མ་སྐྱེས་མེ་ཏོག
མི་རིགས་ཤིག་གི་བདེན་པའི་སྙིང་སྟོབས་སེམས་བསྐྱེད་ཀྱིས་
ཁྱེད་ཅག་གི་རང་གཟུགས་མེ་རུ་འབར་སོང་།
བྱམས་བརྩེ་སྙིང་བོ་ཡིན་པའི་འཚེ་མེད་ཞི་བས་གཏོང་ཕོད་ཀྱིས་
ཁྱེད་ཅག་གི་ཚེ་སྲོག་ཕྲ་མོ་མི་རིགས་ལ་ཕུལ་སོང་།
ཁྱེད་ཅག་གི་སྲོག་གི་དབང་བོ་མི་རིགས་ལ་འཐིམས་པའི་སྙིང་སྟོབས་ཀྱི་
མེ་ལྕེ་འདི་མཛེས་སྡུག་གི་སྟོང་པ་ཡིན།
ཁྱེད་ཅག་གི་རྣམ་ཤེས་མེ་ལྕེ་ལས་མཆེད་དེ་མི་རིགས་ཀྱི་ཤ་གསེང་རུས་གསེང་ལ་འཁོར་བའི་
ཞེན་ཆགས་འདི་མཛེས་སྡུག་གི་གཞི་གྲུབ་ཡིན།
ཤུལ་བཞུགས་ཀྱི་ཚེ་སྲོག་མང་པོས་འབར་ཟིན་པའི་ཚེ་སྲོག་དྲན་ཚུལ་ནི་
མྱ་ངན་གྱི་མཆོད་འབུལ་དང་སྨོན་ལམ། མར་མེ་ཁྲོམ་སྐོར་ཁོ་ན་ཡིན།
བྱེད་སྟངས་འདི་མི་རིགས་རང་གིས་ཚེ་སྲོག་ལ་རིན་ཐང་འཇལ་བྱེད་ཅིག་ཀྱང་ཡིན།
ཁྱེད་ཅག་གི་ཤ་གཟུགས་འདི་ཁྱེད་ཅག་ལ་སྟོང་སོང་བ་ནི།
སྙིང་ཉེ་བའི་ནང་མི་སྤུན་ཟླའི་ཡིད་ཤེས་སུ་ཁྱེད་ཅག་བོར་སོང་བ་ཡིན།
ཁྱེད་ཅག་སྟོང་སོང་བ་ནི་མི་རིགས་ཀྱི་བླ་སྲོག་སྟོང་སོང་བ་ཡིན།
ཁྱེད་ཅག་འབར་སོང་བ་ནི་མི་རིགས་ཀྱི་སྙིང་སྟོབས་འབར་སོང་བ་ཡིན།
ཁྱེད་ཅག་གི་ཚེ་སྲོག་འདི་རླབས་ཆེན་ཡིན་ལ།
ཁྱེད་ཅག་གི་ཚེ་སྲོག་མེ་རུ་འབར་བ་འདི་ཡང་གཟི་བརྗིད་ཡིན།
མེ་ལྕེ་འདི། མི་རིགས་ཀྱི་གཟི་བརྗིད་ཡིན།
མེ་ལྕེ་འདི། མི་རིགས་ཀྱི་འཚེ་མེད་ཞི་བ་ཡིན།
མེ་ལྕེ་འདི། ཁྱེད་ཅག་གི་ཚེ་སྲོག་དམར་པོ་ཡིན།
མེ་ལྕེ་འདི། མི་རིགས་ཀྱི་བདེན་དོན་སྙིང་སྟོབས་ཡིན།
མེར་བསྲེག་རླབས་ཆེན་ཡིན། ཚེ་སྲོག་གཟི་བརྗིད་ཡིན།། གྲོགས་པོ་རང་གིས་ནོར་འདུག
ཚེ་སྲོག་མ་གཏོང་རོགས།
ཚེ་སྲོག་རྩ་ཆེ་དྲགས་པས། རང་བཙན་དོན་དུ་ཡང་མ་གཏོང་།
ཚེ་སྲོག་རྩ་ཆེ་དྲགས་པས། གཉིས་སྨན་དབུས་ལམ་དོན་དུ་ཡང་མ་གཏོང་།
ཚེ་སྲོག་རྩ་ཆེ་དྲགས་པས། ཆབ་སྤེལ་རིག་གསུམ་གྱི་་དོན་དུ་ཡང་མ་གཏོང་།
ཚེ་སྲོག་རྩ་ཆེ་དྲགས་པས། ༸གོང་ས་མཆོག་གདན་འདྲེན་དོན་དུ་ཡང་མ་གཏོང་།
ཐུགས་རྗེས་གཟིགས།