ཨ་འདུས་སྐལ་བཟང་རྒྱ་མཚོ། [ དཱེརདཱུན། ]
སྤྱིར་ནང་ཆོས་ས་དར་རྡོ་དར་དུ་གྱུར་པའི་བོད་ལ་མཚོན་ན། ཚེ་ཐར་གཏོང་བ་ནི། ཧ་ཅང་རྒྱུན་ལྡན་ཞིག་ཡིན་པས། དེར་ཧ་ལས་ལས་དང་། ཧང་སང་སང་བྱེ་དགོས་དོན་ཡེ་ནས་མེད་ནའང་། སློབ་གསོ་ངན་པས་བསྐྱེད་འབྲས་སུ་གྱུར་པའི་དྲ་འབུ་འགས་གོ་སྐབས་བཙལ་ཏེ། ཚེ་ཐར་བྱས་པ་དེ། འགྲིག་གི་མེད་པའི་ཚོར་བ་སྟོན་མཁན་ཧ་ཅང་མང་པོ་འདུག དེ་བས་ཀྱང་། ཡ་མཚན་པ་ཞིག་ལ། དུས་རབས་དང་། ཤེས་ཡོན། རྟོགས་སད་སོགས་བརྡ་ཆད་རྫིག་པོ་འགའ་རེ་ངག་ལ་གྱེར་ཤེས་ཤིང་། ལག་པས་འབྲི་ནུས་པའི་ཨ་མདོ་བ་ཀླད་སྟོང་འགའ་རེས་ནི། རང་ཉིད་དུས་རབས་འདིའི་གསར་བརྗེའི་ལམ་བུ་གང་ཞིག་ལ་ཞུགས་ཟིན་པའི་སྣང་བ་ཤར་ཏེ། ཆོས་ཀྱི་ཆེད་དུ་གཏོང་སྤོབས་ཆེ་བའི་དད་ལྡན་པ་དག་གིས་ལུག་མང་པོ་ཚེ་ཚར་བྱས་པ་འདིས། ད་དུང་ཡང་བོད་མི་ཚོའི་གོ་རྟོགས་སད་ཀྱི་མེད་པའི་གནས་བབ་མཚོན་སོགས་བསྒྲགས་གཏམ་ལོག་པ་དེ་འདྲ་སྤེལ་ཡོད།
མ་གཞི་ནས་སྐད་ཆ་འདི་དག་གི་མགོ་ཁུངས་ནི། བོད་ཀྱི་དགེ་བཤེས་ང་རྒྱལ་ཅན་འགའ་རེས་ནང་ཆོས་ལས་ཤ་བཟའ་བ་བཀག་མེད་ཚུལ་དང་། ཤ་སྤོངས་པ་དང་། ཚེ་ཐར་གཏོང་བ་ལས་ཀྱང་བོད་ཀྱི་ཤེས་རིག་དང་། སློབ་གསོ་ཡར་རྒྱས་དགོས་པའི་སྐད་ཆ་མུན་སྤྲུལ་ཅན་མང་པོ་བཤད་མྱོང་བ་དེ་རེད། མ་གཞི་མི་རིགས་ཤིག་ལ་སློབ་གསོ་དགོས་པ་ལོས་ཀྱང་བདེན་དེ། དེ་ནི་སུས་ཀྱང་ཁས་ལེན་ངེས་ཡིན། འོན་ཀྱང་། སློབ་གསོ་དང་། ཤེས་རིག་གི་དགོས་དམིགས་གཙོ་བོ་དེ་མི་ཚད་ལྡན་ཞིག་སྐྱེད་བསྲིངས་བྱེད་རྒྱུ་དེ་ཡིན་ལ། མི་ཚད་ལྡན་ཞིག་དང་། མི་རྒྱུ་སྤུས་ཅན་ཞིག་ཡིན་མིན་ཡང་། མི་དེའི་བསམ་བློ་གཏོང་ཕྱོགས་ཀྱི་ངོས་ནས་ཐག་གཅོད་པ་དགོས་པ་ལས། མི་དེར་དཔལ་འབྱོར་མང་མིན་དང་། ཁ་བཤད་མཁས་མིན་ཙམ་གྱིས་ཐག་གཅོད་མཁན་སུ་ཞིག་ཡོད།
