བསྟན་འཛིན་ཤེས་རབ།
ཉིས་སྟོང་བདུན་ལོའི་དབྱར་ཟླ་ར་བའི་ནང་ང་འཁྱམ་མྱུལ་གྱིས་བོད་ཀྱི་འབྲོག་ཁུལ་ཞིག་ཏུ་སླེབས་ཡོད། ཉིན་ཞིག་ང་དཔེ་དེབ་མང་བོ་འཁུར་བའི་འབྲོག་པ་ཞིག་ལ་ཐུག་བྱུང་། ཁོང་གིས་ང་ལ་དཔེ་དེབ་ཉོས་དང་གོང་སྩ་མོ་ཡིན་ཟེར། ཁོང་གིས་འཁུར་བའི་དཔེ་དེབ་ལ་རིགས་གཉིས་འདུག གཅིག་ནི་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་སྟོད་སྨད་གཉིས་རེད། གཅིག་དེ་༸གོང་ས་མཆོག་གི་ནང་ཆོས་ངོ་སྤྲོད་རེད། བསྡོམས་པས་དེབ་གྲངས་སོ་དྲུག་འདུག ཚང་མ་དཔར་གཞི་གསར་བ་རེད་ལ་སྐུ་དཔར་དང་གསལ་བཤད་སོགས་ཅི་ཡང་མི་འདུག ཁོང་གིས་མི་ལ་དོགས་ཟོན་དང་སྦས་བསྐུངས་ཅི་ཡང་བྱེད་ཀྱི་མི་འདུག་པས། ང་ཁོང་གི་བདེ་འཇགས་ལ་སེམས་ཁྲལ་ལངས་བྱུང་། ང་ལ་ཡང་བཀའ་སློབ་ཀྱི་དཔེ་ཆ་འདི་དང་གཞན་དག་ཁ་ཤས་ཤིག་ཡོད་མོད། ཁོང་ལ་ཉེན་ཟོན་གྱི་སྐད་ཆ་འགའ་བཤད་དགོས་པས། ཐོག་མར་ཁོང་གི་ཡིད་ཆེས་འགུག་ཕྱིར་ནང་ཆོས་ངོ་སྤྲོད་ཉོ་རྩིས་བྱས་པ་ཡིན། འོན་ཀྱང་ཁོང་གིས་སྲིད་དོན་རྒྱལ་རབས་སྟོད་སྨད་དང་ནང་ཆོས་ངོ་སྤྲོད་ཆ་བྱས་ནས་མ་གཏོགས་བཙོང་གི་མེད་ཟེར་བས། ངས་ཀྱང་དེ་བཞིན་ཉོས་པ་ཡིན། ངས་ཁོང་ལ། ཁྱོད་ཀྱིས་དཔེ་དེབ་འདི་དག་འདི་ལྟར་འགྲེམས་སྤེལ་བྱས་ཚེ་བདེ་འཇགས་ལ་ཉེན་ཁ་ཆེ། དོན་དག་ཆུང་ཆུང་འདི་ཙམ་ཆེད་བཙོན་ཁང་ལ་བཅུག་སྟེ་མནར་གཅོད་མྱོང་ན་ཕན་ཐོགས་མེད་པ་དང་དུས་ཚོད་འཕྲོ་བརླགས་ཡིན་ཚུལ་བཤད་པ་མ་ཟད། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་ཡང་མ་རེད། ཁོང་གི་དགོངས་གཞི་ནི། བོད་ཡུལ་གྱི་བོད་འབངས་ཐམས་ཅན་སྐྱིད་པོ་བདེ་མོའི་ངང་ཞི་བདེའི་དཔལ་ལ་རོལ་རྒྱུ་དང་། རང་ས་རང་ཡུལ་ནས་རང་གི་རིག་གཞུང་དང་གོམས་གཤིས་བཟང་བོ་རྣམས་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་དེ་ཡིན། ཁོང་དང་བོད་གཞུང་གི་དབུ་ཁྲིད་རྣམ་པས་དུས་རྒྱུན། རང་ཅག་གི་ཚེ་སྲོག་གཅིག་ཡིན་རུང་བོད་ཀྱི་གནད་དོན་ལ་མཚོན་ན་ཧ་ཅང་རྩ་ཆེན་ཡིན་པ་དང་། ཚེ་སྲོག་ལ་སྲི་ཚགས་གནང་དགོས་པའི་བཀའ་སློབ་ལམ་སྟོན་གནང་བཞིན་ཡོད་ཚུལ་སོགས་བཤད་པ་ཡིན་ལ། གནད་དོན་འདི་ཚོ་མི་གཞན་ལ་ཡང་བརྒྱུད་བསྒྲགས་གནང་རྒྱུའི་རེ་བ་ཞུས་པ་ཡིན། ཁོང་གིས་ཡིད་ཆེས་ལ་མ་ཆེས་པའི་ཚུལ་གྱིས། ཁྱོད་ཀྱིས་དེ་དག་ཇི་ལྟར་ཤེས་པ་ཡིན་ཞེས་དྲི་བ་མང་བོ་ཞིག་བཏོན་བྱུང་། མཇུག་མཐར་ང་ཨུ་ཐུག་སྟེ་རྒྱབ་ཁུག་ལས་༸གོང་ས་མཆོག་གི་སྤྱོད་འཇུག་ཆེན་མོ་དང་ལམ་རིམ་ཆེན་མོ་སོགས་ཀྱི་བཀའ་ཁྲིད་ཀྱི་འོད་སྡེར་ཁ་ཤས་བླངས་ནས་སྤྲད་པ་ཡིན། དེ་དང་མཉམ་དུ་བོད་ཀྱི་སྐད་ཡིག་ཟིན་བྲིས་སོགས་དྲ་ཚུགས་དག་ཏུ་ནང་བའི་ལྟ་སྤྱོད་ཀུན་བཏུས་དང་ནང་ཆོས་ངོ་སྤྲོད་སོགས་མུ་འགོད་ཀྱིས་སྤེལ་བཞིན་པའི་རང་གི་ཟིན་བྲིས་ཀྱི་ཁ་བྱང་དག་ཀྱང་སྤྲད་པ་ཡིན། ཁོང་ཡ་མཚན་པའི་ངང་། འོ་ན་ཁྱོད་བཙོན་ཁང་དུ་འགྲོ་རྒྱུར་མི་སྐྲག་གམ་ཟེར། ངས་ཁོང་ལ། ང་རང་ཉིད་ཀྱིས་སྤྱོད་བཞིན་པ་འདི་དག་ལ་ཆབ་སྲིད་ཀྱི་ཆ་ཅི་ཡང་མི་འདྲེས། རྒྱ་གཞུང་གིས་འཛིན་དོན་མེད་པས། ང་མི་སྐྲག་ཅེས་བཤད་པ་ཡིན་ལ། མ་གཞི་ནས་སྲིད་དོན་རྒྱལ་རབས་ཀྱི་དེབ་དེ་གོ་མི་ཐུབ་པས། འདི་གའི་བོད་མི་ཚོར་ཕན་ཐོགས་ཡོད་མེད་མི་ཤེས། ༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་དག་དེ་དང་མི་འདྲ་ཞེས་བཤད་པ་ཡིན།
ལོ་དེའི་དགུན་ཁར་ང་འཁྱམ་བཞིན་སྡོམ་བཞིན་ལྷ་སར་སླེབས་ཡོད། ཐེངས་ཤིག་བར་སྐོར་ལས་དུང་བ་ཟབ་པའི་སྔོན་ཆད་ཀྱི་གྲོགས་པོ་ཁ་ཤས་ལ་ཐུག་བྱུང་། ཁོང་ཚོས་ང་ལ། ཕྱིར་རྒྱ་གར་དུ་འགྲོ་བཞིན་ཡོད་དམ། ཁོང་ཚོའི་མི་གཅིག་ཀྱང་འགྲོ་རྩིས་འདུག་པས་མཉམ་དུ་ཁྲིད་རོགས་ཟེར། ངས་ད་དུང་ལོ་རེ་ཟུང་ཞིག་ལ་འགྲོ་གི་མིན་ཞེས་པར། ཁོང་ཚོས་མྱུར་མོར་སོང་ན་མ་གཏོགས། ལོ་གསར་རྗེས་ནས་བོད་ས་ཡོངས་ནས་ཡར་ལངས་རྒྱག་རྒྱུ་རེད་ཟེར་གྱི་འདུག་པས། ཕྱིར་འགྲོ་འདོད་རུང་འགྲོ་ཐུབ་ཀྱི་མ་རེད་ཅེས་ཟེར། ང་ཡ་མཚན་པར་གྱུར། གཏན་ནས་ཡིད་མ་ཆེས། རྒྱ་ནག་ལ་གདུག་རྩུབ་དེ་འདྲ་ཆེ་ཞིང་དྲག་པོའི་དཔུང་ཤུགས་དེ་འདྲ་ཆེ་བས་སུ་ཞིག་གིས་རང་སྲོག་འབེན་ལ་འཇོག་ཐུབ། ཡང་གཅིག་བཤད་ན། ཆབ་སྲིད་ཀྱི་དོན་དག་དེ་ཚོ་གསང་བའི་ངང་སྒྲུབ་དགོས་པ་མ་གཏོགས། སྔ་ས་ས་ནས་འཆར་གཞི་ཡོད་ཚད་ཕྱིར་བསྒྲགས་བྱས་བཞག་ན། ལས་དོན་ཞིག་འགྲུབ་མི་ཐུབ་པ་ང་འདྲ་བའི་གླེན་པ་ཞིག་གིས་ཀྱང་རྟོགས་ནུས་པས། དེ་ནི་ཁ་འཁྲུག་རང་རེད་སྙམ། འོན་ཀྱང་ཉིས་སྟོང་བརྒྱད་ལོར་དངོས་སུ་ཡར་ལངས་བརྒྱབ་བྱུང་ལ་བོད་ས་སྟོད་སྨད་ཡོངས་འགུལ་བྱུང་བས། ང་རང་རང་ཉིད་ལའང་ཡིད་ཆེས་དཀའ་བར་གྱུར།
ཕྱིས་སུ་ཉི་མ་རེ་རེ་བཞིན་རྒྱ་ནག་གི་གཡོ་ཇུས་དང་བོད་མི་གསོད་བཟུང་བཅོམ་གསུམ་གྱི་གནས་ཚུལ་རིགས་གོ་ཡོང་བ་དང་། ལྷག་པར་དུ་རྒྱ་ནག་དབུས་བརྙན་འཕྲིན་CCTV གྱི་གསར་འགྱུར་རྫུན་མ་དེ་དག་རེ་རེ་བཞིན་མཐོང་ཐོས་བྱུང་སྐབས། སྙིང་ལ་ཟུག་གཟེར་རྒྱག་ཅིང་མགོ་བོ་གྱང་ལ་བརྡབ་དགོས་པའི་ངང་ཚུལ་བྱུང་ལ། ཨམ་གཙིགས་སྡོམ་བཞིན་མིག་ནས་མཆི་མ་བཞུར་བའི་དུས་ཀྱང་བྱུང་བས། ཚོར་བ་དེ་དག་སྐད་ཆས་མཚོན་མི་ཐུབ་པ་ཞིག་རེད།
རྒྱལ་བོའི་རྒྱལ་ས་མ་བདེ་ན་སྤྲང་བོའི་ཉལ་ས་མི་བདེ་ཞེས་པའི་དཔེ་ལྟར། འབྲེལ་བ་ཅི་ཡང་མེད་ས་ནས་ང་ལ་ཡང་བོད་མི་སྤྱི་མཚུངས་ལྟར་གྱི་དཀའ་སྡུག་མི་ཉུང་བ་ཞིག་འཕྲད། ཐ་ན་དཀའ་ངལ་དེ་དག་གིས་བོད་ཡུལ་ནས་སྡོད་མ་ཐུབ་པར་རྒྱ་ཁོག་ཏུ་བཙན་བྱོལ་ལ་འགྲོ་དགོས་བྱུང་སོང་།
ང་ལ་རྒྱ་ནག་ཏུ་དྲིན་ཆེ་བའི་རྒྱ་མི་ངོ་ཤེས་འགའ་ཡོད། དེ་སྔ་ཁོང་ཚོ་ཚང་མ་༸གོང་ས་མཆོག་ལ་དད་མོས་ཆེ་ཞིང་། ༸གོང་ས་མཆོག་ལ་སྤྱན་རས་གཟིགས་དངོས་ཀྱི་འདུ་ཤེས་འཛིན་མཁན་རྐྱང་ཡིན། ཁོང་ཚོས་དུས་རྒྱུན་༸གོང་ས་མཆོག་གི་སྤྱོད་འཇུག་གི་བཀའ་ཁྲིད་སོགས་ལ་ཉན་གྱི་ཡོད་ལ། ༸གོང་ས་མཆོག་ལ་མཇལ་བར་འགྲོ་འདོད་ཀྱི་འདུན་པས་བྲེལ་བཞིན་ཡོད། བོད་ཡར་ལངས་ཀྱི་དོན་དག་དེ་བྱུང་བ་ནས་ཁོང་ཚོ་ཚང་མ་འགྱུར་སོང་། སྔོན་ཆད་ཀྱི་ཁོང་ཚོའི་༸གོང་ས་མཆོག་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་འཛིན་པའི་དད་མོས་དེ་ཉམས་འདུག་ལ། བོད་མི་རིགས་ལ་དུང་བ་ཟབ་པའི་འདང་བརྩེ་དེ་ཡང་ཡལ་སོང་། སྔོན་ཆད་ཀྱི་ཁོང་ཚོའི་བོད་ཀྱི་ཡོད་ཚད་ལ་སྲུང་སྐྱོབ་བྱེད་དགོས་པའི་ལྟ་ཚུལ་དེ་འགྱུར་འདུག་ལ། བོད་ཀྱི་ཆོས་དང་རིག་གཞུང་རྩ་ཆེན་དུ་འཛིན་པའི་བསམ་བློ་དེ་ཡལ་སོང་། ཐ་ན་ཁོང་ཚོས་ང་ལ་འདྲེ་སྲིན་ལྟ་བུའི་དྲག་སྤྱོད་པ་དང་དེ་ཚོའི་རྒྱབ་རོལ་ཀྱི་ཁྲམ་པ་ཚོར་གདུང་སེམས་མ་འཛིན་ཞེས་ཁ་ཏ་བྱས་བྱུང་། ཁོང་ཚོས་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་གི་ཐད་ནས་བཤད་ཀྱང་གང་མང་བ་དེ་གཙོ་བོར་འཛིན་དགོས་པས། བོད་རང་བཙན་ནི་བསྐལ་བ་ཇི་སྲིད་ཀྱི་བར་དུ་ཡོང་ཐབས་མེད་པ་ཞིག་ཡིན། སྟོང་སེམས་མ་བཅངས། དེ་ལས་ཀུན་ཕན་དང་གཉིས་སྨན་གྱི་ལངས་ཕྱོགས་ཤིག་བཟུང་ན་རེ་བ་ཆེ། གལ་སྲིད་རྒྱལ་སྤྱིའི་བཙན་ཤུགས་འདྲ་བ་སོགས་ཀྱིས་བོད་རང་བཙན་ཐོབ་རུང་། རྒྱའི་མི་རིགས་ལ་རང་ལ་མ་ཐོབ་ན་གཞན་ལ་ཡང་ཐོབ་ཏུ་མི་འཇུག་པའི་གཤིས་ཀ་ཞིག་ཡོད་པས། བོད་རང་བཙན་ཐོབ་ཉིན་དེ་ལ་རྡུལ་ཕྲན་མཚོན་ཆ་རེ་ཟུང་ཞིག་གིས་བོད་ཡུལ་རྩད་རྫོགས་བྱེད་ངེས་རེད་ཟེར། གལ་སྲིད་ཁོ་མོ་༸རྒྱལ་བ་རིན་པོ་ཆེ་ལ་མཇལ་ན་ཁོང་ལ་ཡང་གནས་ཚུལ་གསལ་བཤད་ཀྱིས་ཁ་ཏ་བྱེད་ངེས་ཡིན་ཟེར། ངས་ཁོང་ཚོར་རང་ནུས་ཡོད་ཚད་ཀྱིས་༸གོང་ས་མཆོག་དང་བོད་གཞུང་གི་སྲིད་བྱུས་དང་དབུ་མའི་ལམ་གྱི་ངོ་བོ་འགྲེལ་བཤད་བྱས་པ་ཡིན། བོད་ལ་ཐོབ་དགོས་པ་དེ་ཐོབ་འོས་ཀྱི་གནས་ལུགས་བཤད་པ་ཡིན། ང་ཚོ་རྩ་བའི་གནད་དོན་དེ་འདྲ་འགའ་ཞིག་གི་ཐོག་ནས་ཐེངས་མང་བོར་འཁྲུག་རྩོད་ཤོར་ལ་ཐ་མར་འབྲེལ་ཐག་བཅད་པ་ཡིན།
ཉིས་སྟོང་དགུ་ལོའི་ལོ་མགོར་ང་ཕྱིར་བོད་དུ་བསྐྱོད་པ་ཡིན། བོད་མི་མང་བོ་ཞིག་གིས་བཙན་བྱོལ་ནང་གི་ཚོགས་པ་དུ་མ་ཞིག་དང་མི་སྒེར་མང་བོ་ཞིག་ལ་སྡིགས་དམོད་བྱེད་ཀྱི་འདུག ཁོང་ཚོས་བོད་མི་གྲངས་མེད་ཅིག་གི་ཚེ་སྲོག་རྒྱ་ལག་ཏུ་འཇོག་མཁན་ནི་ཚོགས་པ་དེ་དག་དང་མི་དེ་དག་རེད་ཟེར་ལ། ད་ལྟ་ད་དུང་བོད་མི་ཁྲི་ཕྲག་གིས་རྒྱའི་བཙོན་ཁང་ན་མནར་གཅོད་མྱོང་བཞིན་པ་དང་། འབངས་མི་སེར་གྱིས་འདི་ལྟར་དཀའ་ངལ་མྱོང་བཞིན་པའི་རྒྱུ་རྐྱེན་ཡང་ཁོ་ཚོར་ཐུག་ཡོད་ཟེར། ངས་གནས་ཚུལ་ཇི་བཞིན་པ་ཞིག་ཤེས་མ་ཐུབ། ཁོང་ཚོའི་སྐད་ཆ་ལ་གཞིགས་ན། བཙན་བྱོལ་ནང་གི་ཤེས་ཡོན་པ་སྐོར་ཞིག་དང་ཚོགས་པ་དུ་མ་ཞིག་གིས་དཔེ་དེབ་དང་ཡིག་ཆ་འགྲེམས་སྤེལ་གྱིས་༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ཡིན་ཚུལ་གྱི་བརྒྱུད་བསྒྲགས་བྱས་པ་དང་། གོ་སྐབས་དམ་འཛིན་དགོས་ཚུལ་དང་། ༸རྒྱལ་བ་རིན་པོ་ཆེའི་སྐུ་དོན་ཡིན་ཚུལ་སོགས་བསྒྲགས་འདུག་ཟེར། བདེན་བརྫུན་གང་ཡིན་མི་ཤེས། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་དང་རྒྱ་མི་ཚོའི་ཁ་ན་ཡང་དེ་ལྟར་གྲགས་བཞིན་འདུག འོན་ཀྱང་གློ་བུར་བའི་ཚོར་བའི་རྐྱེན་པས་ང་ཚིག་པ་གཏིང་ནས་ཟས་བྱུང་། ཟླ་ངོ་འདི་དག་གི་རིང་ལ་རྒྱ་ནག་གི་CCTV གཙོས་པའི་གསར་འགྱུར་བརྒྱུད་ལམ་ཁག་དང་གནས་ཚུལ་དག་གིས་སྙིང་ནད་བསླངས་བསླངས་པས། དུས་སྐབས་དེར་ང་མི་སྙིང་རོ་ཅན་ཞིག་ཏུ་གྱུར་འདུག རྒྱ་ནག་གི་གདུག་རྩུབ་དང་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་དེ་ཤེས་བཞིན་དུ། ༸གོང་ས་མཆོག་གི་མཚན་བེད་སྤྱད་དེ་དྲང་མོ་དྲང་རྐྱང་གི་བོད་མི་ཚོའི་ཚེ་སྲོག་རྩེད་སྤྱད་བྱེད་མཁན་འདི་ཚོར་སེམས་ཁོང་གཏིང་ནས་རྒྱ་ནག་དང་དབྱེར་མེད་པའི་སྡང་སེམས་ཤིག་སྐྱེས། གདུག་རྩུབ་དང་མཚོན་ཆའི་སྣེ་ནས་ཚེ་སྲོག་ཤོར་ཟིན་པའི་བོད་མི་ཚོ་དང་། ཁོང་ཅག་གི་ཤུལ་གྱི་ངོ་གདོང་མཆི་མས་བརླན་པའི་ཕ་མ་རྒན་རྒོན་དང་ཕུ་ནུ་མིང་སྲིང་ཚོ་དྲན་ན་སེམས་ཁོང་ནས་བཟོད་ཐབས་ཤིག་མི་འདུག་ལ། མིག་ཆུ་ལ་རང་དབང་ཞིག་མི་འདུག གལ་སྲིད་ང་ལ་ནུས་པ་ཞིག་ཡོད་ཚེ། སྲིན་པོ་མགོ་དགུ་ཞིག་ཏུ་སྤྲུལ་ཏེ་ལག་དམར་བ་དང་དེ་ཚོའི་མགོ་ལ་སོ་ཞིག་བཏབ་རུང་སྙིང་ནད་མི་སངས་པའི་ཚད་དུ་སླེབས་འདུག
