བོད། ལྷ་ཀླུ་གཉན་གསུམ།
ང་ཚོས་རང་ཉིད་ནས་འགོ་བརྩམས་པར་བཤད་ལ་དགའ་བའི་མི་བུར་རློམ་ནས་ལོ་མང་སོང་བའི་མི་རིགས་ཤིག་འགན་འཁྲུ་ཡོད་མཁན་གྱི་སྐྱེ་བོ། གནམ་འོག་འདིར་འཚོ་ཞིང་གནས་པའི་བོད། ཁ་བ་གངས་ཅན་པ་ཡོངས་ཀྱི་སྐྱེ་བོ། ལྷག་དོན་དུ་དྲ་ཚིགས་སོ་སོ་ན་དུས་ཚོད་ཀྱི་ཁ་ཟས་བོད་ཡིག་གི་ལམ་ཕྲན་དུ་བསྐྱལ་ནས། སེམས་ཁོང་གི་བསམ་ཚུལ་ལྷུག་པོར་སྨྲ་བའི་བདག་དང་བདག་གི་རིགས། བོད་གངས་ཅན་མི་ཡི་སྐྱིད་སྡུག་གླེང་བར་དགའ་བའི་ཤེས་རིག་གི་ལམ་ཁ་ན་ཡོད་པའི་ཁ་བ་གངས་ཅན་པའི་སྤུན་ཟླ་ཚོ།
ཉིན་གཉིས་ཀྱི་སྔོན་ཏག་ཏག་དེར། ཁ་བ་གངས་ཅན་པའི་ལྗོངས་སུ། བོད་ཀྱི་སྐྱེ་བོ། བོད་ཀྱི་འབངས་མི། བོད་ཀྱི་དགེ་འདུན་པ། རྟའུ་ཚེ་དབང་ནོར་བུ་ལགས་ཀྱི་སྐུ་ལུས་མེ་སྤུངས་ཤིག་གི་ཁ་ཟས་སུ་དྲངས་རྗེས་སུ། ང་ཚོས་བོད་མི་ཆེས་མི་ཉུང་བ་ཞིག་གིས། དེ་ནི་ཁོང་གི་ཐག་གཅོད་དང་། ཁོང་གི་སྙིང་སྟོབས། ཁོང་གི་ལར་ཞེན། ཁོང་གི་རྒྱལ་གཅེས་ཀྱི་སེམས། ཁོང་གི་རླབས་ཆེ་བའི་བཞུད་སྟངས། ཁོང་གི་ཆེས་ཁྱད་དུ་འཕགས་པའི་གཞན་གཅེས་ཀྱི་ཀུན་སློང་། ཁོང་གི་དམ་པའི་ཤུལ་རྗེས་སྐྱོང་ལུགས། ཁོང་གི་དེ་ལྟར་བྱས་པ་ནི་འོང་ཤིང་འཚམས་པ། ཁོང་གི་གང་བྱས་པ་ཡོད་ཚད་སྐྱེ་བ་རང་དོན་དང་འཆི་བ་གཞན་དོན་ཡིན་ཚད་སོགས་ཀྱི་གཏམ་ཆེས་མང་བོ་ཞིག བདག་གིས་བྲིས་པའི་{གསན་རོགས། ངས་སྐད་ཆ་དྲང་མོ་བཤད་ཀྱི་ཡོད།}ཅེས་པའི་རེ་སྐུལ་གྱི་བསམ་ཚུལ་དྲང་མོ་མདའ་ལྟ་བུ་དེ་ཡི་མཇུག་དུ་མཆན་པུ་ཆེས་མི་ཉུང་བ་ཞིག་བཏབས་འདུག
དངོས་ནས་བསམ་བློ་ཞིབ་ཀྱང་ཚགས་པོ་ཞིག་བཏང་བ་ཡིན་ན། ང་ཚོའི་མི་རབས་འདི། ད་ལྟའི་བོད་མི་རིགས་ཀྱི་ལས་འགུལ་རླབས་ཆེ་ཞིང་། ཀུན་གྱིས་འདོད་མོས་བྱེད་ས་ནི། འཚེ་མེད་ཞི་བ་དེ། ཞི་བདེའི་དེད་དཔོན་གྱིས་གང་བསྟན་པའི་དབུ་མའི་ལམ་ལ་མོས་གུས་ཡོད་པར་བཤད་མཁན་གྱི་ཁ་བ་གངས་ཅན་པའི་མི་རབས་ཤིག་ཆགས་ཡོད་དུས། ཁ་བ་གངས་ཅན་པའི་ཆེད་དུ་གང་བྱས་པ་དེ་དག་ནི་འཚེ་མེད་ཞི་བའི་ལམ་ཁོ་ནར་བསྟེན་དགོས་པར་འབོད་སྐུལ་སེམས་ཁོང་རུས་པའི་གསེང་ནས་ཞུས་མོད། དྲ་ཐོག་གི་སྤུན་ཟླ་རེ་ཟུང་གིས། དེ་ལྟར་འཆི་བ་གཟི་བརྗིད་དང་། ནུས་པ་ཡོད་པ་ཞིག་དུ་བསམ་ནས་སྐད་ཤུགས་ཆེན་པོས་སྒོ་ནས་དེ་ལ་རྒྱབ་སྐྱོར་དང་གུས་མདུད་ཡོད་ཅེས་སྒྲོག་བཞིན་འདུག་སྟབས། ངས་སླར་ཡང་དུས་ཚོད་ཀྱི་ཁོམ་ལོང་འདི་ནས་རེ་ཞིག་མི་བཙལ་ཐབས་མེད་ཀྱིས། སྙིང་གི་སྐད་ཆ་ཐོར་བུ་ཞིག་མི་འབྲི་ཐབས་མེད་དུ་གྱུར།
ང་ཚོས་རང་ཉིད་ཀྱི་ལག་པ་བྲང་ཐོག་དུ་བཞག་ནས་བསམ་བློ་ཞིབ་མོ་ཞིག་གཏོང་དང་། དངོས་ནས་ང་ཚོས་འཚེ་མེད་ཞི་བའི་ཐབས་ལམ་འདོད་ཀྱི་ཡོད་དམ། ཡོད་པ་ཡིན་ན་ནི། འཚེ་མེད་ཞི་བའི་ཐབས་ལམ་ནི། རང་གཞན་སུ་ལ་ཡང་འཚེ་བ་མེད་པར་ལས་འགུལ་སྤེལ་དགོས་པ་དེ་ནི་མེད་དུ་མི་རུང་བ་ཞིག་ཡིན་དུས། འཚེ་མེད་ཞི་བའི་ལས་འགུལ་སྤེལ་སྟངས་ཀྱང་། བོད་ཕྱི་ནང་གཉིས་ན་གྲངས་ཀྱི་མི་ལོང་བ་ཞིག་ཡོད་པ་ནི། གནམ་མཁའི་སྐར་ཚོགས་དང་ཐང་གི་རྩི་ཤིང་གི་གྲངས་ལས་མང་བ་ཡོད། དེ་ལས་མདོར་བསྡུས་