོ་གཞིས་བྱེས་གཉིས་ཀྱིས། ང་ཚོ་ས་ཡ་དྲུག་གིས། ང་ཚོ་སྐྱ་སེར་གཉིས་ཀྱིས་བར་ཐག་མེད་པའི་ལས་འགུལ་ཞིག་སྤེལ་ཐུབ། དེ་དུས་རྒྱལ་སྤྱིས་ཀྱང་མ་རིག་ཟེར་ས་ཨེ་ཡོད། དེ་དུས་འཛམ་གླིང་གིས་ཀྱང་མ་མཐོང་ཟེར་ས་ཨེ་ཡོད། དེ་དུས་རྒྱ་ནག་གིས་ཀྱང་མ་ཤེས་ཟེར་ས་ཨེ་ཡོད། དེ་དུས་ད་གཟོད་ང་ཚོས་ལས་འགུལ་སྤེལ་བ་རེད་ལ། དེ་དུས་ད་གཟོད་ང་ཚོས་འཐབ་རྩོད་བྱས་པ་རེད་ལ། ང་ཚོའི་སྐྱེ་བ་ལ་གོ་རིམ་ཡོད་ཅིང་ང་ཚོའི་འཆི་བ་ལ་གོ་རིམ་མེད་ན་འོས་པ་ལ། དཀོན་མཆོག་གིས་ནམ་ཞིག་ལ་ང་ཚོ་མཉམ་དུ་འཆི་བའི་གོ་སྐབས་སྩོལ་རྒྱུ་ཡིན། དེ་ནི་བདག་གིས་དཀོན་མཆོག་ལ་ཞུ་འདོད་པའི་གཉོམ་དུང་དུང་གི་འབོད་པ་ཡིན།
༢ མུན་པའི་ངོ་གདོང་ནས་འབར་བའི་ངའི་གྲྭ་ཕྲུག་ཚོ།
ངའི་གྲྭ་ཕྲུག་ཚོ། ངའི་སྙིང་གི་ཚིལ་ལི་དང་སེམས་ཀྱི་བླ་རུས་ལྟ་བུའི་གྲྭ་ཕྲུག་ཚོ། ལོ་རྒན་ལྔ་བཅུར་ཁ་ནང་མིག་ནང་ལ་འཁྱུག་པའི་མུན་པ་ནག་པོ་དེའི་ཁ་གཏད་དུ་འབར་སོང་། མི་དང་མི་མིན་དུང་ཕྱུར་བཅུ་གསུམ་གྱི་སེམས་རྒྱུད་ནས་ཤ་རུས་ལ་འཐིབས་པའི་མུན་པ་དེའི་ངོ་གདོང་ནས་འབར་སོང་། ངའི་བརྩེ་བའི་གྲྭ་ཕྲུག་ཚོས། གཏིང་མཐུག་ཅིང་གྲིབ་གནག་པའི་མུན་པ་དེ་བསལ་ཆེད་རང་གི་ཆེས་གཞལ་མཐའ་མེད་པའི་ཚེ་སྲོག་ལ་མེ་བགོས་སོང་། ངའི་བརྩེ་བའི་གྲྭ་ཕྲུག་ཚོ། ཁྱེད་ཅག་པང་བསྒྲིགས་ནས་ཚེ་སྲོག་མཆོད་མེར་སྒྲོན་སྟངས་འདི་ནི། འཛམ་གླིང་ལོ་རྒྱུས་སྟེང་གི་ཤོག་ལྷེ་གསར་བ་ཞིག་རེད། ། རྒྱ་ནག་གི་རྔམ་མཐུག་པོའི་མུན་པ་དེ་དང་། ཕྱི་ཤུན་ནང་ཤུན་དགུ་བརྩེགས་ཅན་གྱི་རྒྱལ་སྤྱིའི་མིག་ཤེལ་དེ་གསལ་ཐབས་སུ། སྟོབས་ཀྱིས་སྦར་ཞིང་འབར་བའི་སྒྲོན་མེ་ཁྱེད་ཅག་ནི། མུན་པ་མཐའ་དག་གི་ཁ་གཏད་དུ་སྦར་ཞིང་འབར་བའི་སྒྲོན་མེ་སྲིད་ན་དཀོན་པ་དེ་རེད