ཉེ་བའི་ཟླ་འདི་དག་གི་རིང་ལ། བོད་མི་བཅུ་གཉིས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེ་ལ་སྒྲོན་སོང་། གཅིག་བྱས་ན་ནོར་འཁྲུལ་ཡིན་སྲིད་མོད་ང་ངོ་མས་ཕངས་སེམས་ཀྱིས་བཟོད་གླགས་ཤིག་མི་འདུག མཆོད་སྦྱིན་གནང་མཁན་ཕལ་མོ་ཆེ་ནི་དམ་ཚིག་དང་སྡོམ་པ་ཁས་བླངས་པའི་རབ་བྱུང་བ་རེད། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་ས་ཐོབ་ཀྱི་བྱང་སེམས་ལ་མ་གཏོགས་སྲོག་གཅོད་ཀྱི་ལས་གནང་མེད། སྐབས་ཐོག་དེའི་ཁོང་རྣམ་པའི་སེམས་ཚོར་དང་ཀུན་སློང་ཅི་འདྲ་ཞིག་ཡིན་ན་ཡང། སྐབས་ཐོག་དེར་ཁོང་རྣམ་པའི་སྲོག་གཅོད་ཀྱི་རྩ་སྡོམ་ལྟུང་ཟིན་པ་ནི་དངོས་ཡོད་རེད། བོད་མི་ཕལ་མོ་ཆེ་སུ་ལ་ཡང་ཕངས་སེམས་འདི་སྐྱེས་ཡོད་ངེས། ང་ཚོས་རང་ལུས་ལ་དཔེ་ཞིག་འཇོག ལག་པར་ཁབ་བཙགས་ཙམ་བྱས་ན་ཡང་ན་ཟུག་ཅི་ཙམ་འདུག ཁོང་རྣམ་པར་སྐུ་གཟུགས་མེ་ལ་སྲེག་ནུས་པའི་ཞུམ་མེད་ཀྱི་དཔའ་སྤོབས་དང་བློ་ཁོག་དེ་ཙམ་འདུག བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་དཔའ་བློ་སྤོབས་ཀྱི་བདག་པོ་དེ་དག་ཇ་ཡུན་ཙམ་གྱི་རིང་ལ་ང་ཚོ་དང་ཁ་བྲལ་སོང་། བོད་ཀྱི་རྩ་དོན་དང་ཁ་བྲལ་སོང་། བོད་ཀྱི་འདུན་ལམ་དང་ཁ་བྲལ་སོང་། བོད་ཀྱི་གཞན་ཕན་སྙིང་རྗེའི་སྤྱི་ཚོགས་ཞབས་ཞུ་དང་ཁ་བྲལ་སོང་། བོད་ཀྱི་སྐད་ཡིག་དང་ཁ་བྲལ་སོང་། བོད་ཀྱི་རིག་གཞུང་དང་ཁ་བྲལ་སོང་། ཁོང་ཚོ་ལྟ་བུའི་བུ་རྒོད་ད་དུང་ང་ཚོ་ལ་ཅི་ཙམ་ཡོད་དམ། གྲུབ་འབྲས་ཅི་ཙམ་ཡོད་མེད་མི་ངེས་པའི་མཆོད་སྦྱིན་གྱི་ལས་དེ་ལས། ཞུམ་པ་མེད་པའི་དཔའ་བློ་སྤོབས་ཀྱི་ཁོང་ཚོའི་ནུས་པ་བོད་ཀྱི་རིག་གཞུང་སྟེང་ལ་བཀོལ་ཡོད་ན་ཨང་། བོད་ཀྱི་འདུན་ལམ་སྟེང་ལ་བཀོལ་ཡོད་ན་ཨང་། བོད་ཀྱི་སྤྱི་ཚོགས་སྟེང་ལ་བཀོལ་ཡོད་ན་ཨང་། གནམ་གྱིས་ས་བཀབ་པ་ལྟ་བུའི་བོད་སྔ་རབས་ཀྱི་མཁས་ཆེན་རྣམས་དང་། རི་ཡི་ལྷུན་པོ་དགུང་དུ་ཟུག་པ་ལྟ་བུའི་བོད་ཉེ་རབས་ཀྱི་མཁས་པ་རྣམས་ཀྱང་ཞུམ་མེད་ཀྱི་དཔའ་བློ་སྤོབས་འདི་འདྲ་ཡོད་པས་ད་གཟོད་བྱུང་བ་རེད་ལ། དཔའ་དང་བློ་ཁོག་འདི་འདྲ་ཡོད་པས་ད་གཟོད་བོད་ཀྱི་རིག་གཞུང་ལ་བྱས་རྗེས་བཞག་པ་རེད། འདི་ལྟར་བསམ་བློ་བཏང་གིན་བཏང་གིན་ཕངས་སེམས་ཚད་མེད་ཅིག་སྐྱེས་འོང་ལ། ཕངས་སེམས་སྐྱེས་ཀྱིན་སྐྱེས་ཀྱིན་ཚིག་པ་ཟ་འོང་། རང་ལུས་མེ་ལ་སྒྲོན་མཁན་ཁོང་ཚོར་ཚིག་པ་ཟ་འོང་ལ། བོད་ཀྱི་འཐབ་རྩོད་འདི་ལ་ཚིག་པ་ཟ་འོང་། ཁ་ནས་བསྟོད་བསྔགས་འདྲ་བའི་འདྲ་ཆགས་ཀྱི་སྐད་ཆ་རེ་བཤད་དེ་མུ་མཐུད་སྲེག་སྦྱོར་བྱེད་མཁན་འབྱུང་བར་རེ་བའི་ཚེ་སྲོག་རྩེད་སྤྱད་མཁན་ཚོར་ཚིག་པ་ཟ་ལ། ཁ་ནས་ཅི་བཤད་མེད་པའི་སྨྱོན་པའི་ཚོགས་ལ་ཚིག་པ་ཟ་འོང་། ཆབ་སྲིད་པ་རྫུན་མ་ཁྲམ་པའི་ཚོགས་ལ་ཚིག་པ་ཟ་ལ། རླབས་ཆེན་ཀྱི་ཚེ་སྲོག་དེ་དག་འཆི་ལམ་དུ་རྫོང་མཁན་གྱི་གླ་གློ་གདུག་རྩུབ་ཅན་དེ་ཚོའི་སྙིང་དམར་བོའི་མགོ་ལ་སོ་ཤན་རེ་བྱེད་འདོད།
ད་ནི་ཡོད་ཚད་འདས་ཟིན་ལ། ཕྱིན་ཆད་རླབས་ཆེ་བའི་ཚེ་སྲོག་འདི་འདྲ་མི་འཆོར་བའི་སྐྱབས་འཇུག་ཞུ་བ་དང་། གཤེགས་ཟིན་པའི་དམ་པ་རྣམས་ཀྱི་རྣམ་ཤེས་བདེ་བར་གཟིམ་པའི་སྨོན་ལམ་ཞུ།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །
རགས་ཙམ་བཀླགས་པ་ཡིན་སྙན་པོ་བྲིས་གནང་འདུག་ལ་དོན་དངོས་དང་འདྲ་པོ་འདུག་
གང་ཡིན་ཟེར་ན་ངའང་སྔོན་མ་བོད་ལ་ཡོད་རྒྱ་མི་རིགས་དང་ཐད་ཀར་ཆབ་སྲིད་དང་མི་རིགས་སོགས་གང་ཅིའི་ཐད་ནས་རྩོད་པ་རྒྱག་པའི་གོམས་གཤིས་ཤིག་ཡོད་པས་ཁོང་ཚོས་ཀྱང་བདེན་དོན་དང་གནས་ལུགས་ཇི་ཙམ་བཤད་ཀྱང་ཉན་གྱི་མི་འདུག་ལ་དེ་ལས་ཟློག་ཏེ་མཚན་སྨོད་དང་ཁངས་ར་ཇེ་ཆེར་འགྲོ་གི་འདུག་། གང་ཡིན་ཟེར་ན་མི་རིགས་རིང་ལུགས་ཀྱི་ང་ལྟ་བ་དང་ང་རྒྱལ་ཆེ་དྲགས་པས་རང་མེད་མི་མེད་
བཟོ་འདོད་ད
བཀྭའ་དྲིན་ཆེ། བཀླགས་ནས་བུད་སོང་།
ཀྱི་བསམ་བློ་ཧ་ཅང་ཆེ་བས་ཕལ་ཆེར་བོད་པ་ཇི་ཙམ་མང་བ་ཤི་ན་དེ་ཙམ་གྱིས་བློ་ཡིད་འཚིམ་པ་དང་ཁོང་ཁྲོ་ཇེ་ཆུང་དུ་འགྲོ་གི་ཡོད་ས་རེད། དེར་བརྟེན་ང་ཚོས་ཀྱང་གཙོ་བོ་རང་ས་ཟིན་པའི་ཐོག་ནས་ཞི་འཇམ་གྱི་ཁ་གཏད་
གཅོག་དགོས་པ་ལས་བོད་མི་གཅིག་ཤི་ན་རྒྱ་མི་བཅུ་བོད་ཡུལ་ལ་ཡོང་བདེ་བ་དང་
གནས་བཟོད་བདེ་པོའི་ངང་ནས་བློ་བདེ་བག་ཕེབ་ཀྱིས་གནས་ཐུབ་ངེས་ཡིན་པས་ང་ཚོས་
བོད་ཕྲུག་མང་ཙམ་བསྐྱེད་བསྲིངས་བྱས་ཏེ་རང་ས་ཡུན་རིང་འཛིན་ཐུབ་པའི་ལས་ལ་འབད་
དགོས་པ་ནི་ཆེས་ཐོག་མའི་ཆ་རྐྱེན་དང་ལས་འགུལ་ནུས་པ་ཆེ་ཤོས་དེ་ཡིན་པས་དེ་
དོན་གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཐུགས་དགོངས་སུ་འཇགས་པར་འཚལ་
ལོ་ཞེས་ལག་གཉིས་ཐལ་མོ་སྦྱར་ཏེ་ཞུ་བ་ལགས་སོ།།