ཤིག་བོད་ནང་གི་ཉེ་དུས་ལག་ལེན་དུ་བསྟར་བཞིན་པ་ལྟར། ཆིག་སྒྲིལ་གྱིས་ནུས་པའི་སྟོབས་ལ་བསྟེན་ནས། གཞན་བསྟེན་གྱི་འཚོ་བ་ལས་རིང་དུ་བརྒལ་ཐབས་སུ། གཞན་མིའི་ཟ་ཁང་དུ་མི་འགྲོ་བ། གཞན་མིའི་ཅ་དངོས་མི་ཉོ་བར་འབད་པ། གཞན་སྐད་ལས་རང་སྐད་བཤད་པར་གཙུག་སུ་བཀུར་བ། གཞན་མི་ལས་རང་མིར་ལས་ཀ་སྤྲོད་པ་དང་བཙལ་བ། གཞན་མི་དགྲ་རུ་མི་ལྟ་བའི་སྒོ་ནས་རང་འགོ་ཐོན་པར་འབད་འབུངས་བྱེད་པ། རང་ས་ནས་རང་བདག་བྱེད་པའི་ཐབས་ལམ་སྣ་མང་བོ་ཞིག་ཚུར་ང་ཚོའི་མིག་མདུན་ལ་བསྟན་ནས་ཡོད་པ་དེ་དག་ནི། འཚེ་མེད་ཞི་བའི་འགུལ་ཤུགས་དང་ནུས་པ་ཡིན་ལ། རྒྱ་གར་བའི་རང་བཙན་འཐབ་རྩོད་ཀྱི་ནུས་ཤུགས་རྒྱས་ས་ཡང་དེ་ཉིད་ཆགས་ཡོད།
ལྷག་པར་དུ་ང་རང་བསྡོད་སའི་ལུང་བ་འདིའི་མི་རིགས་ལ་མཚོན་ན་ཡང་། རང་དབང་སླར་གསོའི་ཆེད་དུ་གཞན་མིས་གཉའ་གནོན་འོག་བཙན་གསོད་དང་ལྐོག་གསོད་བྱས་པ་ས་ཡ་དྲུག་ལྷག་བྱུང་བའི་ལོ་རྒྱུས་ཡོད་ཀྱང་། རང་དབང་སླར་གསོའི་ཆེད་དུ། རང་ལུས་མེད་པར་གཏོང་བའི་ཐབས་ལམ་ལ་བསྟེན་པ་ནི་གཏན་ནས་མེད་པ་ནས་ཡོད་ཀྱང་། ཡོད་པ་དེ་ཡང་དོན་དག་སྨིན་པ་དང་གཞན་མིའི་རྗེས་སུ་ཡི་རུང་བྱེད་ཐུབ་པ་དང་། བསྟོད་བསྔགས་ཀྱི་མེ་ཏོག་སྟོར་ནས་དེ་རྗེས་སུ་འགྲེང་བར་འབོད་སྐུལ་ཞུ་མཁན་ནི་དུས་རབས་འདིའི་ནང་དུ་ཕལ་ཆེར་ཉུང་ཚོད་དུ་གྱུར་ཡོད། སྤྱིར་ན་མི་ཞིག་གིས་རང་སྲོག་བཅད་དེ། རྒྱལ་ཁབ་ཞིག་སྐྱོབས་ཐུབ་པར་ཐག་ཉེ་བ་ཞིག་ཡིན་ན། ང་ཚོའི་མི་རབས་འདིའི་ནང་དུ་ཡང་ཁ་བ་གངས་ཅན་པའི་དབའ་རྒོད་ཆེས་མི་ཉུང་བ་ཞིག་དུས་ཚོད་གཅིག་དང་སྐར་མ་གཅིག སྐར་ཆ་གཅིག་གི་ནང་དུ་དུས་གཅིག་ལ་འཆི་བར་འཕོད་པ་ནི། རང་ཉིད་ཁ་བ་གངས་ཅན་པའི་མི་ཞིག་ཡིན་པའི་ཆ་ནས་སེམས་གཏིང་ནས་ཡིད་ཆེས་ཡོད།
མཐའ་མཇུག་བསྡོར་བསྡུས་ན། སྐད་ཆ་མང་ན་རྙོག་འགྲོ སྐུད་པ་རིང་ན་ཆད་འགྲོ་བའི་དཔེ་ཡིན་དུས། ངས་བཤད་འདོད་པ་ནི། ང་ཚོས་ཁ་བ་གངས་ཅན་པའི་སྐྱིད་སྡུག་ཆེད་དུ་གང་ཡང་བྱེད་དགོས་པ་ནས་རང་ལུས་མེ་སྤུངས་ཀྱི་ཁ་ཟས་སུ་དྲངས་ནས། ཁ་བ་གངས་ཅན་པའི་རིགས་ལ་ཁ་ཆེམས་འཇོག་པ་དེ་ནི་མཚམས་བཞག་ནས། འཚེ་མེད་ཞི་བ་ཁོ་ནའི་ལམ་ཕྲན་ནས། གཞན་གྱིས་གཉའ་གནོན་ལས་རྒྱལ་ཐུབ་པ་དང་སྟོབས་ཤུགས་ཡོད་པར་སེམས་གཏིང་ནས་རེ་སྐུལ་བྱེད་རྒྱུ་དེ་ཡིན། ཁ་བ་གངས་ཅན་པའི་སྤུན་ཟླ་ཚོ་ལགས།
གྲོགས་པོ་ཁྱེད་ཀྱིས་རང་རྣམ་ལྷུགས་མ་བྲིས་ན་བཟང་གི་མ་གཏོགས། མི་རིགས་ཀྱི་ལ་རྒྱ་སྐྱོང་ཚུལ་ལ་མགོ་རྔ་ཆེན་པོ་མི་འདུག་དགོངས་དག ཁྱེད་རང་གིས་གསུང་སྟངས་དེ་མི་རིགས་གཉིས་ཀྱི་བར་ལ་འགལ་བ་གཏོང་སྟངས་ཞིག་མ་གཏོགས་གཞུང་ཞིག་ལ་ངོ་རྒོལ་མཚོན་བྱེད་ཞིག་ཡིན་པ་ཤེས་ཀྱི་མི་འདུག་ལགས། རྒྱ་གར་བས་རང་བཙན་རྩོད་སྟངས་དང་ཨ་རིའི་མི་ནག་གིས་རང་དབང་རྩོད་སྟངས་དེང་སྐབས་སུ་ཡིན་ཡང་ཤེས་ཀྱི་རེད། དེང་དུས་འཛམ་གླིང་རྒྱལ་ཁབ་ཚང་མས་ཚོང་ལས་གཅིག་ལ་གཅིག་བརྟེན་གྱི་ཚུལ་ཡོད་པའི་དུས་འདིར། ལྕགས་རྟ་ཙམ་ཡང་བཟོ་མི་ཤེས་པའི་མི་རིགས་ཞིག་གིས་རང་སྐྱ་ག་འདྲ་བྱས་ནས་ཕེར་གྱི་རེད། རྒྱ་མི་རིགས