ཁྱེད་ཅག་གིས་”ཞི་བདེ་ཞི་བདེ་”ཞེས་འབོད་ཅིང་”འཚེ་མེད་འཚེ་མེད་”ཅེས་སྨྲ་མཁན་ཚོར་ཞི་བདེ་དང་འཚེ་མེད། དྲང་བདེན་དང་གཞན་ཕན་ཞེས་པ་དམར་རྗེན་རུས་རྗེན་ལ་ར་སྤྲོད་བྱས་ཡོད། འདི་ནི་ཆོས་ལུགས་ཕལ་ཆེར་གྱིས་བཤད་ཀྱིན་པའི་བཟོད་པ་དང་སྙིང་རྗེ་སོགས་ཀྱིས་དྲངས་པའི་སེམས་བསྐྱེད་ཚད་མཐོ་ཤོས་དེ་རེད། འདི་ནི་རྩོམ་པ་པོ་ཕལ་ཆེར་གྱིས་སྨོན་པའི་སྙིང་སྟོབས་ཞེས་པ་དེ་རེད། འདི་དག་གིས་འཛམ་གླིང་སྟེང་གི་གཟིམ་མེད་ཀྱི་མར་མེ་ཚེ་འབར་ལྟ་བུའི་འཚེ་མེད་ཞི་བདེ་པ་དང་དྲང་བདེན་པ་གན་དྷི་དང་མར་ཏིན་ལི་ཁིན་སོགས་ཀྱིས་བརྒྱུད་མྱོང་བའི་འཚེ་མེད་ཞི་བའི་ལུགས་སྲོལ་ལས་ཀྱང་ཐོད་བརྒལ་གྱི་ལམ་ལུགས་ཤིག་གསར་གཏོད་བྱས་ཡོད། འདི་དག་གི་རླབས་ཆེ་བའི་མཛད་སྤྱོད་འདི་རྒྱལ་སྲས་བྱང་ཆུབ་ཀྱི་སྤྱོད་པར་གོ་བློ་ཐོས་བློ་ཙམ་གྱི་སྐལ་བའང་ཆད་པ་དག་གིས་གླེན་རྟགས་སུའང་འདོད་སྲིད་པ་མ་ཟད་ཧམ་བཤད་ཀྱིས་ནང་བའི་དགེ་འདུན་པ་ཞིག་གིས་མི་རུང་བར་ཡང་སྨྲ་སྲིད། ཡིན་ནའང་། འདི་ན་བཟོད་པའི་ཕར་ཕྱིན་ཞེས་པ་དེའི་ཉམས་ལེན་ཡོད་ཅིང་། འདི་ན་སྟོབས་ཀྱི་ཕར་ཕྱིན་ཞེས་པ་དེའི་རང་བཞིན་ཡོད་ལ། འདི་ན་ཐབས་ཀྱི་ཕར་ཕྱིན་ཞེས་པ་དེའི་ལམ་སྟོན་ཡང་ཡོད་པས། དགེ་འདུན་པས་མི་རུང་བར་སྨྲ་བའི་ཁྱི་ཁ་དེ་དག་བཙུམ་ན་འོས་པ་ལ། མུན་པར་ཁ་གཏད་པའི་ཚེ་སྲོག་ཅན་གྱི་སྒྲོན་མེ་འདི་དག་ནི་བསམ་ཤེས་ན་བྱ་དཀའ་བའི་རྒྱལ་སྲས་ཀྱི་སྤྱོད་པ་ཞིག་རེད་ལ། གཞལ་དཀའ་བའི་བོད་ཀྱི་རིག་གནས་ཤིག་ཀྱང་རེད་འདུག་པས། གནས་ལུགས་ལ་ངེས་ཤེས་འདྲོངས་པའི་མི་ཤེས་རབ་ཅན་དག་གིས་མ་གཏོགས་རྒྱལ་སྤྱི་དང་རྒྱ་ནག་ཟེར་བའི་ཞ་ར་དེ་དག་གིས་ཇི་བཞིན་འཇལ་ནུས་པ་ཞིག་ག་ལ་ཡིན། དེ་ལས་ཀྱང་ཁ་གསལ་དུ་བཤད་ན”གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ”ཞེས་པའི་ཆོས་ལུགས་ཤིག་གིས་སྲོག་སྙིང་བཟུང་བའི་རིག་གནས་ཤིག་རེད། འདི་དག་གིས་རྒྱ་ནག་དང་རྒྱལ་སྤྱིའི་ཁ་ནང་ལ་འཕྲེད