མཁྱེན་ཡངས་རྩོམ་སྒྲིག་པ་ལགས། འདི་འདྲའི་མྱུར་མོར་དྲ་ཐོག་ཏུ་བཀོད་པར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། རྩོམ་ཡིག་འདིའི་ནང་ནོར་བ་ཁ་ཤས་ཤིག་ཤོར་འདུག་པས། གཤམ་དུ་ནོར་བཅོས་ཀྱིས་ཕུལ་ཡོད་པ་ལགས་ན། དེ་དེ་བཞིན་བསྐྱར་འཇུག་གནང་བའི་སྐྱབས་འཇུག་ཞུ།
རང་དང་གཞན་ དུད་འགྲོའི་ ཚེ་སྲོག་ཀྱང་ རྩ་ཆེན་ རེད། དེ་བས་ རང་བཙན་གྱི་ ཆེད་དུའང་ རང་སྲོག་ བློས་མ་ཐོངས་ ཤིག རྒྱུ་མཚན་ནི་ རང་བཙན་ ཡང་ ཁྱེད་ཀྱི་ ཚེ་སྲོག ཆེད་དུ་ ཡིན་དགོས་ པས་སོ། །
བཀའ་དྲིན་ཆེ། འབོལ་རྩོམ་གནད་ལ་བསྣུན་པ་ཞིག་བྲིས་བཞག ང་ཚོ་སྤུན་ཟླའི་ཚེ་སྲོག་རྩེད་སྤྱད་བྱེད་མཁན་རྒྱ་དམར་ཙམ་མ་ཡིན་པར་ཆབ་སྲིད་ཀྱི་དམིགས་ཡུལ་ལྡན་པའི་གང་ཟག་དང་ཚོགས་པ་སྣ་ཚོགས་ནིའང་བྱེད་གཏེ་ཡིན།
དངོས་གནས་ཡག་པོ་ཅིག་བྲིས་ཤག།དངོས་ཡོད་གནས་ཚུལ་དེ་འདྲ་ཅིག་ཡིན་པ་ཉམས་མྱོང་ཚད་མས་དཔྱད་ན་ཤེས་པ་རེད།སོ་སོ་སྔོན་ལ་འཆི་མི་ཐུབ་པར་གཞན་སྲོག་ལག་སྣེར་བསྐོན་མཁན་ཁྲམ་པ་ཧམ་ཤེད་ཅན་ཅོལ་ཆུང་བོད་མི་མང་པོ་ཅིག་བཙན་བྱོལ་ནང་འདུག
གནད་ལ་ཁེལ་འདུག འདི་ལྟའི་རྩོམ་ཡིག་མང་ཙམ་སྤེལ་རྒྱུའི་རེ་བ་དང་། ཤེས་ལྡན་པར་རློམས་པ་རྣམས་ཀྱིས་ཀྱང་བསྟན་འཛིན་ཤེས་རབ་ལགས་ཀྱི་རྩོམ་ཡིག་གི་ནང་དོན་ལ་བགྲོ་གླེང་གང་མང་བྱེད་དགོས་པ་འདུག
བཙན་བྱོལ་ནང་གི་མགོ་བདེ་གླགས་ཚོང་བ་རྣམས་དང་། རྒྱ་དམར་གཞུང་གི་གཡོ་སྒྱུ་གཉིས་ཀ་རྩབ་ཧྲིལ་གཏོང་ཐུབ་པའི་མ་འོངས་པའི་མདུན་ལམ་ཞིག་འཚོལ་དགོས་སོ།
དངོས་ཡོད་གཏམ་བརྒྱུད་དང་རང་གི་མྱོང་བ་ཟུང་སྦྲེལ་གྱི་ཐོག་ནས་ཚོར་བ་ཟབ་པོ་བྲིས་འདུག་རྗེས་སུ་ཡི་རངས་ཡོད།
འོན་ཀྱང་བཙན་བྱོལ་ནང་གི་ཚོགས་པ་དེ་དག་གིས་བོད་ནང་མི་མང་ཚོ་ཆབ་སྲིད་ཀྱི་རྩེད་སྤྱད་རེད་ཅེས་གང་མང་གླེང་འདུག་པས་ཚོགས་པ་དེ་དག་གིས་བོད་ནང་གི་མི་མང་རྩེད་སྤྱད་བྱས་ནས་ཚོགས་པ་དེ་དག་སྒེར་དང་མི་སྒེར་ལ་ཕན་ཐོགས་གང་ཡོད་དམ།
ཁྱེད་རང་གི་ཚོགས་པ་དེ་དག་གི་ལས་འགུལ་སྤེལ་བའི་དམིགས་ཡུལ་དང་།ཀུན་སློང་།རྒྱལ་སྤྱིའི་བོད་དོན་དྲིལ་བསྒྲགས་བཅས་ལ་བསམ་བློ་བཏང་ནས་སྐད་ཆ་ཤོད་དགོས།དེ་མིན་བཤད་ཐལ་ཤོར་ཚར་ན་ཕན་མེད་གནོད་གཞིར་འགྱུར་མི་སྲིད་པ་མ་རེད།
རྒྱ་གཞུང་གིས་ས་བྱི་ཞི་རྒོལ་ཆེ་མོའི་ངན་སྐུལ་བྱེད་མཁན་༧གོང་ས་མཆོག་དང་།བོད་གཞུང་།བཙན་བྱོལ་ནང་ཚོགས་པ་དང་མི་མང་རེད་ཅེས་ཁྱབ་བསྒྲགས་བྱས་པ་ལྟར་ཁྱེད་ཀྱིས་ཀྱང་དེ་ལྟར་བརྗོད་རྒྱ་གཞུང་གི་རྐུན་རྒྱབ་རྫུན་ལངས་ཆགས་མི་སྲིད་པ་མ་རེད།སྐབས་དེར་རྒྱ་གཞུང་ཁྱབ་བསྒྲགས་དེ་དག་གིས་འོག་རྒྱ་མི་བསམ་མེད་གང་མང་ཞིག་གིས་རི་བོང་ཅལ་འདྲོགས་བྱས་ནས་རྒྱུགས་ཕྱིན་སོང་ངམ།དེ་དུས་བོད་གཞུང་གི་དག་སེལ་ག་ཚོད་བྱ་དགོས་བྱུང་སོང་།
རྗེས་སུ་དྲ་ཐོག་ལ་ཆབ་སྲིད་དང་འབྲེལ་བའི་རྩོམ་ཡིག་སྤེལ་དུས་གཡས་གཡོན་གཉིས་དང་འཕྲལ་ཕུག་རྒྱང་གསུམ་ལ་ལྟ་དགོས་པ་མ་ཟད།རྒྱལ་སྤྱིའི་དུས་བབ་དང་།རང་མི་རིགས་ཀྱི་བསམ་བློ་འདུ་ཤེས་བཅས་ལ་བསམ་ཤེས་ནན་པོ་བྱས་ནས་ད་གཟོད་རྩོམ་ཡིག་རེ་བྲིས་དང་།
རྩོམ་པ་པོར་ཐུགས་རྗེ་ཆེ་ཞུ། དོན་ལ་འཁེལ་ཞིང་གནད་ལ་སྨིན་པའི་རྩོམ་ཡིག་ཅིག་བྲིས་གནང་འདུག
བསྟེན་འཛིན་ཤེར་རབ་གི་གསུང་དེ་དངོན་པ་བསྟོད་དོ།
ང་ཚོ་རྒྱལ་གར་ལ་ཡོད་པའི་ཆབ་སྲིད་པ་དེ་ཚོས། ཁོང་ནང་བཞིན་བོད་དང་རྒྱ་ཡུལ་ལ་སོང་ནས་ཞིབ་འཇུག་དང་རྟགས་བཔྱད་་ཡག་པོ་བྱེད་པའི་རྗེས་ལ། ཆབ་སྲིད་ཀྱི་བྱ་བའི་ཁ་ཕྱོག་དང་དགྲ་བོ་ལ་གདོང་ལན་བྱས་ན་ཡག་པོ་འདུག། དེ་མ་གཏོག་དེ་སང་རྒྱལ་གར་ནས་ཚོག་པ་དང་རྒེ་པ་ཚོས་ལས་འགུལ་ག་རེད་སྤེལ་ན་བོད་ནང་གི་བོད་མི་ལ་ཕན་པའི་ལས་ཞིག་ག་དུས་ངེང་ཚོས་ག་དུས་ཡིན་མཐོང་མ་སོང། གལ་སྲིད་བོད་ནང་གི་བོད་མི་སྡུག་སྔལ་ཉང་དགོས་ན་ཁྱོད་ཚོས་དེ་སྔ་ནང་བཞིན་གང་གྲག་གྲག་བྱས་འགྲིག་གི། ངོ་ཚོ་ལོ་ལྟར་བོད་ནང་སླེབ་གི་འདུག་ཉམ་མྱོང་ཡོད། བོད་མི་མང་པོ་ཞིག་ཟེར་གི་འདུག་ལག་སྲིད་རང་སྲོག་སློས་གཏོང་ཐུབ་ན་༧རྒྱལ་བ་རིན་པའི་དགོང་པ་རེད་ཤི་ན་ངན་སོང་ལ་འགྲོ་མ་རེད་ཟེར་གི་འདུག།
རྩོམ་པ་པོ་དང་ཀློག་པ་པོ་གཉིས་ཀའི་བསམ་པ་ལྟར་ན་རང་ལུས་མེ་ལ་སྒྲོན་མཁན་དེ་འོད་ཟེར་གྱིས་བཤད་པ་ལྟར་རྒྱ་ནག་གཞུང་གི་དྲག་སྤྱོད་ཀྱི་སྦྱོར་བ་རྩུབ་པོ་དེ་དག་མ་ཡིན་པར། བོད་ཕྱི་ལ་ཡོད་པའི་བོད་མི་སྟེ་དཔའ་བོ་ལ་དཔའ་བོའི་ཆོ་ལོ་ཕུལ་ཞིང་། དཔའ་བོ་དཔའ་བོའི་བཀུར་བསྟི་བྱེད་མཁན་དང་། དཔའ་བོའི་བྱས་རྗེས་ཆུ་ཟོས་སུ་མི་འགྲོ་བར་འབད་པ་བརྒྱ་དང་བརྩོན་པ་སྟོང་གིས་ཁྱབ་བསྒྲགས་དང་། བོད་དོན་འཐབ་རྩོད་ཀྱི་སྒུལ་ཤུགས་སུ་བེད་སྤྱོད་གཏོང་དག་ཡིན་པ་རེད། ངས་ནི་གུས་ཞབས་དང་ལྡན་པའི་སྒོ་ནས་མཐའ་གཅིག་ཏུ་འདོད་ཚུལ་དེ་ལ་དགག་པ་རྒྱག་གི་ཡིན། ད་དུང་ང་ཚོ་ཕྱི་ལ་ཡོད་པའི་བོད་མི་ཚོས་སྔར་ལས་ལྷག་པའི་འབད་བརྩོན་ཆེན་པོ་བསྟེན་ནས་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཆེ་ས་དང་གནད་ས་དག་ཟིན་པ་ལ་འབད་པ་གནང་རྒྱུའི་རེ་བ་འདོན་གྱིན། སྔར་ལས་ལྷག་པའི་དཔའ་བོ་ལ་དཔའ་བོའི་ས་ནས་གོང་བཀུར་དང་ཡི་རང་བྱེད་རྒྱུའི་རེ་བ་རྒྱག་གི་ཡོད། བོད་ཕྱི་ལོགས་ལ་ཡོད་པའི་མི་ཚང་རེ་རེའི་ནང་དུ་དམ་པ་དེ་དག་གི་སྐུ་པར་རེ་རེ་སྒྲིག་གཤོམ་བྱེད་རྒྱུའི་རེ་བ་རྒྱག་གི་ཡོད། རྒྱ་ནག་པས་མོའུ་ཙེ་ཏུང་གི་འདྲ་པར་བཤམ་པ་ལྟར་དུ། རྒྱ་གར་པས་བདག་ཉིད་ཆེན་པོ་གྷན་དྷེའི་སྐུ་པར་བཤམ་པ་ལྟར་དུ། ཨ་རི་བས་མ་ཌན་ལུས་ཐར་ཁན་གྱི་སྐུ་པར་བཤམ་པ་ལྟར་དུ་འུ་ཅག་གིས་དམ་པ་དེ་དག་གི་སྐུ་པར་བཤམ་ན་འོས་པར་སྙམ།