་ཀྱི་ཅ་ལག་དེང་དུས་འཛམ་གླིང་གི་ཚོང་ལས་ཀྱི་བརྒྱ་ཆ་ལྔ་བཅུ་ཟིན་ཡོད་པའི་ཚོད་དཔག་བྱེད་བཞིན་པའི་སྐབས་འདིར་བོད་པས་མ་ཉོས་པས་གང་ཡང་ཕན་གྱི་མ་རེད། བསམ་བློ་ཞིབ་མོ་ཞིག་གཏོང་རོགས། དེ་ནི་ཁྱེད་ཀྱིས་རྒྱ་གར་གྱི་རང་བཙན་བརྩད་པས་ལོ་རྒྱུས་དང་བསྡུར་ཚུལ་ཡོད་པ་མ་རེད། བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་བ་དེ་གཞན་གྱིས་བསྟོད་བསྔགས་ཀྱི་མེ་ཏོག་ལ་རེ་བ་མ་རེད། བོད་མི་རིགས་ཀྱི་བདེན་དོན་འཛམ་གླིང་སྒྲོག་པ་རེད།
བོད། ལྷ་ཀླུ་གཉན་གསུམ་ལ་ངས་མུ་མཐུད་ནས་རྒྱབ་སྐྱོར་ཡོད།
དངོས་གནས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་གཅེས་པའི་རང་སྲོག་དམར་པོ་བློས་གཏང་བ་ལ་འཇིག་ཞུམ་དང་ཡ་ང་སྤུ་ཙམ་ཡང་མེད་པའི་གཞིས་ལུས་རྒྱལ་གཅེས་པའི་ཕོ་རྒོད་དེ་ཚོའི་སྙིང་སྟོབས་ལ་ཡི་རངས་ཡོད་པ་མ་ཟད་སྐྱེ་བ་རྗེས་མར་དལ་བརྟེན་རིམ་བརྒྱུད་ཀྱིས་མཐར་ཐུག་བདེ་ཆེན་ཞིང་དུ་སྐྱེ་བའི་སྨོན་ལམ་ཡང་ཡོད།
ཡིན་ནའང་ངོས་ཀྱི་རྟོག་སད་བསམ་ཚུལ་ལ། དེང་སང་བོད་ཁམས་མདོ་སྟོད་སྨད་དགོན་སྡེ་ཁག་མང་པོ་ཞིག་ནས་གཞོན་སྐྱེས་དགེ་འདུན་པ་རྣམས་ཀྱིས་སྐུ་ལུས་མེ་བསྲེག་གཏང་བའི་ལུགས་སྲོལ་ཞིག་སྤང་རི་ལ་མེ་མཆེད་པ་ནང་བཞིན་རྒྱ་ཁྱབ་ཏུ་འགྲོ་བཞིན་པའི་ལུགས་སྲོལ་ཐ་ཆད་འདི་ལ་ངོས་ནས་སྐྱོན་ཆེན་པོ་བཞི་མཐོང་གི་འདུག
༡ སྐྱོན་དང་པོར་མེར་བསྲེག་གཏོང་མཁན་ཚང་མ་གསང་སྔགས་རྡོར་རྗེ་ཐེག་པའི་ཆོས་ཉམས་ལེན་གནང་མཁན་ཤ་སྟག་ཡིན་དུས་ནང་ཆོས་སྐབས་སུ་གདན་གསུམ་ཚང་པའི་ལྷ་ཞེས་ཕུང་ཁམས་གཤེགས་པ་གཤེགས་མ་དང་། དབང་ཡུལ་ཁྲོ་བོ་ཁྲོ་མོ་ཞེས་གསུངས་པའི་ལུས་ལ་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་རྣམས་ལ་བརྙད་པ་དང་རྨོད་པ་སོགས་བྱས་ན་གསང་སྔགས་ཀྱི་རྩ་ལྟུང་འབྱུང་ནས་ངན་སོང་དུ་སྐྱེ་ཞེས་གསུང་ན་བརྟེན་དང་རྟེན་པར་བཅས་པའི་ལུས་དང་ལུས་ལྷ་ཡོངས་རྫོགས་མེར་བསྲེག་གཏང་ན་ཕྱི་མ་མི་ཟད་པའི་རྣམ་སྨིན་ཅི་ཙམ་མྱོང་བ་བཤད་མ་དགོས་པ་རེད།
༢ སྐྱོན་གཉིས་པ། ང་ཚོའི་བོད་ཕྱི་ནང་གི་སྤྱི་ཚོགས་ནང་དུ་བསྟན་སྲིད་ཀྱི་དོན་དུ་རང་སྲོག་བློས་གཏང་མཁན་དང་དཀའ་ལས་རྒྱག་མཁན་མང་ཆེ་ཤོས་དེ་ཆོས་དང་ཆབ་སྲིད་གཉིས་ཀའི་ཐད་ནས་དེང་དུས་ཀྱི་སློབ་སྦྱོང་ཡོད་མཁན་ཤ་སྟག་ཡིན དེང་སང་བཙན་བྱོད་བོད་པའི་སྤྱི་ཚོགས་ནང་དུ་ཆེད་ལས་གསོ་སྐྱོང་ཞེས་པའི་ལས་འགུལ་དང་དེ་མི་འགྲུབ་པའི་སྡུག་སྐད་རྒྱག་ནས་བསྡད་ཡོད། ཆོས་དང་ཆབ་སྲིད་གང་གི་ཐད་ནས་ཡིན་ཀྱང་མཐོ་རིམ་འཛིན་གྲྭ་མཐར་སོན་ཚར་བ་དེ་རྣམས་ང་ཚོའི་མ་འོང་བོད་ཀྱི་སོན་རྩ་ངོ་མ་དེ་རྣམས་ཡིན། ཁོང་རྣམས་ཀྱི་མི་ཚེ་ཕྱེད་ཀར་མ་འོང་བོད་ཀྱི་བསྟན་སྲིད་གཉིས་ཀྱི་དོན་དུ་དཀའ་ལས་རྒྱབ་ནས་བསྐྱེད་བསྲིང་བྱས་པ་དེ། ཉིན་མ་གཅིག་ལ་སྐར་མ་ཁ་ཤས་ཞིག་གི་ནང་དུ་ཐལ་བ་སྦར་མོ་གང་ལ་བསྒྱུར་བཞག་ན། ཙནྡན་གསེར་ལས་རིན་ཆེ་བས། བློན་པོས་སོལ་བ་བྱས་ལ་ལྟོས་། ཞེས་པའི་དཔེ་ལྟར་དུ་ཡིན། མེར་བསྲེག་གཏོང་མཁན་དེ་རྣམས་མ་ཡིན་པའི་ཕྱི་