དེས་ན། ཉེ་ལམ་བྱམས་བརྩེའི་བདག་ཉིད། དུད་འགྲོའི་མགོན་སྐྱབས་སུ་གྱུར་པའི་གངས་ལྗོངས་སྲོག་བླུ་ཚོགས་པའི་བགྱི་བ་བཟང་པོ་དེ་དག་ནི། བླུན་པོ་ཚོས་རིག་ན་ལག་འདར་ཞིང་། རྐུན་པོ་ཚོས་ཚོར་ན་སྙིང་འདར་བའི་དངུལ་སྒོར་འབུམ་ཕྲག་མང་པོ་དང་། འཆི་ལ་ཉེ་བའི་ལུག་ཁྱུ་དེ་དག་གི་ཚེ་སྲོག་གི་རིན་ཐང་བརྗེས་ཏེ། བོད་གངས་ཅན་པའི་ཕ་མེས་ནས་བརྒྱུད་པའི་བྱམས་བརྩེའི་སྤྱོད་པ་བཟང་པོ་དེ་ཡོད་ཚད་དངུལ་ལ་འཐོམ་པའི་མི་དག་གི་སྤྱན་སྔར་དྲན་སྐུལ་ཐེངས་ཤིག་བྱས་པ་ལགས་ན། དེ་ལ་རྗེས་ལུས་ཀྱི་བསམ་བློ་ཞེས་འདོགས་མཁན་ཁྱོད་ཚོ། ཇི་ལྟར་སྔོན་ཐོན་གྱི་གྲལ་དུ་སླེབ་པ་རེད། མ་གཞི་ནས། དོན་དམ་པའི་བསམ་བློ་བ་ཞིག་ཡིན་ཚེ། ཆོས་དང་འཇིག་རྟེན་གང་གི་དབང་དུ་བྱས་ཀྱང་། སྒོར་མོས་ནམ་ཡང་ཚེ་སྲོག་གི་དོ་ཟླ་མི་ཡོང་བའི་གནས་ལུགས་ཟབ་མོ་དེ་ཁྱོད་ཚོས་དྲན་པར་གྱིས་ཤིག
ཡང་འགའ་རེས། སྒོར་མོ་འདི་ཙམ་གྱིས་ནི། བོད་ཀྱི་གྲོང་གསེབ་ན་སློབ་གྲྭ་ཞིག་བཙུགས་ཏེ། ཡིག་རྨོངས་བསལ་ན་མི་རིགས་ལ་ཕན་ཟེར། སློབ་གྲྭས་མི་རིགས་ལ་ཕན་པ་ཤེས་ན། ཁྱོད་ཚོས་སློབ་གྲྭ་ཚུགས་དང་། སུས་ཀྱང་དགག་བྱ་མེད་མི་འདུག་གོ ཆོས་ལ་སེམས་པ་དག་གིས་ནི། སྒོར་མོ་ལས་ཀྱང་ཚེ་སྲོག་གལ་ཆེན་དུ་གཙིས་ཏེ་བགྱི་བ་བཟང་པོ་འདི་བྱས་པ་ལ་ཡི་རངས་ཙམ་ཡང་མེད་པ་ནི། རང་གི་ཕྲག་པ་དང་། གོ་རྟོགས་གཉིས་ཀ་རྒྱ་ཁབ་ལས་དོགས་པའི་མཚང་བསྟན་པ་ཡིན་པས། ཕྱིན་ཆད་ངག་འཛོལ་པོ་འདི་རིགས་མང་པོའི་ཚོགས་སུ་མ་སྨྲ་ཞིག མི་རིགས་ཀྱི་སླད་དུའོ་ཞེ་ན། ཆོས་པ་དག་གིས་བགྱི་བ་བཟང་པོ་འདི་ནི། མི་རིགས་བྱེ་བྲག་པའི་བཀག་རྒྱ་དོག་མོ་ལས་བརྒལ་ཏེ། གོ་ལའི་སྟེང་གི་སྲོག་ལྡན་ཡོད་དོ་ཅོག་རང་དབང་གི་འཚོ་བའི་བདེ་བ་ཐོབ་ན་སྙམ་པའི་ཀུན་སློང་བཟང་པོས་ཟིན་པ་ཡིན་པས། དེ་བས་ཀྱང་དགག་ཏུ་ག་ལ་བཏུབ།
མདོར་ན། ཆོས་པས་ཆོས་ཀྱི་ཕྱིར་སྒོར་མོ་བཏང་བ་ལ། འཇིག་རྟེན་པ་སྦྲང་པོ་དག་སེར་སྣས་ཀུ་ཅོ་འདོན་པ་ནི། དཔྱོད་ལྡན་དག་གད་མོ་འཆོར་བའི་རྒྱུ་ཙམ་ལས་ཅི་ཡོད། དེས་ན། མི་རིགས་ལ་ཕན་པར་འདོད་ན། ཁྱོད་ཚོས་ཀྱང་མི་རིགས་ཀྱི་སླད་དུ་སྒོར་མོ་ཚོལ། སློབ་གྲྭ་བསྐྲུན་དང་། འཛམ་གླིང་གི་ཆོས་པ་ཚང་མས་ནམ་ཡང་ཡི་རངས་བྱ་ངེས་ཀྱི། ཁྱོད་ཚོ་ལྟར་ཕྲག་དོག་བྱ་མི་སྲིད་དོ།།