བསྟན་འཛིན་ཤེས་རབ་ཀྱིས་ཆོས་ཤེས་བ་ཆབ་སྲིད་ཤེས་ཀྱི་མི་འདུག བོད་མིས་ཡོད་ཚད་རྒྱ་ནག་ལ་སྤྲད་ན་རྒྱ་མི་རྣམས་དགའ་བ་ཆོས་ཉིད་ཡིན་ལ། རྒྱ་དགའ་ཆེད་བོད་ཀྱིས་ཡོད་ཚད་བློས་བཏང་བྱེད་ག་ལ་ཐུབ་སྟེ། རྒྱ་དང་མི་སེར་སྤེལ་བའི་འདོད་རྔམ་ལ་ཚད་མེད་པས་ཡིན། ཁོང་དེ་སྔོན་གྲྭ་བ་ཡིན་ཞིང་སྦྱིན་བདག་ལ་བརྟེན་པའི་བསམ་བློའི་འདུ་ཤེས་ཀྱི་དྲི་མ་ད་དུང་ཡལ་མེད་པས་བསམ་བློ་འདི་ལྟར་འཁོར་བ་ཡིན་ཆེ། རྒྱུ་མཚན་ནི་ཁོང་གསུངས་བ་བཞིན་གཉིས་སྟོང ༢༠༠༨ ལོར་གསར་བརྗེའི་ལས་འགུལ་གྱིས་ཁོང་དང་རྒྱ་ནག་གི་གྲོགས་པའི་འབྲེལ་བ་ལ་དོགས་ཕོགས་སོང་བའི་གནས་ཚུལ་སྙིང་ནད་གསལ་སྟོན་མཛད་འདུག ང་ཚོས་ཤེས་གསལ་དགེ་འདུན་པ་དང་བོད་ཀྱི་ཆོས་པ་ཚོ་རྒྱ་ནག་གི་གྲོགས་པོ་ཟེར་བ་དོན་གྱིས་སྦྱིན་བདག་གམ་སློབ་མ་ཟེར་བའི་དོན་ཡིན་ཞིང་། དེ་ལས་ཁ་གསལ་དོད་ན་སྒོར་མོ་རེད། སྦྱིན་བདག་དང་འབྲེལ་བ་ཆད་ན་དངུལ་གྱི་གྱོང་གུད་ཐེབས་ཀུན་གྱིས་ཤེས་སླ་ལ། དེ་ནི་ཚོང་བ་ཞིག་ལ་མཚོན་ན་ཚོང་ལམ་ཞིག་འགག་པ་དང་གཅིག་མཚུངས་རེད། ཚོང་ལམ་འགག་པའི་ཉེར་ལེན་ལ་བརྟེན་ནས་ཚེ་སྲོག་བཏང་མཁན་དང་བཏང་མཁན་དང་བཏང་མཁན་དང་འདོད་འདུན་མཐུན་མཁན་ཀུན་ལ་ཀུན་ལ་འཁང་སེམས་བཟུང་ན་དེ་ནི་ཕྱོགས་གཅིག་གི་ལྟ་སྟངས་ལས་ཡོང་ཁྱབ་ཅིག་མིན། རྒྱུ་མཚན་ནི་ཚེ་སྲོག་བཏང་མཁན་ཀུན་བསམ་མེད་ཀྱི་སྐྱ་སྟོང་མིན་ལ། དེ་དང་འདོད་འདུན་མཐུན་མཁན་ཀུན་དབྱེན་དཀྲུགས་པ་མིན་པས་ཡིན།
རྒྱ་ནག་གིས་ཅི་ལྟར་རྡུལ་ཕྲན་མཚོན་ཆ་འཕང་ནས་བོད་ས་ཡོད་ཚད་གཏོར་ཐུབ་བམ། བོད་ལ་ཚད་ལྡན་གྱི་གྲོང་ཁྱེར་ཞིག་མེད་པས་རྡུལ་ཕྲན་གྱིས་བོད་ལ་དེ་ཙམ་གནོད་སྐྱོན་བཏང་མི་ཐུབ། རྒྱ་མཚན་ནི་བོད་རྣམས་མི་ཁ་ཐོར་དུ་གནས་ཤིང་གྲོང་སྡེ་རེ་ལ་རྡུལ་ཕྲན་རེ་འཕང་ན་རྒྱ་ནག་གི་འགྲོ་སོང་གིས་ཀྱང་མི་འདང་ལ། རྒྱ་སྤྱིའི་ཁྲིམས་ལུགས་ཀྱིས་དེ་ལྟར་ཡོང་དུ་བཅུག་ཐབས་མེད་དེ། བོད་ཀྱི་ཆུ་བོ་ནི་རྒྱ་ནག་ཐེ་བའི་ཉེ་འདབས་ཀྱི་རྒྱལ་ཁབ་ཀུན་ལ་འབྲྲེལ་བས་དེ་ལ་གནོད་པ་བྱེད་པས། དེ་ལྟར་བཤད་མཁན་རྒྱ་མི་རྣམས་ནི་རྒྱ་སྤྱིའི་ཤེས་ཡོན་མེད་མཁན་ནམ་གནས་སྐབས་ཀྱི་ཁོང་ཁྲོའི་སེམས་འཚོར་ཙམ་རེད། འོན་ཀྱང་། བོད་མི་རྣམས་ཀྱིས་རང་ལུས་མཆོད་མེད་འཕོས་བའི་ལོ་རྒྱུས་འདིས་རྒྱ་ནག་གཞུང་མང་གཉིས་ལ་ཁ་གཡར་བྱེད་ས་མེད་པའི་ངང་། ད་བར་ལྐུག་པར་ལུས། དེ་ནི་མི་རིགས་ཀྱི་རྣམ་དཔྱོད་བེད་སྤྱོད་བཏང་ཏེ་བཙན་རྒྱལ་རིང་ལུགས་ལ་རྒོལ་བའི་བགྲོད་ལམ་ཆེས་བླ་ན་མེད་པ་འདོད། གཏམ་དཔེ། དཔགས་བསམ་ཤིང་ལ་འཛེགས་རྒྱུ་བྱུང་ན།། གྱོས་ཆེན་གྱོན་པ་རལ་ཡང་རལ།། ཞེས་བ་མ་འདས།
གལ་སྲིད་བོད་མིས་རྨ་ཆའི་ཆུ་མཛོད་གཏོར་བ་ཡིན་ན་དེ་ལས་ལྟོག་སྟེ་རྒྱ་ནག་པ་ས་ཡ་མང་བོའི་ཚེ་སྲོག་ལ་དཀའ་ངལ་འཕྲད་ངེས་ཡིན། ནེ་གྲོ་མཐུན་ཚོགས་ཀྱི་དྲ་ལིའི་བྷན་རྩ་མེད་རྒྱུའི་འདོད་སེམས་བཅང་ཡང་བཟོ་མ་ཐུབ་པ་ད་ལྟ་ཐ་ཆད་འུ་ཐུག་ཏུ་གྱུར་དང་གྱུར་བཞིན་ལྟར་བོད་མི་རྣམས་ཁ་མཐུན་དེ་ལྟར་འགྲུབ་རྒྱུ་ལས་སླ་བོ་རེད། འོན་ཀྱང་། དཔའ་རྒོད་རྣམས་ཀྱིས་ཚེ་སྲོག་མ་བཏང་ན་བོད་མི་རྣམས་ཅི་ལྟར་ཁ་མཐུན།
སྙིང་ནད་ཅི་ལྟར་སྐྱེས། སྡུག་བསྔལ་སུ་ཡིས་རྟོགས། དཀའ་ངལ་སུ་ཡིས་འཚོར། མི་ཐུབ་སྟེ། ཁ་ནས་བཤད་པ་ཙམ་གྱིས་འཚོར་མི་ཐུབ་ཅིང་གཞན་གྱིས་མྱོང་མི་ཐུབ་པས་ཚེ་སྲོག་བཏང་པའི་དཔའ་རྒོད་རྣམས་ཀྱི་ཚེ་སྲོག་ཡལ་བ་ནི་གཟི་བརྗིད་ལས་འཕངས་སེམས་ཤིག་སྐྱེས་མི་དགོས་ཏེ། མི་ནི་དུད་འགྲོ་ལྟར་རིགས་རྒྱུུད་སྤེལ་ན་འཕེལ་བས་གྲངས་འབོར་སེམས་ན་རིགས་རྒྱུད་སྤེལ། ཁོང་ཚོས་དེ་ལྟར་བློས་བཏང་གནང་བ་ནི་བོད་མི་རྣམས་སྔར་ལས་གཅིག་སྒྲིལ་ཡོང་ཐབས་དང་རྒྱ་ནག་གི་སླུ་བྲིད་ལས་རྨོངས་གཉིད་སེལ་ཐབས་རེད། དེ་ལྟར་སེལ་བ་ཡིན་ན། ཁོང་ཚོ་ལྟ་བུ་བོད་མི་བརྒྱ་ཕྲག་ལས་བརྒལ་ནས་ཁྲི་སྟོང་མང་པོ་ཡོང་བ་མ་ཟད། དེའི་བོད་འདི་སུས་ཀྱང་གཞོམ་མི་ནུས་པའི་རླབས་ཆེན་གྱི་སྐྲུན་ངེས་རེད། དེ་ལྟར་མིན་པ་འཆི་རྒྱུ་ལ་ཞེ་ན། བོད་མིས་རྒྱ་ཡི་གསུངས་ལྟར་སྒྲུབ་ནས་བྲན་འོག་ཏུ་རིག་གཞུང་དང་སྐད་ཡིག་ཀུན་འཇའ་མཚོན་བཞིན་ཡལ་ཏེ། ཁོང་ཚོ་ལྟ་བུ་དཔའ་རྒོད་ཁྲི་སྟོང་ཡོང་བ་ལྟ་ཅི་གཅིག་ཀྱང་ཡོང་ཐབས་མེད་ལ། བོད་མི་བཅུ་གཉིས་ལྟ་ཅི། བོད་མི་ཁྲི་ཕྲག་མང་པོ་རིགས་མིང་བརྗེ་ནས་གཞན་རིགས་སུ་འགྱུར་བ་ཐག་རིང་ལྟ་མི་དགོས་བ། མན་ཇི་དང་སོག་པོའི་ལོ་རྒྱུས་ཙམ་ལས་རྟོགས་པ་མ་ཟད་བོད་ཀྱི་མཐའ་མཚམས་ལོ་རྒྱུས་དེ་བས་གསལ།