་ཀྱིས་བཟུང་བའི་འགྲོ་བ་མིའི་ཐོབ་ཐང་འདྲ་མཉམ་དང་། རང་དབང་། ཞི་བདེ། དྲང་བདེན། འཆམ་མཐུན་ཟེར་བའི་ཐ་སྙད་ཤི་བོ་དེ་རིགས་ལ་སྲོག་དབུགས་གསར་བ་ཞིག་སྩོལ་ངེས་པ་རེད། ཆོས་ལུགས་པས་བཤད་ཚོད་ལ། དམྱལ་བ་ནས་དམྱལ་བ་བརྒྱུད་དེ་མར་མར་སོང་ནའང་ནམ་ཞིག་དམྱལ་བ་ནས་དམྱལ་བ་བརྒལ་ཏེ་ཡར་ཡར་ཡོང་ས་ཞིག་ཡོད་པར་བཤད་པ་བཞིན། ང་ཚོས་ཀྱང་ཕམ་ཁ་ནས་ཕམ་ཁ་བརྒྱུད་ན་ནམ་ཞིག་རྒྱལ་ཁ་ནས་རྒྱལ་ཁ་བརྒྱུད་རང་དབང་གི་འཇིག་རྟེན་ཞིག་ལ་བསྙབ་ལོས་ཐུབ།
༣ ང་ཚོས་ཁྱེད་ཅག་གི་རྐང་རྗེས་ན་འཁྲབ་སྟོན་བྱེད་ཀྱིན་ཡོད།
ཁ་བཙན་བྱོལ་ལ་འཁོར་ནས་བསམ་བློ་ཞིག་བཏང་ན། ད་ལོར་མི་རབས་གསར་བའི་བཀའ་ཁྲི་ཞིག་དང་ཚོགས་གཙོ་ཞིག་ཐོན་པ་དེ་ནི་འཕོ་འགྱུར་གསར་བ་ཞིག་རེད། དེ་ནི་བཙན་བྱོལ་གྱི་ལོ་རྒྱུས་ནང་ལ་གསེར་ཡིག་གིས་འབྲི་དགོས་པའི་མི་མང་གི་ཆིག་སྒྲིལ་གྱི་རྣམ་པ་ཆེ་ཞིག་རེད། དེས་རྒྱ་གཞུང་ལ་བརྡ་ལན་གསལ་བོ་ཞིག་སྤྲད་ཡོད་ཅེས་རྡ་སའི་ཆབ་སྲིད་པ་ཚོས་འུར་གྱིན་ཡོད་པ་རེད་ལ། རྩོམ་པ་པོ་ཚོས་ཀྱང་བརྗོད་ཀྱིན་ཡོད་པ་རེད། དོན་དངོས་སུའང་དེ་ནི་རྒྱ་གཞུང་ལ་མཚོན་ན་མི་ལེགས་པ་ཞིག་དང་བོད་ལ་མཚོན་ན་སྤོབས་པ་ཞིག་རེད། ཡིན་ནའང་། ༸གོང་ས་སྐྱབས་མགོན་ཆེན་པོས་ཆབ་སྲིད་ཀྱི་དབུ་ཁྲིད་ནས་རྦད་ཀྱིས་དགོངས་ཞུ་གནང་ཞིང་དེ་བཞིན་ང་ཚོས་ངོས་ལེན་བྱས་པ་དེ་ནི་བོད་ལ་མཚོན་ན་བསུབ་ཐབས་མེད་པའི་ཕམ་ཁ་ཞིག་དང་རྒྱ་གཞུང་ལ་མཚོན་ན་དབང་བསྒྱུར་མུ་མཐུད་པ་ལ་རྩ་བའི་མ་གདན་ཞིག་ཏུ་གྱུར་ཡོད། ལྷག་པར་བོད་ཕྱི་ནང་གཉིས་ནས་རང་དབང་འཐབ་རྩོད་ཀྱི་རླབས་རྒྱུན་མི་རབས་གསར་བའི་ནང་དུ་འཕྱུར་བ་དེ་ནི་རྩ་དོན་འཐབ་རྩོད་ཀྱི་གོམ་ཆེན་གཅིག་རེད་དེ། བཙན་བྱོལ་ནང་གི་མི་རབས་གསར་བ་ཚོས་འཐབ་རྩོད་ལ་གསོན་ཤུགས་མེད་པ་དང་ནུས་པ་ཆུང་བ་དེ་ཡང་རིག་པ་སྒྲིམ་དགོས་པའི་གནས་ཤིག་རེད། བཙན་བྱོལ་བ་ཚོས་ཧ་ཅང་ཛ་དྲག་རེ་སྤེལ་ནའང་རྐང་ཐུང་ཙམ་ལས་མ་གོན་ཏེ་གཅེར་བུར་འབུད་གྲབས་བྱེད་པ་དང་། ཤ་རྗེན་ལ་མཚོན་དམར་བྱུག་པ་དང་མགོ་ལ་རས་དམར་དང་རས་ནག་དཀྲི་པ་སོགས་རེད། དེ་དག་ཀྱང་རྒྱ་གཞུང་ལ་ངོ་རྒོལ་དང་འཐབ་རྩོད་ཀྱི་རྣམ་པ་ཞིག་ལོས་ཡིན་ཏེ། ངོ་རྒོལ་དེ་དག་གི་གཟུངས་འཇུག་ནང་དུ་བོད་ཀྱི་རིག་གནས་མི་འདུག་པ་དེ་ནི་སེམས་ཤིན་ཏུ་སྐྱོ་བའི་གནས་ཤིག་རེད། ད་དུང་བཙན་བྱོལ་གྱི་ལས་འགུལ་ནམ་ཡིན་ལ་གང་ཡིན་ལ། ཐ་ན། རིག་གནས་ཀྱི་ལས་འགུལ་རེ་སྤེལ་ནའང་ཆ་རྐྱེན་ཚང་མིན་ལ་མ་བལྟས་པར་ཆོལ་གསུམ་གྱི་མི་སྣ་འདུས་ཐབས་སོགས་འཁྲབ་སྟོན་གྱི་རྣམ་པ་ཞིག་ཞོར་ནས་ཡོད་ཡོད་པ་དེ་རེད། དཔེར་ན། ད་ལོའི་འོད་དཀར་ཚང་གི་སྙན་ངག་གྱེར་འདོན་སྐབས་ཀུན་ཏུའང་དཔྱད་འདེམས་པ་ཡོད་ཚད་ནང་དུ་ཆོལ་ཁ་གསུམ་གྱི་མི་སྣ་ཨེ་འདུས་ལ་འབད་པ་ཤུགས་ཆེན་བྱས་ཡོད་པ་ལྟ་བུ་རེད། འདི་ལྟར་ང་ཚོས་དོན་དངོས་བཏང་སྟེ་ནང་ཁུལ་གྱི་མཐུན་སྒྲིལ་འཁྲབ་སྟོན་དང་། ང་ངར་དང་ངས་བྱས་ཀྱི་ཁྱབ་བསྒྲགས་གཙོ་བོ་ནང་གི་རྒྱལ་བོ་རུ་བཟུང་བས་བཙན་བྱོལ་གྱི་འཐབ་རྩོད་ལས་རིམ་ལ་འཕེལ་རྒྱས་མེད་པའི་སྟེང་དུ་རུལ་སུངས་སུ་འགྱུར་ཉེན་ཧ་ཅང་ཆེ་བ་དེ་རེད།
བོད་ནང་གི་གཞོན་སྐྱེས་ཚོའི་ལས་འགུལ་ནི་དེ་ལྟ་མིན་པར་དོན་དངོས་ལ་གཞོལ་བ་ཤུགས་ཆེ་ཞིང་། རང་ཉིད་ནས་མགོ་འཛུགས་པ་རྩ་བར་བྱེད་ཀྱིན་པ་ནི། ལས་འགུལ་གྱི་གསོན་ཤུགས་ཤིག་དང་བོད་ཀྱི་སྟོབས་ཤུགས་ཤིག་ལ་གྱུར་ཡོད། ལྷག་པར་ཚེ་སྲོག་ཅན་གྱི་སྒྲོན་མེ་སྦར་ནས་རྒྱ་ནག་གི་མུན་པའི་ཁ་གཏད་དུ་ཆས་ཀྱིན་པ་འདི་དག་ནི་འཛམ་གླིང་ལ་མིག་དཔེ་རང་བཞིན་ཅན་གྱི་ལས་འགུལ་ཞིག་དང་། ཆེས་ཐོད་རྒལ་གྱི་ལས་འགུལ་ཞིག ཆེས་ཚད་མཐོ་བའི་ལས་འགུལ་ཞིག