ལོགས་ཞིག་ནས་མ་འོང་བོད་བསྟན་པ་ཆབ་སྲིད་འདི་ལ་བདག་པོ་རྒྱག་མཁན་ཞིག་སུ་ཡོང་གི་རེད། རྒྱ་གར་གཞིས་ཆགས་ཁག་ནང་ཡོད་རྒན་གོག་དེ་ཚོས་བདག་པོ་རྒྱག་གི་རེད་དམ། ཡང་ན་བོད་ནང་ལོགས་སུ་ཡོད་པའི་མགོ་གཉིས་རྒྱལ་འཚོང་བ་དེ་ཚོས་བདག་པོ་རེད། སུས་བདག་པོ་རྒྱག་གི་རེད་བསམ་བློ་ཐོངས་དང་། ང་ཚོ་བོད་ཀྱི་རྩ་དོན་བརྩད་དུས་བསམ་བློ་གཏང་ན་རང་བཙན་ཐོབ་པ་ལས་ཀྱང་རང་དབང་སླར་གསོ་དེ་གལ་ཆེན་པོ་ལ་བཞག་དགོས་རེད། རང་བཙན་ཉིན་མ་གཅིག་ཐོབ་སྲིད་པ་རེད། ཡིན་ནའང་རང་དབང་སླར་གསོའི་སྐབས་སུ་ང་ཚོ་ཆེད་ལས་པ་མེད་ན་ཐབས་མེད་རེད། དེང་སང་བོད་ནས་རྒྱ་གར་ལ་རང་ལུས་སྲོག་འབེན་དུ་གཙུགས་ནས་གཞོན་སྐྱེས་མང་པོ་ཞིག་ཡོང་གི་ཡོད། བོད་གཞུང་ནས་ཀྱང་དེ་ལ་བདག་པོ་རྒྱབ་ནས་རེ་བ་བྱས་ཤིང་བསྐྱེད་བསྲིང་བྱེད་ཀྱི་ཡོད། སྤུ་གུ་སྣབས་ལུགས་ཆུང་ཆུང་ཞིག་ལ་རེ་བ་བཅོལ་ནས་བདག་པོ་རྒྱབ་པ་ལས། ད་ལྟ་ཁ་ཡོད་ལག་ཡོད་ལ་ཡོད་བཞིན་པའི་ཤེས་ལྡན་མི་སྣ་དེ་ཚོ་དོན་མེད་ཕྲོག་རླག་ཏུ་སོང་ན་ང་ཚོའི་གྱོང་རེད་བསམ།
༣ སྐྱོན་གསུམ་པ། ༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོར་བྱས་པའི་བཙན་བྱོལ་བོད་གཞུང་གི་འཐབ་རྩོད་འདི་ནི་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་འཛམ་བུ་གླིང་གི་རྒྱལ་ཁབ་མི་ཉུང་བ་ཞིག་ནས་ཀྱང་འཚེ་མེད་ཞི་བའི་ལྡིང་ཆ་འདི་ཡི་སྒང་ནས་བོད་ལ་ཚད་མཐོའི་རྒྱབ་སྐྱོར་ཐོབ་ཀྱི་ཡོད། ༼འཚེ་མེད་ཞི་བ༽ཞེས་པའི་ཚིག་དུམ་འདི་ཉིད་ཀྱང་ང་ཚོའི་ནང་ཆོས་ནང་གི་ཉམས་ལེན་གྱི་སྙིང་པོ་དེ་ཡིན།
སངས་རྒྱས་ཀྱིས་ཀྱང་། གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། ཞེས་གསུངས་ཡོད། འཚེ་བ་ཞེས་པ་དེ་ཉིད་ཀྱང་གཙོ་བོ་སོ་སོའི་ཀུན་སློང་ལ་རག་ལས་ཡོད། འཚེ་བ་བྱེད་སའི་ཡུལ་རང་གཞན་གཉིས་ལ་ཁྱད་པར་གང་ཡང་མེད། ཀུན་སློང་གཞན་ལ་འཁོན་འཛིན་གྱིས་རང་ལ་འཚེ་བ་བྱས་ན་ཐབས་དེ་ལས་སྡུག་པ་ཞིག་མེད་རང་གཞན་གཉིས་ཕུང་གི་ལས་ངན་བསགས་པ་ཡིན། དེ་བས་བོད་ལ་བཞུགས་པའི་བོད་རིགས་སྤུན་ཟླ་རྣམ་པ་དང་མ་ཟད་དམར་སེར་ངུར་སྨྲིག་གིས་ཆོས་གོས་མནབས་པའི་དགེ་འདུན་པ་རྣམས་ནས་ངང་ཐུང་མཆོང་རྒྱག་གི་བསམ་བློ་ཚབ་བེ་ཚུབ་བེའི་ངང་ནས་སྐུ་ལུས་མེར་བསྲེག་གཏོང་བའི་སྤྱོད་ངན་གྱི་ལས་འགུལ་དེ་རིགས་མ་གནང་རོག་ཞེས་ཞུ་བ་ཡིན།
༤ སྐྱོན་བཞི་པ། ང་ཚོའི་བོད་གཞི་བྱེས་གཉིས་སུ་ཡོད་པའི་འཚེ་མེད་ཞི་བའི་ལྟེ་གནས་ཀྱི་ཆོས་གྲྭ་ཆེན་པོའི་དགོན་པ་དེ་རྣམས་མ་འོང་ལོ་ཁ་ཤས་ཀྱི་རྗེས་སུ་རྒྱ་ནག་གཞུང་ནས་ཐབས་ལམ་འདྲ་མིན་བརྒྱུད་འཇབ་རྒོལ་བ་དང་དྲག་སྤྱོད་པའི་ཤོག་ཁག་ཞིག་ཏུ་བསྙད་ནས་འཛམ་བུ་གླིང་གི་ལྡིང་ཆའི་སྒང་ལ་མི་སྟོན་པའི་ངེས་པ་མེད་པས་འཕྲལ་ཕུག་རྒྱངས་གསུམ་ཇི་དགེར་སྤྱད་ནས་གཟབ་གཟབ་གནང་དགོས།
http://www.tibetcy.com/showart.asp?art_id=1007
དྲ་གྲོགས་རྣམ་པ། དེ་རིང་ངས་བཤད་རྒྱུའི་དོན་རྐྱེན་འདི་གཅིག་བྱས་ན་ཁྱེད་ཀྱིས་གོ་ཡོད་སྲིད་ལ། ཡང་གོ་ཡང་དེ་ཙམ་དོ་སྣང་མ་བྱས་པར་སྣང་མེད་ལྟ་བུར་ཤོར་ཡོད་སྲིད་པས། ཞིབ་ཏུ་ཀློག་རོགས། གནས་ཚུལ་དེ་ནི་བསྟན་འཛིན་སྒང་གཞིས་ཆགས་ཀྱི་བུད་མེད་ལོ་ན་སུམ་ཅུ་ལོན་པ་མིང་ལ་རིག་འཛིན་ཟེར་བ་ཞིག་ཕོ་མོའི་འཆལ་སྤྱོད་ཀྱི་ཉེས་མིང་འོག་བོད་རང་དབང་བདེན་པའི་ལས་འགུལ་གྱི་ལས་བྱེད་བསྟན་འཛིན་ཆོས་གྲུབ་དང་གཞན་མི་འགའ་ཞིག་གིས་ལུས་གཅེར་བུར་ཕྱུངས་ཤིང་གདོང་བར་གྲི་དང་ཇེམ་ཙེས་རྨ་ཁ་བཏོད་དེ་སྤྱི་སྤྱོད་རླངས་འཁོར་ས་ཚིགས་སུ་ཁྲིད་པ་དེ་རེད།དེ་ཡང་བུད་མེད་རིག་འཛིན་དང་བསྟན་འཛིན་ཆོས་གྲུབ་ཀྱི་སྲིང་མོའི་ཁྱོ་གའི་བར་དུ་ལོ་ལྔའི་གོང་དུ་ཕོ་མོའི་འབྲེལ་བ་བྱུང་སྟེ་རིག་འཛིན་ལ་ཕྲུ་གུ་འཁོར་བ་དང་།གྱད་གཏུག་བྱས་ཀྱང་ལྐོག་ཟ་རུལ་སུངས་ཀྱིས་རུལ་ཟིན་པའི་ཁྲིམས་ཁང་ནས་སྐྱོབ་མེད་མགོན་མེད་ཀྱི་བུད་མེད་རིག་འཛིན་ཟེར་བ་དེར་རྒྱལ་ཁ་ཐོབ་ཡོད་མི་འདུག རྒྱུ་མཚན་ནི་སླར་ཏེ་གྱད་ཡ་བོད་གཞུང་གི་ལས་བྱེད་བསྟན་འཛིན་ཆོས་གྲུབ་དང་རྡོ་རྗེ་རྒྱལ་མཚན་གཉིས་ཀྱི་ནང་མི་ཡིན་པ་དང་། རིག་འཛིན་ཟེར་བ་དེར་རོགས་བྱེད་མཁན་སུ་ཡང་མེད་པ་དང་། ཕོ་མོའི་འབྲེལ་བ་བྱས་པའི་ནག་ཉེས་ཀྱང་གཟུག་ཆོག་པས་རེད།
མི་དེ་ཚོ་དེས་ཀྱང་མ་ཚིམས་པར་རིག་འཛིན་ཀྱི་ཨ་མ་རྒས་འཁོག་དང་གྲོང་པའི་མི་རྒན་པ་ཚོས་བཀག་ཀྱང་མ་ཁོག་པར་བུད་མེད་དེ་རླངས་འཁོར་ས་ཚིགས་སུ་ལུས་གཅེར་བུར་ཕྱུངས་ནས་གདོང་པར་གྲི་དང་ཇེམ་ཙེས་རྨ་ཁ་གཏོད་དེ་ཁྲིད་པ་མ་ཟད། ད་དུང་ཁོ་ཚོའི་ནང་གི་བུད་མེད་གཅིག་གིས་པར་ཀྱང་རྒྱག་ཡོད་འདུག ཤིན་ཏུ་ཡ་མཚན་སྐྱེས་དགོས་པ་ཞིག་ལ་བསྟན་འཛིན་ཆོས་གྲུབ་དང་རྡོ་རྗེ་རྒྱལ་མཚན་གཉིས་པར་རྒྱག་མཁན་གྱི་བུད་མེད་དེ་དང་ཕ་མ་གཅིག་གི་མིང་སྲིང་རེད་འདུག ཁོ་ཚོ་རིག་འཛིན་ལ་སྙིང་མི་རྗེ་ནའང་མིང་སྲིང་བར་དུ་ངོ་ཚའང་མེད་པ་ཡིན་ནམ། གལ་སྲིད་ཉེས་པ་བསགས་ཡོད་ན་ཉེས་ཆད་གཅོད་དགོས་ངེས་རེད་མོད། བྱེད་སྟངས་འདི་འདྲ་ནི་ཀླ་ཀློའི་བྱེད་སྟངས་ཤིག་ལས་རང་དབང་དང་དམངས་གཙོ་རྩོད་མཁན་གྱི་མི་ཞིག་གི་བྱེད་སྟངས་མ་རེད་ལ། ལྷག་པར་དུ་བྱམས་དང་སྙིང་རྗེའི་བདག་ཉིད་༧གོང་ས་མཆོག་གི་རྗེས་འཇུག་པར་ཁས་འཆེ་བ་ཚོའི་བྱེད་སྟངས་ག་ནས་ཡིན་སྲིད། དེ་བས་མི་ངན་དེ་དག་ཐར་པ་གཏོང་མི་ཉན། ང་ཚོས་འབྲེལ་ཡོད་ཚན་པར་འབྲེལ་བ་བྱས་ཏེ་རེ་བ་འདི་དག་འདོན་དགོས།
༡ བསྟན་འཛིན་ཆོས་གྲུབ་དང་རྡོ་རྗེ་རྒྱལ་མཚན་གཉིས་ལས་གནས་ལས་དབྱུང་དགོས།
༢ ཉེས་ཅན་པ་དེ་ཚོའི་ནང་མི་རྐང་གཅིག་ཀྱང་ཁེ་ན་སྒྲར་གཏོང་མི་ཆོག
༣ རིག་འཛིན་ལགས་ལ་དགོངས་སེལ་ཞུ་དགོས་པ་མ་ཟད་ཁྲིམས་ལུགས་གཞི་བཞག་གིས་གུན་གསབ་བྱེད་དགོས།
༤རིག་འཛིན་ལགས་ཀྱི་བུའི་ཕ་སྐལ་ཡང་ནང་མི་དེ་དག་གིས་འཇལ་དགོས།
༥ ཉེས་ཅན་པ་གཙོ་བོ་དེ་ཁྲིམས་ལུགས་གཞི་བཞག་གིས་བཙོན་འཇུག་བྱེད་དགོས།
མཆནཿགནས་ཚུལ་མང་བ་ཁ་བརྡ་དྲ་རྒྱར་གཟིགས། ད་དུང་འདིར་ཡང་དྲ་ཐག་ཅིག་ཡོད།http://forums2.phayul.com/forums/index.php?%2Ftopic%2F22033-tenzingang-issue%2F