མི་ཚེ་ནི་མི་རྟག་པ་ཡིན་ཞིང་ནད་མང་འཆི་སླ་ཞིང་གསོན་པའི་གོ་སྐབས་ཉུང་བ་བཞིན་བཤེགས་པའང་རླབས་ཆེན་དུ་བཤེགས་ན་བོད་དང་འཛམ་གླིང་མི་མང་ལ་ཕན་པ་ལས་གནོད་པ་མེད། རྒྱུ་མཚན་ནི་ཁོང་ཚོས་དེ་ལྟར་བཏང་བ་ནི་བདེན་དོན་དུ་བཏང་བས་འཇིག་རྟེན་གྱི་བདེན་པའི་འཐབ་རྩོད་རེད། དཔའ་རྒོད་རྣམས། བློ་མ་ཕམ། ཁྱེད་ཚོས་སྒྲུབ་པ་ནི་གནས་ལུགས་དང་མཐུན་ལ་བདེན་དང་མཐུན། གནས་ལུགས་དང་བདེན་པའི་སླད་དུ་ཡོང་ཚད་བཏང་བས་འཛམ་གླིང་མི་མང་གིས་དུས་ཀུན་ཁྱེད་ཚོར་དྲན་ངེས་རེད། ཁྱེད་ཚོས་བཏང་བ་ནི་དོན་མེད་མིན། སྡུག་སྔལ་ཁོ་ན་མིན། ད་ལྟའི་སྡུག་བསྔལ་དང་བློས་བཏང་ནི་མ་འོངས་བའི་ཚེ་སྲོག་ཁྲི་སྟོང་མང་པོ་ཡང་ལས་སྐྱོབ་ཆེད་དང་རྫོགས་མཐའ་མེད་པའི་བདེ་སྐྱིད་ཅིག་སྐྲུན་ཆེད་ཡིན་པས་མི་ཚོས་དུས་ཀུན་མཆོད་པ་ཕུལ་ངེས་ཡིན། ཉིན་རྒྱ་ནག་པ་ཁྲི་སྟོང་མང་པོས་ཀྱང་དེ་ལྟར་མཆོད་པ་ཕུལ་ངེས་ཡིན།།
བོད་སྐྱོབ་དགོས་ན་ཐོག་མཐའ་བར་གསུམ་དུ་བོད་ཡིག་ལ་སྐྱབས་བཅོལ་དགོས། སུ་ཞིག་བོད་ཡིག་ལ་སྐྱབས་ན་དེ་ནམ་ཡང་གཞན་དུ་མི་འགྱུར། ཆེས་གལ་ཆེ་བ་དེ་མི་རིགས་ཀྱི་རིག་གཞུང་ཡིན། རིག་གཞུང་དེ་མི་རིགས་ཀྱི་སྲོག་རྩ་ཡིན། ས་ཆ་ཤོར་ན་ཡང་རིག་གཞུང་མ་ཤོར་བ་བྱེད་དགོས། བོད་མི་རེ་རེའི་ལུས་ངག་ཡིད་གསུམ་ལ་རང་གི་རིག་གཞུང་ཡོད་ན། ད་གཟོད་བོད་མི་རིགས་ཟེར་བ་དེ་ནམ་ཡང་འཆི་མེད་རྒས་མེད་ཀྱི་འཛམ་གླིང་མི་རིགས་ཀྱི་གཙུག་རྒྱན་དུ་གནས་ཐུབ། དེས་ན་དགོན་སྡེ་དང་སློབ་གྲྭ་ཁག་ནི་ང་ཚོས་ཆེས་གལ་ཆེར་འཛིན་དགོས་པ་དེ་ཡིན།
རྣམ་པ་ཚོས་དཔྱད་གླེང་གནང་བར་ཐུགས་རྗེ་ཆེ། དགོངས་ཚུལ་ལ་གདེང་འཇོག་ཞུ་བཞིན་ཡོད།
ངས་གང་ཞུ་དགོས་པ་དེ་ཚང་མ་ཞུས་ཡོད། ངོ་བོ་གཞན་ཞིག་ཏུ་བསྒྱུར་ན་ཡང་ང་ལ་ཐབས་ཤེས་ཅང་མི་འདུག གཞན་དོགས་གནས་འདྲ་མཆིས་ཚེ་ཤོད་དང་ང་ཚོས་བགྲོ་གླེང་ཞུ་ཆོག
ཡུན་རིང་ཞིག་ལ་ཁ་བརྡ་དྲ་བར་མྱུལ་མེད། དེ་རིང་འདིར་སྐུ་ཞོགས་བསྟན་འཛིན་ཤེས་རབ་ལགས་ཀྱིས་རྩོམ་ཡིག་ཡག་པོ་ཞིག་སྤེལ་འདུག རྗེས་སུ་ཡི་རངས་ཞུ།
ཆབ་སྲིད་ཀྱི་ལས་ཀ་བྱེད་དུས། མི་མང་པོ་ཞིག་གིས་ཅི་ཞིག་བྱེད་རུང་མིན་ལ་མི་བལྟ་བར། ཅི་ཞིག་བྱེད་ཐུབ་མིན་ལ་བལྟ་གིན་འདུག དེ་ཡང་རང་ངོས་ནས་བྱེད་པ་མ་ཡིན་པར། གཞན་ལ་བརྒྱུད་བསྐུལ་ཅི་ཞིག་བྱེད་ཐུབ་མིན་ལ་བལྟ་བཞིན་འདུག ངས་རེ་བར། གཞོན་སྐྱེས་བླ་མ་ཤིང་བཟའ་ཚང་གིས་རྩོམ་ཡིག་འདི་ཐེངས་ཤིག་ཀློག་རྒྱུ་དང་། འདི་དང་འབྲེལ་ནས་རང་གི་ཉེ་འཁོར་ལ་རྡུལ་བཞིན་འཁོར་བཞིན་པའི་ཆབ་སྲིད་པ་དེ་དག་གི་ཕུགས་འདུན་དང་། རང་ཉིད་ལ་དད་སེམས་ཟབ་པའི་ཕ་ཡུལ་གྱི་མི་མང་དེ་དག་གི་བདེ་སྡུག་ལ་བསམ་གཞིགས་ཐེངས་ཤིག་གིས། རང་ཉིད་ཀྱི་ཅི་ཞིག་བྱེད་རུང་མིན་ལ་ཐུགས་བསམ་ཞིག་བཞེས་རྒྱུ་དེ་ཡིན།
དོན་ལ་ཕན་འབྲས་སོན་པ་ཞིག་ཡིན་ན་ང་ཚོ་སུས་ཀྱང་བློས་གཏོང་དགོས་པ་གང་ཞིག་བློས་གཏོང་དགོས་ངེས་ཀྱང་། འདས་པའི་བོད་ནང་གི་གནས་བབ་དང་བཙན་བྱོལ་ཁྲོད་ཀྱི་ཆབ་སྲིད་པ་དག་གི་རྒྱབ་མདུན་ལ་བསམ་བློ་རེ་གཏོང་ཚེ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
སླར་ཡང་སྐུ་ཞོགས་བསྟན་ཤེར་ལགས་ལ་བཀའ་དྲིན་ཆེ་ཞུའོ། །
བསྟན་འཛིན་ཤེས་རབ་ཀྱི་མདོར་དེད་ན་ང་བོད་ནང་ནས་༢༠༠༨ལོའི་སྐད་འབོད་ལ་བརྟེན་ནས་ངས་སྦྱིན་བདག་རྒྱ་རྒན་ཁ་ཤས་དང་འབྲེལ་བ་ཆད་སོང་། ཟེར་པ་དེ་བརྗོད་ཀྱི་འདུག དཱ་འདི་འདྲ་ཞིག་གིས་བོད་སྤྱི་པའི་དོན་ལ་བསམ་བློ་གང་འདྲ་ཞིག་གཏོང་གི་ཡོད་མེད་བཤད་མ་དགོས་པ་རེད། དཱ་ཁྱོད་ཀྱི་གང་བཤད་གི་མ་འདུག་གླེན་པ་ཁོ་ན་ཞིག་རེད།
སྤྱིར་ན་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་ཆེད་དུ་འཐབ་རྩོད་ཀྱིས་རྒྱལ་ཁ་ཞིག་ལེན་པར་རྒྱུ་རྔུལ་ཁྲག་གསུམ་གྱི་འགྲོ་སོང་ཞིག་གཏོང་མི་དགོས་པའི་ཐབས་མཆོག་ཅིག་ཧ་ཅང་དཀའ་ལ། ལྷག་པར་ཁམས་དང་མོས་པ་མི་འདྲ་བའི་དབང་གིས་ལ་ལས་རྒྱུ་དང་ལས་ལས་རྔུལ། ལ་ལས་ཁྲག་བཞུར་ན་འདོད་མཁན་ལོས་ཡོད། རང་ངོས་ནས་དེ་ལྟར་འདོད་པའི་གཏོང་ཕོད་དམ་དེའི་སྙིང་སྟོབས་སུས་ཀྱང་ཡི་རང་བསྔགས་བརྗོད་ཞུ་འོས། དཔའ་བོ་དེ་དག་གི་སྐུ་སྲོག་བློས་གཏོང་ཙམ་མིན་པར་མེས་བསྲེགས་པའི་ཚ་གདུང་བཟོད་མེད་དེ་བསམ་ན་སེམས་ནས་ངོ་མ་མི་བཟོད་པ་ཞིག་ཅི་ལ་མིན། ཁོང་ཅག་གིས་གནང་སྟངས་འདི་ནི་ཁོང་ཚོ་རང་ཉིད་ཀྱི་རྟོགས་སད་དང་རང་ཉིད་ཀྱི་ཐག་གཅོད། རང་ཉིད་ཀྱིས་རང་ཉིད་བསྐུལ་བ་ཞིག་ལ་ངོས་འཛིན་པར་རིགས།
བློས་གཏོང་འདི་ཉིད་ཀྱིས་བོད་ཕྱི་ནང་དང་རྒྱལ་སྤྱིའི་སྒང་ལ་གཡོ་འགུལ་ཞིག་བསླངས་ཟིན་པའི་ནུས་པ་འདིར་ཡང་གདེང་འཇོག་དང་རིན་ཐང་ཞིག་བརྩི་ལོས་དགོས། དེ་བས་དཔའ་བོ་ནི་དཔའ་བོའི་ས་ནས་བཀུར་ཅིང་བསྟོད་པ་འོས་པར་འདོད། འོན་ཀྱང་མུ་མཐུད་དེ་ཚེ་སྲོག་གི་མཆོད་པ་འབུལ་རྒྱུར་བརྒྱུད་སྐུལ་བྱེད་མི་འོས། རང་འགུལ་གྱིས་བྱུང་ན་དེ་ལ་འགོག་ཐབས་ཀྱང་མེད།