བསམ་ཞིང་བསམ་ཞིང་དཔག་པར་དཀའ་བའི་ལས་འགུལ་ཞིག་ཡིན་པས། ད་ལྟའི་བོད་ནང་གི་ལས་འགུལ་འདི་དག་ནི་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ཡང་རྩེར་གྱུར་བའི་འཐབ་རྩོད་ཤ་སྟག་ལ་གྱུར་ཡོད། ལས་འགུལ་འདི་འདྲས་མངོན་གསལ་ཡིན་མིན་ལ་མ་ལྟོས་པར་རྒྱ་གཞུང་ཡང་ཡོམ་ཡོམ་སྒུལ་བཞིན་ཡོད་ལ། འཛམ་གླིང་གིས་ཀྱང་ཁ་མ་གྲགས་པར་སྡོད་སྲོལ་མེད་པའི་ཚད་དུ་གཏུགས་ཡོད། དཔེར་ན། ཁ་སང་གི་ལས་འགུལ་འདི་གཉིས་བྱུང་ནས་ཉིན་གཉིས་མ་འགོར་བར་ཡོ་རུབ་གྲོས་ཚོགས་ནས་གླེང་སློང་བྱུང་བ་དང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་གསར་འགོད་གསལ་བསྒྲགས་སྤེལ་བ་ལྟ་བུ་རེད། དེ་བཞིན་ང་ཚོས་ཀྱང་ལས་འགུལ་འདི་འདྲ་རེ་བྱུང་སྐབས། དྲང་བདེན་གཞི་རྩ་དང་དོན་དངོས་བརྗོད་གཞིར་བཟུང་ནས་དུས་ཐོག་ཁྱབ་བསྒྲགས་བྱ་རྒྱུ་གལ་ཆེན་ཡིན། དེ་མིན་དོན་དག་དངོས་གསལ་བོ་བྱུང་མ་བྱུང་བར་ནས་འཇོན་མདོག་འཁྲབ་སྟེ་དོན་ཆེན་གྱི་གནད་དོན་འདི་འདྲ་ལ་རྫུན་གྱི་ཁ་སྤུ་ངོ་སྤུ་སྐྱེ་བར་བཅུག་ན་གནོད་ཚབ་ཧ་ཅང་ཆེ། དཔེར་ན། སྤྱི་འཐུས་ཚོགས་གཞོན་གྱིས་ཁ་སང་གི་གྲྭ་བ་གཉིས་ཀྱི་གཅིག་བྱིས་པ་ལོ་བཅུ་བཞི་ཅན་ཞིག་ཡིན་རབས་དང་གཅིག་ཤི་སོང་རབས་ཀྱི་གསལ་བསྒྲགས་གྲོས་ཚོགས་ནང་བསྐྱངས་པ་ལྟ་བུ་རེད། རང་ཐག་རང་གཅོད་དང་བསམ་བློ་སྨིན་ཐག་ཆོད་པའི་གསར་བུ་དེ་བྱིས་པ་ལོ་བཅུ་བཞི་ཅན་ཞིག་ཡིན་པར་སྒྲུབ་ན། དེས་ཐེངས་འདིའི་དོན་ཆེན་དེ་ནི་བྱིས་པ་ཆུང་ཆུང་ཞིག་གཞན་གྱི་བརྒྱུད་སྐུལ་འོག་ཐལ་ནས་མེ་ལ་བསྲེགས་རབས་ཀྱི་ལྷན་པོ་ཐོལ་བ་ཞིག་རྒྱ་གཞུང་ལ་རེག་པ་མ་རེད་དམ། འདི་ལྟར་བོད་ནང་གི་དོན་ཆེན་རིགས་ཁྱབ་བསྒྲགས་བྱེད་དུས་ཁོང་དག་གི་འབོད་ཚིག་རེ་རེའི་འབྲུ་དོན་དང་། དུས་ཚོད། ས་གནས། མཚན། དགུང་གྲངས། ཕ་མིང་མ་མིང་སོགས་ལ་གཟབ་ནན་གྱིས་དོན་དངོས་ཁོ་ན་ཁྱབ་བསྒྲགས་བྱེད་པར་འབད་དགོས། དེ་ལྟ་མིན་པར་འདི་ནས་ཀྱང་ཕྱེད་རྫུན་ཕྱེད་བདེན་གྱི་གསར་འགྱུར་རླུང་