ཁྱེད་རང་གི་གསུང་ལ་རྒྱབ་སྐྱོར་ཡོད། ང་ཚོའི་བསྟན་སྲིད་ཀྱི་དོན་དུ་རང་སྲོག་ལའང་མི་ཕང་པའི་དཔའ་བོ་དེ་ཚོ་དུས་རིམ་བསྲིངས་ནས་ཉར་དགོས་པ་ལས། སྐར་མ་བཅུའི་ནང་སྐྱོ་རྣམ་ཞིག་ཏུ་བུད་ན་ཆེས་ཕངས་པས། ངོ་མ། ང་ཚོས་དུས་ནས་དུས་སུ་གོ་རྟོགས་འདི་རིགས་སྤེལ་དགོས་པར་སེམས། འཚེ་མེད་ཞི་བའི་ལས་འགུལ་ལ་རྫོགས་མཐའ་དང་མུ་མཐའ་མེད་དེ་རེད།
ཁྱོད་ཀྱི་འདོད་པ་དེར་རྒྱབ་སྐྱོར་མུ་མཐུད་ཡོད་ལ། རྒྱལ་གཅེས་པ་ན་གཞོན་ཞིག་འདི་ལྟར་སྐར་མ་ཁ་ཤས་ནང་འཇིག་རྟེན་འདི་དང་གཏན་དུ་བྲལ་བར་ཁོ་བོའང་ཧ་ཅང་སྙིང་ན། ད་ལྟའི་ཆར་ང་ཚོའི་བདེན་དོན་སྲོག་གིས་རྩོད་པ་ལས་ཐབས་ཀྱིས་རྩོད་རྒྱུ་ཤིན་ཏུ་གལ་ཆེ་བར་སེམས། ཤིན་ཏུ་གཅེས་པའི་ཚེ་སྲོག་རེ་རེ་བཞིན་འདི་ལྟར་འགག་ན་ཧ་ཅང་ཕངས།
ལུང་ཚིག་ཆ་རེ་བློ་ལ་ངེས་ཙམ་གྱིས།།
ཆོས་ཚིག་དུམ་ཅིག་ཡིད་ལ་ཡོད་ཙམ་གྱིས།།
སྣང་སྟོང་སྒྱུ་མའི་དེ་ཉིད་རྟོགས་འདོད་དེ།།
བྱིས་པའི་བློ་ལས་ཡན་ན་སོར་མོ་གང་།།
བོད་་ལྷ་ཀླུ་གཉན་གསུམ་ལགས་ལ།། ཐོག་མར་ངས་ཁྱོད་གསལ་བཤད་བྱེད་རྒྱུ་ཞིག་ལ། ང་ཚོ་མདོ་ལུང་རིང་མོ་དྲེང་ངེས་ཀྱི་དབྱེ་བ་འབྱེད་ནས་སྡོད་ཁོམ་མེད་ལ། གཤིན་ཡུལ་ཁྲིམས་རྭའི་བཀའ་ཁྲིམས་དང་འཇིགས་སྣང་ལ་རྣ་བ་གཏོད་འདོད་་་དེ་བས་མེད། ང་ཚོས་འཚོལ་དང་འཚོལ་གྱིན་པ་ནི་སྨག་མུན་ཁྲོད་ཀྱི་ཞི་བདེ་དང་བདེ་བ་ཅན་མིན་ལ། ང་ཚོ་ལ་དགོས་བ་དང་འཁོ་བ་ནི་ཕ་མེས་ཡང་མེས་ཀྱི་རུས་རྐང་འཐོར་སའི་ཕ་ས་ཕ་ཡུལ་འདིའི་བདག་དབང་དང། འདི་ཆགས་འཇིགས་ཀྱི་གཡང་ནས་སྐྱོབས་རྒྱུ་ཁོ་ན་ཡིན། ཞོར་ཏུ་ངས་ཁྱོད་ཀྱིས་བསམ་ཚུལ་ལ་ངོས་ལེན་མེད་པའི་རྒྱུ་མཚན། དོན་ཚན་གསུམ་གྱིས་སྒོ་ནས་མདོར་བསྡུས་ཞིག་བཤད་རྒྱུ་ཡིན།། དེང་པོ་་་་མི་སྒེར་ཞིག་གིས་རང་ཉིད་ཀྱི་རྒྱལ་ཁབ་དང་མི་རིགས་ཆེད། རང་ཉིད་ཀྱི་ལུས་རྟེན་འཚོ་སའི་ཚེ་སྲོག་གདམ་མར་བཞགས་ཏེ་མདུན་མཆོངས་བྱ་རྒྱའི་ལས་ལ་ཞུགས་དུས། ཁྱོད་དང་ང་ལྟ་བུའི་བདེ་སའི་འཇམ་ས་སྙེགས་པའི་མི་བུ་རེ་ཟུང་ཀྱིས་ཆོས་ཀྱི་ཉམས་ལེན་ཡོད་འདོགས་ཀྱི་འགྲིག་མིན་གྱི་བསླབས་བྱ་རྒྱག་ཁུལ་བྱེད་པ་ནི་ངོ་ཚ་དགོས་བ་ཞིག་མ་རེད་དམ། གཉིས་པ་་་་ང་ཚོ་སྟེ་གངས་ཅན་པའི་ཡུལ་གྲུ་འདིར་ནང་བསྟན་ཆོས་ཀྱི་རྗེས་འཇུག་པ་ཞིག་ཡིན་པ་འཛམ་གླིང་གྲགས་ཡོད་མོད། དོན་ལ་ཏེ་ལྟར་ཡིན་མིན་བསྐྱར་ཞུབ་ཐེངས་གཅིག་བྱེད་དགོས་བ་མ་ཡིན་ནམ། དཔེ་མཚོན་ཙམ་བགོད་ན། བླ་མ་དང་དགེ་བཤེས་ཀྱི་མིང་ཅན་མང་པོ་ཞིག་གིས་བོད་ཕྱི་ནང་གང་སར་དཔལ་འབྱོར་འདི་འགོད་ཆེད་ཆོས་ལོག་འཆད་པ་དང་ཆོས་ཚང་གཉེར་བ། ད་དུང་དེའི་ག་ལ་ཚད་སྤྱིར་བཏང་ཀྱི་གྲྭ་བ་དཀྱེས་མའི་ཁྲོད་ནའང་འཕྲུལ་རྟ་དང་རླུང་འཁོར་གང་རྗིགས་བཏངས་ནས་གསེར་དངུལ་གཡུ་བྱུར་ལས་མཚོན་པའི་ནག་ཚོང་དང་དབྱར་རྩ་དགུན་འབུ་སོགས་ཀྱི་ལོག་ཚོང་རྒྱབ་ནས་ཐ་ན་རང་ཉིད་ཀྱི་ཡུལ་མི་ཚོར་ཡང་འགོ་སྐོར་གཏོང་བཞིན་པ་རྒྱུན་རིང་པོའི་གནས་ཚུལ་མ་རེད། ཁ་སང་དེ་རང་ང་ཚོའི་མིག་མདུན་ཏུ་གསལ་བཞིན་པའི་དངོས་ཡོད་རེད། ཡང་གཅིག་བཤད་ན་འདི་དག་བརྒྱ་ཆ་སྡོམ་ན་གྲངས་ཀ་ཉུང་ཉུང་མིན་ལ། དེ་ལས་ཐབས་སྐྱོ་བ་ཞིག་ཁྱོད་ཀྱི་ངེས་