བཙན་བྱོལ་གཞུང་གིས་འཚེ་མེད་ཞི་བའི་རྒོལ་སྟངས་ཀྱི་ལམ་སྟོན་ཁ་གསལ་ཀུན་ལ་ཁྱབ་པ་ཞིག་ངེས་པར་གནང་དགོས་པར་མཐོང། དེ་སྔ་ཡང་གང་འཚམ་གནང་ཡང་ད་དུང་ཤུགས་ཆེར་སྤེལ་དགོས་ངེས་རེད། བོད་ནང་དུ་མི་རེ་རེས་རང་ཉིད་བོད་ཀྱི་རིག་གཞུང་གི་ཞག་རྩི་ཅན་གྱི་བོད་མི་ཞིག་ཆགས་ཐབས་ཀྱིས་འཚོ་ཐུབ་རྒྱུ་དེ་ཆེས་གལ་ཆེ་ཤོས་ཡིན་པར་འདོད།
ངས་གསར་བུ་འདི་ཚོའི་མི་གཞི་སྔ་་ས་ནས་ཤེས་་ཀྱིན་ཡོད་་་་་བོད་ཀྱི་རིགས་གཞུངས་གལ་ཆེ་པོ་རེད་་སྐད་ཡིག་གལ་ཆེན་པོ་ཡིན་པ་་དེ་བས་ཤེས་ཀྱི་ཡོད་་་།་ཁོང་ཚོའི་བཤོད་འདོད་པ་ནི་ངས་བོད་ཡིག་ཤེས་ཀྱི་ཡོད་ཟེར་ནས་ཡུས་ཤོད་བྱེད་འདོད་ཙམ་་ཞིག་རེད་་་་་མི་རིགས་དང་སྐད་ཡིག་རིགས་གཞུངས་ཞེས་་་བཤད་ན་་་་དེ་ནི་བརྟེན་དང་བརྟན་པའི་འབྲེལ་བ་རེད་་ཁྱད་གཞི་ཁྱད་ཆོས་ཀྱི་འབྲེལ་བ་རེད་་་་འོང་ཀྱང་ཁྱེད་ཀྱི་ཤེས་དགོས་པ་ཞིག་ལ་་ང་ཚོའི་་མི་རིགས་འདི་གནས་དགོས་ཀྱི་ཡོད་ན་་ང་ཚོའི་རིགས་གཞུངས་འདི་་གནས་དགོས་ཀྱི་ཡོད་ན་ང་ཚོའི་སྐད་ཡིག་འདི་གནས་དགོས་་ཀྱི་ཡོན་ན་་་་ང་ཚོ་ལ་དབང་བའི་་ས་ཆ་ཞིག་ངེས་པར་་ཡོད་དགོས་།་་་དེ་ནི་གཞི་རྩའི་རྨང་གཞི་རེད་་་་གང་ཡིན་ཟེར་ན་ང་ཚོའི་ས་ཆ་མི་ལ་ཤོར་བའི་ཉིན་མོ་ནས་བཟུང་ཏེ་་ང་ཚོའི་ཐོབ་ཐང་ཚང་མ་ཤོར་སོར་ཟིན་པ་རེད་།་་་་་ང་ཚོར་་ནམ་ཞིག་་སོ་སོའི་་ས་ཆ་རང་ས་རང་བདག་་མ་བྱུང་་བར་དུ་་ཁྱོད་ཀྱི་རིགས་ཞུངས་་སྲུངས་བསྐྱོབས་ཟེར་བ་་ཉིན་མོའི་རྨི་་ལམ་རེད་་།་་སྐད་ཡིག་ཐོབ་ཐང་ཟེར་བ་་ནམ་མཁའི་་མེ་ཏོག་་རེད་་།་དེ་ནི་ཡོང་མི་སྲིད་པ་རེད་་རྒྱུ་མཚན་ནི་་དེ་སྔོན་དེ་ལྟར་བྱུང་མྱོང་་མེད་པས་རེད་་་།་་་གོང་དུ་་དྲ་་འབུ་་་བསྟན་་ཤེར་མིང་ཅན་ཁོའི་བཤད་པ་དེ་ཚོ་བསམ་བཞིན་དུ་སྒེར་གྱི་ཁེ་ཕན་ཆེད་དུ་བཤད་གི་ཡོད་ན་་གནས་ཚུལ་ཁག་ཁག་རེད་་།་་་དེ་མིན་་བོད་མི་རིགས་དང་རྒྱལ་ཁབ་་ཀྱི་ཆེད་དུ་སྐུ་གསོད་་དོར་བའི་རྒྱལ་གཅེས་་དཔའ་བོ་དང་དཔའ་མོ་རྣམས་ལ་མཐོང་ཆུང་དང་དམའ་འབེབས་ཀྱི་སྐད་ཆ་འདི་ལྟར་མ་བཤད་ན་ཡག་་་
བསྟན་ཤེར་གྱི་སྐད་ཆ་ནི་ངོ་མ་རྒོད་སྐྱེད་ཅིག་རེད། གཞན་ལ་དོན་ཆུང་གི་ཆེད་དུ་བཙོན་ལ་མནར་གཅོད་མྱང་ན་དགོས་པ་མེད་པར་བཤད་མཁན་ཞིག་གིས་རང་གི་རྒྱབ་ཁུག་ནང་ལ་༸གོང་ས་མཆོག་གི་གསུང་ཆོས་ཀྱི་འོད་སྡེར་ཁྱེར་ནུས་སམ། འདི་ནི་འུག་པས་རྫུན་དྲུག་བཤད་པ་དང་ཁྱད་པར་ཅི་ཞིག་འདུག ད་དུང་༢༠༠༨་ལོའི་ཞྀ་རྒོལ་དེ་ཡང་བཙན་བྱོལ་ཁྲོད་ཀྱི་ཚོགས་པ་དང་མི་དགེར་ཁ་ཤས་ཀྱི་མགོ་ལ་དབྱུག་འདུག་པ་མ་ཟད་ཁོང་ཁྲོ་ཆེན་པོ་ལང་རབས་བཤད་འདུག་པ་ཡང་ཁོ་རང་ལ་དེའི་སྐབས་སུ་དཀའ་ངལ་ཅུང་འཕྲད་ཡོད་པ་དང་སྦྱིན་བདག་རྒྱ་མོ་ཁ་ཤས་ལ་ཕོག་ཐུག་སོང་ཡོད་པ་དེའི་རྐྱེན་གྱིས་ཡིན་པ་གསལ་པོ་སྟན་འདུག མདོར་ན་མི་འདི་རིགས་ནི་སྤྱི་དོན་ལས་དགེར་དོན་གལ་ཆེར་བརྩི་མཁན་དང་། མི་རིགས་ལས་སྦྱིན་བདག་གལ་ཆེར་བརྩི་མཁན། རིགས་གཞུང་ལས་སྒོར་མོ་གལ་ཆེར་བརྩི་མཁན་ཡིན་པ་གསལ་པོ་རེད།
དྲ་གྲོགས་དོན་ཀུན་གྲུབ་པ་ལགས། ཤ་ཚ་ཞིང་སྙིང་ཉེ་བའི་ལམ་སྟོན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཆེན་པོ་ཞིག་ཡོང་བར་རེ་བ་མེད་མོད་ཆུང་ཆུང་ཞིག་ཡོང་བར་འབད་བརྩོད་ཞུ་ངེས་ཡིན། གང་ལྟར་རེ་བ་ཆུད་ཟོས་སུ་མི་གཏོང་བར་འབད་པ་ཞུ་ངེས་ཡིན། ལོ་རེ་ཟུང་རྗེས་ཆ་རྐྱེན་ཞིག་འཛོམས་བྱུང་ན་དབེན་པ་ཞིག་ནས་ཁ་ཁུ་སིམ་མེར་རང་དོན་རེ་སྒྲུབ་ཨེ་ཐུབ་ལ་ལྟ་རྒྱུའི་བསམ་བློ་ཡོད། འུར་འུར་ཟིང་ཟིང་གི་སྤྱི་ཚོགས་དང་ཁ་བྲལ་རྒྱུའི་འདོད་པ་ཡོད་ལགས།
རིན་པོ་ཆེ་ཁྱེད་ནས་རང་ལུས་མེར་སྲེག་མཚམས་འཇོག་ཡོང་བའི་ཐུགས་འདུན་བཅངས་བ་དངོས་གནས་གཟི་བརྗིད་རེད། ཁྱེད་ལ་རྒྱབ་སྐྱོར་ཡོད།
རྣམ་དཔྱོད་ཀྱི་འཇུག་པ་ཡངས་པའི་གྲོགས་ལྷ་མོ་སྐྱབས་ལགས། ཁྱེད་ཀྱིས་བཤད་པ་བཞིན་༼ཁོང་ཅག་གིས་གནང་སྟངས་འདི་ནི་ཁོང་ཚོ་རང་ཉིད་ཀྱི་རྟོགས་སད་དང་རང་ཉིད་ཀྱི་ཐག་གཅོད། རང་ཉིད་ཀྱིས་རང་ཉིད་བསྐུལ་བ་ཞིག་ལ་ངོས་འཛིན་པར་རིགས།
བློས་གཏོང་འདི་ཉིད་ཀྱིས་བོད་ཕྱི་ནང་དང་རྒྱལ་སྤྱིའི་སྒང་ལ་གཡོ་འགུལ་ཞིག་བསླངས་ཟིན་པའི་ནུས་པ་འདིར་ཡང་གདེང་འཇོག་དང་རིན་ཐང་ཞིག་བརྩི་ལོས་དགོས། དེ་བས་དཔའ་བོ་ནི་དཔའ་བོའི་ས་ནས་བཀུར་ཅིང་བསྟོད་པ་འོས་པར་འདོད། འོན་ཀྱང་མུ་མཐུད་དེ་ཚེ་སྲོག་གི་མཆོད་པ་འབུལ་རྒྱུར་བརྒྱུད་སྐུལ་བྱེད་མི་འོས། རང་འགུལ་གྱིས་བྱུང་ན་དེ་ལ་འགོག་ཐབས་ཀྱང་མེད།༽ དེ་ག་རང་རེད་ཞུ་རྒྱུ་ཡིན།