ལ་བསྐུར་ནས་བསྡད་ན་དེ་ནི་འོས་འཚམས་ཤིག་གཏན་ནས་མ་རེད། འདས་པོ་ཁོང་དག་གིས་ཀྱང་ང་ཚོས་དོན་དངོས་རྒྱལ་སྤྱིའི་སྟེང་ལ་བསྐྱལ་བར་རེ་བ་བཟུང་ཡོད་པ་ལས། བཙན་བྱོལ་ནས་ཁོང་དག་བདེ་བ་ཅན་དུ་སྐྱེ་བའི་བསྔོ་སྨོན་རེ་བཀོད་སྒྲིག་ཨེ་གནང་དང་། ཁྱབ་བསྒྲགས་ཕྱེད་རྫུན་ཕྱེད་བདུན་རེ་སྤེལ་བར་རེ་བ་ག་ལ་འཛིན། དོན་དངོས་པོའི་གནས་ཚུལ་ལའང་རང་ལུས་མེར་སྒྲོན་ཏེ་བདེ་བ་ཅན་དུ་ཕེབས་འདོད་མིན་པར། ཚེ་སྲོག་ལ་མེ་བགོས་ནས་བོད་ཁ་བ་ཅན་སྐྱོབ་ཐབས་དང་བོད་ཀྱི་ཆོས་རིག་སྲུང་ཐབས་བྱ་རྒྱུ་དེ་ལོས་ཡིན།
ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢ ཉིན།
གྲྭ་ཕྲུག་ཚོ། གྲྭ་ལོག་ཚོ། མ་ཤི་གསོན་བསྲེག་གི་རིག་གནས་གསར་རྗེ།
ད་ཐེངས་ཀྱི་སྐུ་སྲོག་མེ་སྒྲོན་གྱི་ལས་འགུལ་མགོ་ཨ་མདོ་རྔ་བ་ནས་བསྟུན་མུར་སྤེལ་དུས་སྨྲ་ཤེས་ཞིང་དོན་གོ་བ་ཞིག་ལ་མཚོན་ན་ཁོག་གི་སྙིང་འཕར་ཞིང་ལྡང་བ་དང་། དཔྲལ་བའི་མིག་གིས་ལྟ་མི་གཟོད་པའི་གནས་ཚུལཞིག་རེད། དེ་འདྲའི་རླབས་ཆེ་བའི་སྐུ་སྲོག་མེ་སྒྲོན་གྱི་ལས་འགུལ་སྤེལ་བ་དེས་བོད་གཞིས་བྱེས་ཀྱི་བར་ཐག་ཉེ་རུ་བཏང་བའི་གནས་ཚུལ་བོན་རྒྱ་བའི་གསལ་གསལ་ཐིང་ཐིང་ངང་བརྗོད་འདུག བོད་ཀྱི་རྩོམ་པ་པོ་ཡོད་དོ་ཅོག་གིས་འདི་ལྟ་བུའི་ངོས་ཐད་ནས་རྩོམ་ཡིག་སྤེལ་རྒྱུར་ཁ་ཚ་དགོས་གཏུགས་ཞིག་རེད་སྙམ།
བོན་རྒྱ་བས་གསུང་པ་ལ་མངོན་པར་བསྟོད་དོ།
གྲོགས་པོ།ས་འདིར་སྡུག་སྐད་ཇི་ཙམ་བཏོན་རུང་སྤྱང་ཀིའི་རྣ་བར་ཆོས་བཤད་འགྲོ་ནི་མ་རེད།ད་དུང་བོད་ཡིག་འབྲི་ཀློག་ཙམ་ཤེས་མཁན་ཚོས་གང་ཡོང་།ཁ་ཚུམས་ཞེས་བཀའ་བཀྱོན་ཕབ་ཀི་རེད་གདའ།
གྲོགས་བོན་རྒྱ་ལགས་ནས་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག རྩོམ་ཡིག་གིས་མི་སེམས་ལ་འདི་འདྲའི་རིག་གནས་ཀྱི་ཁོར་ཡུག་ཅིག་བསྐྱུས་ཏེ་རིན་ཐང་མངོན་པར་བྱེད་དགོས