པར་ཤེས་དགོས་པ་ནི། ཆོས་ལུགས་གྲུབ་མཐའི་དབྱེ་འབྱེད་དང་ལྷ་བསྲུང་བརྟེན་ཕྱོགས་ཀྱི་འགལ་ཟླའི་དབང་གིས་རང་ཉིད་ཀྱི་འདི་ཕྱི་གཉིས་ཀྱི་མགོན་དང་སྐྱབས་རྩ་པའི་བླ་མིའི་བཀའ་ཡན་ཆད་ལའང་རྒྱབ་འགལ་བྱས་ནས་མི་གསོད་ཁྲག་སྤྱོར་གྱི་ལས་ག་ཚོད་སྤེལ་ཡོད་པ་ངས་བཤད་ག་ལ་དགོས། ངས་འདི་ལྟར་ང་ཚོའི་ཤི་འཚངས་རོ་འཚངས་སྔོགས་དོན་ནི། ཁྱོད་ཀྱི་དངོས་གནས་ནང་བསྟན་ཆོས་ལུགས་ཀྱི་དགོངས་གཞི་མཐུན་པའི་བོད་ཀྱི་སྤྱི་ཚོགས་བསྐྲུན་འདོད་ཀྱིས་རྨི་ལམ་ཡོད་ན། ཐོག་མར་འདི་དག་ལ་ཁ་རྡུང་དང་དགག་སྒྲུབ་བྱེད་རོགས་ཞེས་ཁྱོད་ལ་འབོད་བསྐུལ་ཙམ་ཡིན། གསུམ་པ། ངས་ཁྱོད་ལ་ཉེ་རབས་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་ཉམས་མྱོང་ཙམ་དཔེ་མཚོན་ཏུ་བཀོད། ༡༩༡༢་ལོར་༧རྒྱལ་དབང་བཅུ་གསུམ་པ་རྒྱ་གར་གྱི་ཉེན་གཡོལ་ནས་ཕྱིར་བོད་དུ་ཕེབས་རིང་དམག་ཤུགས་ལ་བརྟེན་ནས་ཕྱིར་བོད་དུ་ལོག་ཐུབ་པ་དང་བགྲོད་ལམ་བདེ་འཇགས་སུ་བཏང་བ་རེད་མ་གཏོགས་བླ་གྲྭ་ཚོས་སྐྱབས་འཇུག་རུམ་གྲོའི་བྱིན་རླབས་ལ་བརྟེན་ནས་ཕེབས་པ་མིན་པར་གསལ་བོ་རེད། མདོར་བསྡུས་ན། སྐབས་དེར་རྒྱལ་དབང་བཅུ་གསུམ་པ་གཙོའི་ཚ་རུང་དགྲ་འདུལ་དང་རྩེས་བ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་དང་དགེ་འདུན་ཆོས་འཕེལ་སོགས་དེང་རབས་དམང་གཙོའི་བསལ་བློ་ལ་བརྟེན་ནས་བོད་འདི་སྐྱོབས་འདོད་ཀྱིས་རླབས་ཆེན་གྱི་མི་བུ་དེ་དག་ཀྱང་རེ་རེ་བཞིན་རྭ་སྒྲེང་སྟག་བྲག་གྱིས་བཀའ་ཤགས་སྲིད་གཞུང་ནས་ཆོས་ལུགས་ལ་ཁ་གཡར་ཏེ་་་ཆུར་མེད་དུ་བཏངས་པའི་ཉེར་ལེན་ལ་བརྟེན་ནས་བོད་རྒྱ་ལག་ཏུ་ཤོར་བ་ངས་ཁྱོད་བཤད་ག་ལ་དགོས། དེ་རང་གི་དངོས་ཡོད་འཚོ་པའི་བསླུ་བྲིད་ཆེན་པོ་རྡུལ་དམར་སྐྱོམ་པའི་རླུང་ཚུབས་བཞིན་གནམ་ས་བར་མེད་འགེང་འོངས་པའི་ཚེ། འུ་ཚོས་ད་དུང་ཆོག་ཤེས་གླེང་བཞིན་མིག་ཟུང་བཙུམས་ཏེ་མེས་པོའི་བང་སོ་སྔས་འགྲན་ནས་བྲུས་ཏེ་འཁྱེར་བར་བརྩོན་ཀྱང་ཁ་རོག་གེར་སྡོད་ཐབས་ཡོད་དམ། འདི་ཡང་དངོས་པོ་འཕེལ་པའི་གནས་ལུགས་དང་ཆོས་ཉིད་རེད།་་་་མཐར་རབ་བྱུང་ན་ཁྱོད་ཀྱིས་འདི་འདྲའི་རྩོམ་ཡིག་མི་སྤེལ་པའི་རེ་བ་ཡོད། རྒྱུ་མཚན་ནི་་་གཞིས་ལུས་མི་རབས་གསར་པའི་རྒྱལ་གཅེས་དཔའ་པོ་དཔའ་མོ་ཚོས་་་ཕྱི་སྡོད་པ་ང་ཚོ་ལ་བཅིངས་པའི་ཡིད་ཆེས་དང་རེ་བ་བརླགས་བྱེད་ཞིག་ལས་མ་འདུས་སོ་་་་་་བོད་རྒྱལ་ལོ་་་་་་་་་
ཆོས་སྲིད་དབྱེ་བ་འབྱེད་པ་ད་ལྟའི་སྲོལ།།
འཚེ་མེད་ཞི་བ་ཆོས་ཀྱི་སྙིང་བོ་དང་།།
རང་སྲོག་ཕུལ་བ་རྒྱལ་ཁབ་སླར་གསོའི་སྲོལ།།
ལོ་རྒྱུས་གསོན་པོ་བསྐལ་བའི་བར་དུ་བསྲིངས།།
བཙན་བྱོལ་ཁྱི་ཕྲུག་ཟུག་ཀྱང་ཕན་ལས་གནོད།།
ཆོས་ཀྱི་སྙིང་བོ་ལེན་ན་སྒོམ་དུ་ཆས།།
སྲིད་ལ་ཇུས་གཏོགས་བྱེད་ན་དངོས་མིང་ཕྲིས།།
ར་མིན་ལུག་མིན་ཁྱི་ཡི་མཇུག་མ་ཡིན།།
རང་སྲོག་གཤེད་མ་རང་གི་གཏམ་ངན་ཡིན།།
མདོ་སྨད་པ་རི་བོང་མཚན་ཅན་ནས།
ཆོས་ཀྱི་སྙིང་བོ་ལེན་ན་སྒོམ་དུ་ཆས།།
སྲིད་ལ་ཇུས་གཏོགས་བྱེད་ན་དངོས་མིང་ཕྲིས།།