གྲྭ་རྒན་ཁྱོད་ཚོས་ཤེས་བ་འདི་ལས་ག་རེད་ཡོད་དམ།
བླ་རྒན་ད་ཆོས་སྦྱོང་། ཉམས་ལེན་བྱོས། སྤྱི་ཚོགས་ལ་ཁྱོད་ཚོ་དགོས་མཁོ་ཡོད་མ་རེད། སྤྱི་ཚོགས་ལམ་ཁ་གང་ཞིག་ཏུ་སྐྱོད་མིན་དུས་རབས་ཀྱིས་ཐག་གི་གཅིད་ཅིག་ལས་བླ་རྒན་ཚོས་ཀི་བཏབ་ན་ཅང་ཕན་གི་མ་རེད།
སྔོ་མ་ཞིག་ལ། རྡ་ས་ནས་ལུག་མང་པོ་ཞིག་ཚེ་ཐར་ལ་ཕུད་པ་རེད། དེ་ཡག་པོ་རེད། སྒོར་མོ་མང་པོ་ཡང་བཏང་པ་རེད། སྐབས་དེར་ཕྱུག་པོ་ཡང་རེད། ཡིན་ན་ཡང་། ལུག་དེ་ཚོའི་སྲོག་ཉི་མ་གཅིག་ལ་སྐྱབས་ན་ཡོང་གི་མ་ཡོད་དུས། དེ་ནས་ལུག་དེ་ཚོ་ལོ་མང་པོ་ལ་ཤི་རོགས་མ་བྱས་པས། དེ་ལ་རྩྭ་ཆུ། བདག་སྐྱོངས་བྱེད་པ་སོགས་གྲོན་ལོ་ནས་ལོ་འགྲོ་དགོས་དུས། མཐའ་མ་དེར། ལུག་དེ་དག་གི་སྲོག་མགོ་ཡག་པོ་ཞིག་ཐོན་མེད་པ་དང་། སྒོར་མོ་དང་འབྱོར་བས་མ་འདང་བར། ལུག་སྲོག་རི་ནས་གཅན་གཟན་ལ་ཤོར། ལུག་བདག་ཆོས་བ་སྤྲང་པོར་གྱུར། ཆོས་དེ་ཆོས་ལ་མ་སོང་། སྙིང་རྗེ་དེ་ལ་སྔ་མ་མེད་པ་སོགས། མགོ་ལོག་ཡག་པོ་རྩེས་བ་རེད་ཐལ།
བྱ་བ་དེའི་མགོ་འཇུག་ལ་དགེ་སྐྱོད་ཡོད་ཐག་ཆོད་རེད། དེ་ལ་དེ་ཡི་དགེ་མཚང་མང་པོ་མོ་བཤད་རྒྱུ་ཡོད་ཙང་བཤད་པ་རེད། བཤད་བྲིས་བྱས་བ་དེ་ཡི་གོ་རྟོག་ནས་རྗེས་ཕྱོགས་དེ་འདྲ་བྱེད་མི་ཡོད་ན། ལྟ་ས་དང་ཉན་ས་ཞིག་སྤྲད་པ་རེད། དེ་འདྲ་སོང་ཙང་། གོ་རིམ་ཞིག་གི་སྔ་ཕྱི་ཡག་པོ་ཞིག་རྟོག་ནས་བྱ་བ་ཞིག་བྱས་ན་མི་བཟང་ངམ་བསམ།། དེ་མིན་མི་ཐུབ་སྡོམས་པ་ཁེ་ལེན་བྱས་ན་ཆོད་ག་རེ་ཡོད་དམ།
ཨ་མདོ་བ་ཡིན་ན་ཀླད་སྟོང་བ་ཡིན་དགོས་བ་རེད། དེ་འདྲ་མིན་ན། ག་ས་གང་ནས་སྟོང་བ་དེ་གང་བའི་ཆེད་དུ་སློབ་གླེང་འགྲིམ་པས་ཅི་བྱེད། མ་རེད་དམ། ཉིན་ཞིག། ཨ་མདོ་བ་ཞིག་ཡིན་ན། ཀླད་གང་བ་ཞིག་ཆགས་པའི་དུས་ཞིག་ཡོད་ན། དེའི་དུས་ཁོ་ཚོ་ལ། ཨ་མདོ་ཀླད་གང་བ་ཟེར་ནས་ མ་དགའ་བ་མ་བྱེད་ན། ང་ཚོ་ཚང་མ་བོད་རིགས་གཅིག་པ་ཡིན་པའི་རྩེ་ཞེན་ཡོད་པའི་རྟགས་རེད་ཐལ།
དེ་མིན། ཁྱོད་ཅན་པོ་ཡར་གི་མེས་པོའི་རུས་རྐང་མི་རིག་ནི། མར་གི་སོན་རྩའི་ཕ་ཤུལ་མི་རིག་ནི་། ཁ་ནས་བཤད་བཤད་པོ་སྐྱོན་ཡིན་ནི། ལག་པས་བྲིས་བྲིས་པོ་མཚང་ཡིན་ནི།དགེ་སྐྱའི་བར་ལ་འཁོན་འཇུག་མཁན། ཆོལ་ཁའི་བར་ལ་དུག་འདེབས་མཁན་ཅན་པོ་ལྟར། ངས་ལྟས་ན། ཁྱོད་ཡ་རབ་ཡ་རབ་ཞིག་ཡིན་ཚོད་མ་རྙེད་ཐལ། ཧ་ཧ་ཧ།
ཡ་ཡ་ཡ།
གཞན་གྱིས་ཆོས་བྱས་པར་རྗེས་ཡིད་རང་ཞུ་རྒྱུའི་ཚབ་སྨད་པ་སོགས་བློ་ལྡན་གྱི་གང་ཟག་མིན་པ་ཐག་བཅད་ནས་བཤད་ཐུབ། མོས་ལུག་དེ་དག་གི་སྲོག་སྐྱབས་པ་དེ་ཆོས་དང་འཇིག་རྟེན་གང་གི་ཐོག་བལྟས་ན་ཡ་རབས་དང་ཆོས་མཐུན་བྱ་བ་ཞིག་ཏུ་ངོས་འཛིན་བྱེད་པར་ཐེ་ཚོམ་གང་ཡང་མ་དགོས་པ་རེད། དེང་དུས་མཚན་ཉིད་རིག་པའི་གནད་དོན་མ་རྟོགས་པ་མིང་ཙམ་གྱི་མཁས་པ་ཡིན་མདོག་གིས་རིན་མེད་ཀྱི་དགེ་བ་རྒྱ་ཆེན་སོགས་ཐུབ་པར་མ་དགོངས་དོན་མེད་ཀྱི་སྐད་ཆ་མང་པོ་བཤད་ནས་སྤྱི་ཚོགས་གོ་བ་ལོག་པ་སྤེལ་གང་ཐུབ་ཀྱི་བྱ་སྤྱོད་ལ་བསམས་ན་དངོས་ནས་མཚན་ཉིད་པེད་ཆ་གཟིགས་པའི་གཟིགས་གོ་མི་ཆོད་པ་རེད། དོན་མཐུན་གྱི་དཔྱད་པར་ཞུགས་དགོས་མ་གཏོགས་དགེ་མཚན་གང་ཡང་མེད་པའི་འབྲེལ་མེད་སྐད་བཤད་ཡ་འདི་མཚན་ཉིད་ཀྱི་གཞུང་ལ་བྱང་པ་ཡག་པོ་ཐོན་པ་ཞིག་གི་རྩོམ་མིན་པ་རྟགས་ལ་བརྟེན་རྟོག་ཐུབ། གོང་དུ་དགག་པ་གནང་ཚོ་རང་ཉིད་ལ་དེ་ལྟབུའི་གཏོང་ཕོད་དང་བློ་རྒྱ་ཆུང་དྲགས་པའི་རྐྱེན་གྱིས་རེད། དཔེར་ན་ད་རིང་སྲོག་སྐྱབས་ནའང་སང་གང་འདྲ་ཡོང་མི་ཡོང་དེར་བརྟེན་དགག་པ་གནང་བ་དེ་རྒྱུ་མཚན་ཡང་དག་ཅིག་ཡིན་ནམ། ལས་དང་མི་རྟག་པའི་སྐོར་ལ་ལོ་མང་སློབ་སྦྱོང་གནང་བའི་འབྲས་བུ་དེ་འདྲ་ཆུང་བ་ལ་ཨ་ཙི་ཙི། མཚན་ཉིད་པ་རིག་འགྲེལ་གྱིས་ཕུངས་ཟེར་བ་ངོ་མ་དེ་རེད་ཐུགས་བསམ་ཡག་པོ་བཞེས་ནས་གསུངས་ན་རང་གཞན་གཉིས་སྨན་རེད། དེ་མིན་སྐྱག་ཆུའི་ནང་སྐྱུར་ཡ་ལས་གཞན་ཕན་ཐོག་མེད་དོ། །
གཞན་གྱི་དགེ་བའི་ལས་ཁྱད་པ་ཅན་སྲོག་བླུ་བྱས་པ་ལ་ཁ་གཏོང་ནི། རང་ལ་ཆོས་ཀྱི་ཉམས་ལེན་མེད་པའི་རྟགས་མངོན་པ་ཞིག་རེད།