དཀའ་ལས་རྒྱབ་མ་དགོས་པར་རང་དབང་ཐཽབ་དུ་རེ་བ་ནི། སོ་ནམ་མ་དགོས་པར་འབྲས་བུ་ལ་རེ་བ་དང་ཁྱད་པར་ཅི་ཞིག་ཡོད། སྐད་ཆ འདི་ལ་ངོས་ལེན་མེད། ངོ་རྒོལ་ཡོད།
མདའ་གྲི་མདུང་གསུམ་གིས་གང་བའི་འཇིག་རྟེན་དེ་ན།
གཤིན་རྗེའི་གྲོང་ཁྱེར་དེ་ན
ཁྲག་དང་སྣག་དྲིའི་ཁྱབ་པའི་འཇིག་རྟེན་དེ་ན
ཚིལ་དྲི་དང་དུ་དྲི་ཁྱབ་པའི་འཇིག་རྟེན་དེ་ན
སྙིང་སྟོབས་དང་ལ་རྒྱ་གཟིར་བའི
ཕོ་གཞོན་ཞིག་གིས
ཡིད་འོང་དམར་སེར་གྱི་ནམ་གཟའ་དང་
ཆེས་རིན་ཐང་ཎེ་བའི་མི་སྲོག་དེ
ད་དུང་
རྩ་བའི་བླ་མ་དང་
དྲིན་ཕ་མ་
གཅེན་གཅུང་
ཕུ་ནུ་ཐམས་ཅད
འཇིག་རྟེན་འདི་ལ་ཡོད་ཚོད་ལ་ཕྱིར་ལྟོས་ཙམ་ཡང་མ་བྱས་པར་
མི་རིགས་ཀྱི་ཆེད་དུ
རིག་གཞུང་གི་དོན་དུ
སྐད་ཡིག་དང་ལ་རྒྱ་ལ་ཞེན་ནས་
བློས་བཏང་བྱས་
ཁོང་གི་སྐུ་ལུས་མེ་ལ་བསྲེགས་ཤིང་
སོལ་དུམ་བཞིན་ནག་པའི་བེམས་པོ་དེས
ང་ཚོ་ལ་
གངས་རི་བཞིན་དཀར་བའི་ལྷག་བསམ་དེ་བསྟན
གཅིག་རྗེས་གཉིས་མཐུད་ཀྱིས་བུད་ཐལ
འདི་ཐམས་ཅད་གནམ་ནས་བབས་པའི་ཁ་བ་དཀར་པོ་དང་
ས་ནས་སྐྱེས་པའི་མེ་ཏོག་དམར་པོ་ཡིན།
རང་རིགས་ལ་རྒྱས་ཕྱུགས་པའི་གངས་ཕྲུག་ཚོ།
རང་གི་རིགས་ལ་ཞེན་ཅིང་གདུང་བས་ན།
རང་ལུ་ཐོབ་པར་དཀའ་བའི་གཟུགས་ཕུང་འདི།
རང་གར་མེ་བསྲེག་མ་གཏོང་གཞོན་སྐྱེས་ཚོ།
ད་ནས་ལུས་སྲོག་མེ་བསྲེག་མ་གཏོང་རོགས། ད་ནས་ལུས་སྲོག་མ་གཏོང་རོགས་གནང༌།
བོད་ནང་བཞུགས་མཁན་རྣམས་ལ་རེ་བསྐུལ་བཞུ་རྒྱུ་ལ། ཐུགས་རྗེ་གཟིགས་རང་སྲོག་རྩ་ཆེན་དེ་ཕྲོག་བརླགས་མ་བཏང་རོགས་གནང༌། ང་རང་ཚོའི་བོད་མི་འབོར་ཧ་ཅང་གི་ཉུང་ཉུང་ཡིན། རྒྱ་མི་སྟོང་བསད་པ་དང་བོད་མི་གཅིག་གྲོང་པ་གཉིས་ལ་ཁྱད་པར་གང་ཡང་མེད། གལ་ཏེ་རྒྱ་ནག་གི་ངན་སྤྱོད་ལ་བརྟེན་ནས་བཟོད་མ་ཐུབ་པར་རང་ལུས་གཏོང་དགོས་བྱུང་ན། ད་ནས་ཟུང་ངེས་པར་དུ་བོད་ནང་ཡོད་པའི་རྒྱ་ནག་དཔོན་ཆེན་ཁ་ཤས་མེད་པ་བཟོས་ནས་རང་སྲོག་བཏང་ཀྱང་འགྱོད་དོན་གང་ཡང་མེད། རང་བཙན་གྱི་འཐབ་རྩོད་བྱེད་པ་ལ་རང་གཞན་གཉིས་ཀའི་སྲོག་མེད་པ་མ་བཟོས་པར་འཚེ་མེད་ཞི་བའི་གཅིག་པོའི་ལམ་ནས་རྒྱ་ནག་ནས་རང་བཙན་ཐོབ་རྒྱུ་མེད་པ་ངེས། གལ་ཏེ་གཞན་གྱི་སྲོག་བཅད་པ་དེ་འཚེ་བ་དང་རང་སྲོག་བཅད་པ་འཚེ་བའི་ཆོས་མ་ཡིན་ཞེས་ན། དེ་བདེན་པ་མ་ཡིན། རང་ལུས་དང་གཞན་ལུས་སུ་འདྲ་ཞིག་གི་སྲོག་བཅད་ཀྱང་འཚེ་བ་ཅན་གྱིས་ཆོས་སུ་གྱུར་བ་ཡིན། དེར་བརྟེན་རང་གཞན་གཉིས་ཀའི་སྲོག་བཅད་མ་རུང༌། ཐུགས་རྗེ་གཟིགས།།
ཚེ་སྲོག་འགྲོ་སོང་མ་བཏང་པ་རང་བཙན་མ་དགོས་རང་དབང་ཡང་ཐོབ་པ་དཀའ་ལ་དེ་ལྟར་ཐོབ་པའི་ལུང་པ་དང་རྒྱབ་སྣ་གཅིག་ཀྱང་འཇིག་རྟེན་འདིར་བྱུང་མྱོང་མེད། རྒྱ་གར་དང་ཡོ་རབ་ཤར་མ་སོགས་ཀྱིས་ཚེ་སྲོག་མང་པོ་འགྲོ་གྲོན་བཏང་བ་ལབརྟེན་ནས་འདོད་རྔམ་ཅན་གྱི་དབང་སྒྱུར་བ་ཚོས་ཁོ་ཆད་ཨུག་ཐུགས་སུ་གྱུར་ནས་རང་དབང་ལ་སྤྲད་པ་ལས་དཀའ་ལས་མ་རྒྱབ་པར་རང་བཙན་ལྟ་ཅི། ཁ་ལ་ཟས་ཀྱང་རག་པ་དཀའ།
ཐོབ་དཀའི་དར་བརྒྱད་ཚང་བའི་ལུས་སྟེང་འདི།།
རྒྱལ་ཚོང་རང་རིགས་གནོད་བྱར་མ་བཏང་བ།།
ཚེ་སྲོག་འཚོ་བ་གཞན་དོན་ཉིད་བཏང་བའི།།
རླབས་ཆེན་མཛད་པ་འདི་ལ་སུ་མི་སྨོན།།