གཞན་ད་དུང་རྩོམ་ཡིག་འདིའི་ནང་བརྗོད་མ་ནུས་པའི་དོན་དག་འཇིགས་སུ་རུང་བ་ཞིག་ཀྱང་ཡོད་མོད། དགོས་པ་ལས་དགག་བྱ་ཆེ་བས་གཏན་ནས་བཤད་མི་འདོད། ཟ་ཟུར་ཞིག་སྔོན་ཆད་ཅིག་ལ་ད་ལྟ་བཙོན་དུ་ཡོད་པའི་ཐེའུ་རང་གིས་ཀྱང་ངག་སྒོར་ཕུད་འདུག་ལ། གཅིག་བྱས་ན་རྣམ་པ་ཚོས་ཀྱང་ཚོར་ཡོད་སྲིད། གཞན་ད་དུང་ཤེས་ལྡན་མི་སྣ་དེ་དག་དང་དཔེ་དེབ་དེ་དག ཚོགས་པ་དེ་དག་གི་མིང་ཡང་དངོས་སུ་བརྗོད་པའི་དགོས་པ་མེད་པས་རྩོམ་ཡིག་འདིའི་བསྐུང་བྱ་ཡིན། འོན་ཀྱང་རྣམ་པ་ཚོ་སུ་ཡིན་རུང་རྩོམ་ཡིག་འདིའི་ནང་དོན་རྫུན་མ་རེད་མ་དགོངས་ལགས།
ང་མི་སྒེར་དང་སྒེར་གྱི་དོན་དག་དེ་ཚོར་གླེང་བྱའི་རིན་ཐང་ཅི་ཡང་མེད་མོད། གསལ་བཤད་ཞུ་རྒྱུ་ཅིག་ལ། ང་ལ་སློབ་མ་དང་སྦྱིན་བདག་ཟེར་བ་དེ་འདྲ་ཅི་ཡང་མེད་ལ་དེ་འདྲ་གཉེར་རྒྱུའི་ནུས་པ་ཡང་མེད། རྒྱ་མི་ངོ་ཤེས་དེ་དག་ནི་ང་རང་ཆེས་དཀའ་ངལ་ལ་འཕྲད་ཅིང་འགྲོ་སྡོད་ཀྱི་གནས་མེད་སྐབས་རོགས་རམ་གནང་མཁན་གྱི་གྲས་ཡིན་ལ། ཆེ་ས་ནས་བཤད་ན་ངའི་ཚེ་སྲོག་གི་རྒྱུན་མཐུད་མཁན་གྱི་གྲས་ཡིན། ཁོང་ཅག་ནི་གཞན་གྱིས་བརྒྱུད་སྐུལ་བྱས་པས་རོགས་རམ་གནང་མཁན་དེ་འདྲ་ཡིན། སྐབས་ཐོག་དེ་འདྲར་རྒྱུ་དངོས་དང་གོ་སྒྲིག་གི་འབྲེལ་བ་ཡོད་པས་ཉིད་ཅག་གིས་སྦྱིན་བདག་རེད་ཟེར་ན་ཡང་གནས་ལུགས་མི་འདུག་མི་ཞུ།
གཞན་རྟོགས་བཟོ་དང་སྒྲོ་འདོགས་སྣ་ཚོགས་ཀྱི་ཁ་དོག་གཞན་ཞིག་ཏུ་བསྒྱུར་རྒྱུ་ཟེར་ན། ང་ལ་ཡང་སྐད་ཆ་གཞན་མེད་པས་རྣམ་པ་ཚོའི་ཐུགས་འདོད་ལྟར་གནང་རོགས་ཞུ་རྒྱུ་ཡིན་ལ། རེ་བ་ལ། རྣམ་པ་ཚོས་ཕྱིན་ཆད་གླེང་རིན་མེད་པའི་མི་སྒེར་གྱི་དོན་དག་ཚོ་དྲུད་མི་ཡོང་བའི་འབོད་སྐུལ་ཞུ།
བཀའ་དྲིན་ཆེ་ལྷ་མཛེས་ལགས། གནས་ལུགས་ལ་གནས་ལུགས་སུ་བལྟས་ཏེ་ཚེ་སྲོག་ལ་བརྩི་བཀུར་གནང་མཁན་རྣམ་པ་ཚོ་ཡོངས་ལ་ཐུགས་རྗེ་ཆེ་ཞུ།
ནོར་བཅོས།
ཚེསྲོག་ལ་གུས་བཀུར་མེད་མཁན་མེད་ལ། རང་སྲོག་རང་ལ་གལ་ཆེ་བ་བཞིན་ཐམས་ཅད་ལ་གལ་ཆེ་བ་ཀུན་གྱིས་ཤེས་ཀྱང་། སྐུ་ཉིད་ཀྱིས་ཁ་ནང་ལ་འཁོར་ནས་རང་རིས་གཞུང་དང་ཚོགས་སྡེ་ཁག་ལ་བཀྱོན་བརྗོད་བྱེད་པ་ནི་ངུ་རྒོད་ཀྱི་གནས་ཤིག་རེད་ལ། རྒྱ་ནག་གིས་ད་ལྟ་བོད་དུ་སྲིད་ཇིས་ལག་སྟར་བྱེད་བཞིན་པ་ལ་ནུས་བ་ཐོན་པའི་བདེན་དཔང་བྱེད་པས། གནས་ཚུལ་དེ་རྒྱ་ནག་གི་སྲིད་ཇིས་ཇེ་མཁྲེགས་སུ་འགྲོ་རྒྱུའི་རྒྱུ་ཆ་གྱུར་ཡོད། ང་ཚོའི་གཞུང་དང་སྒེར་གྱི་ཚོགས་པ་གང་ཞིག་གིས་རྒྱུད་སྐུལ་བྱས་མེད་ཚུལ་དུས་ཀུན་བསྒྲགས་ཀྱང་། ཉིད་ཀྱིས་རྒྱ་དམར་གྱི་འདོད་འདུན་ལྟར་དེ་དག་གི་རྒྱུད་སྐུལ་གྱིས་བོད་འདི་ཕུང་ལ་སྦྱར་ཚུལ་ནི་ཆེས་མོས་མཐུན་བྱེད་དཀའ་བའི་གནས་ཤིག་རེད། ཚེ་སྲོག་རྩ་ཆེན་ཡིན་པ་ཤེས་ན་རྒྱ་ནག་གཞུང་ལ་འབོད་སྐུལ་གྱི་འཐབ་ལམ་སྣ་ཚོགས་རྒྱུད་ནས་སྲོག་ལ་ཉེ་བའི་གཙོན་པ་སྟོང་ཕྲག་མང་པོ་གློད་ཐབས་བྱོས་དང་། གཙོན་པ་དེ་དག་གི་སྲོག་གཅོད་མཁན་དང་འཛིན་མཁན་རྒྱ་ནག་རེད་མ་གཏོགས་བཙན་བྱོལ་གྱི་སྒྲིག་འཛུགས་གང་ཡང་མ་རེད། འཛིན་མཁན་དང་གསོད་མཁན་གཉིས་ལ་འཁང་ར་མེད་པ་རྒྱབ་སྐྱོར་མཁན་ལ་ཁ་བཏང་ན་བོད་ཀྱི་གཅིག་སྒྲིལ་ལ་གནོད་ཅིང་རྒྱ་ནག་བླ་མེད་ཀྱི་མཐུན་འགྱུར་འགྲོ་བ་འདོད།
མི་གསོད་ལག་དམར་བ་ནི་རྒྱ་ནག་གུང་ཁྲན་གྱི་དམག་མི་དག་རེད། སྲིན་པོ་མགོ་དགུ་རུ་སྤྲུལ་ནས་སོ་ཞིག་བཏབ་ན་དེ་ཚོའི་མགོ་ལ་བཏབ་དགོས་ཚོད་རེད། འོན་ཀྱང་དེ་ལས་ལྡོག་སྟེ་དཔའ་བོ་དཔའ་མོ་ཚོར་གདུང་སེམས་མཉམས་སྐྱེད་དང་རྒྱབ་སྐྱོར་བྱེད་མཁན་བཙན་བྱོལ་གྱི་ཚོགས་སྡེ་དང་མི་དགེར་ཁ་ཤས་ཀྱི་མགོ་ལ་སོ་བཏབ་གྲབ་བྱེད་པ་ནི་ཇི་འདྲའི་བཟང་ངན་གོ་ལྡོག་གི་བྱེད་བབ་ཞྀག་རེད། མ་གཞི་བོད་ནང་གི་དཔའ་བོ་དཔའ་མོ་ཚོས་གང་གི་ཆེད་དུ་ཚེ་སྲོག་གཏོང་བཞིན་ཡོད་པ་ཁྱེད་ཀྱིས་ཤེས་ཀྱི་ཨེ་ཡོད། ད་དུང་ཚེ་སྲོག་གཏོང་མཁན་ཚོ་ལ་ཁོང་ཁྲོ་ལང་བ་ནི་ངོ་མ་ཡིད་མུག་གཏིང་ནས་སྐྱེ་དགོས་པ་ཅི་ལ་མིན། ཚེ་སྲོག་ལ་རིན་ཐང་ཡོད་པ་བདེན་ན་ཡང་གང་གི་ཆེད་དུ་གཏོང་ཡོད་པ་ཡང་ཤེས་དགོས།
ཀ་ལུ་རང་མགོ་ཆུ་ཁྲིད་ཞེས་པའི་གཏམ།
༈ ཀ་ལུ་སྤྲུལ་སྐུའི་བྱ་སྤྱོད་ངན་པ་འདིས་གཙོ་བོ་རང་ཉིད་སྐྱེ་བ་སྔོན་མ་ངོས་མི་ཟིན་པ་དང་གཞོར་དུ་རང་ཉིད་ངོས་འཛིན་བྱེད་མཁན་གྱི་བླ་མ་ཡང་ཐག་ཞོར་འབྲེང་དྲུད་ཀྱི་དཔེ་ལྟར་ནག་ལ་སྦྱོར་བ་རེད། སྤྱིར་སྟངས་ད་ཕན་སྤྲུལ་སྐུ་ངོས་འཛིན་གནང་མཁན་གྱི་བླ་མ་སུ་འདྲ་ཞིག་ཡིན་ཡང་གདུལ་བྱར་གཟིགས་པ་རྣམ་པ་ལྔ་ཡི་སྒོ་ནས་ལེགས་པར་གཟིགས་ནས་ངོས་འཛིན་གནང་བ་མ་གཏོགས་དད་སྦྱིན་གཏོང་ཕོད་ལྷག་བསམ་ཅན་ཁོང་གི་བུ་དེ་སྤྲུལ་སྐུ་ངོས་འཛིན་བྱས་པ་ཡིན་ན་དགོན་པར་དཔལ་ཡོན་གྱི་ཕན་ཐོག་འབྱུང་སེམས། ཡང་ན་ཕ་ཁ་སྡེ་པོའི་བུ་སྤྲུལ་སྐུའི་དཔེ་དང་། མི་དཔོན་ལགས་ཀྱི་བུ་དེ་ང་ཚོའི་དགོན་པའི་སྤྲུལ་སྐུའི་ཡང་སྲིད་རེད་འདུག་སོགས་ཀྱི་དབང་ཆ་དགོན་པའམ་བླ་མར་ཐོབ་རེ་སོགས་ཀྱི་ཀུན་ཀློང། སྤྲུལ་སྐུ་དངོས་མ་ཡིན་པར་དགོས་པའི་དབང་གི་རྟག་ཞི་བ་ཕྱག་འཚལ་བའི་དཔེ་བཞིན་བྱས་པ་ཡིན་ན་ད་དུང་འདི་འདྲ་མང་པོ་ཡོང་གི་རེད། ཀ་ལུའི་སྐྱེ་སྤྲུལ་ཡིན་རྒྱུ་བ་་འདི་ཉིད་འདི་ལྟར་བྱུང་རྐྱེན་ཡང། ཀ་ལུ་ཁོ་རང་གི་བརྗོད་པ་ལྟར་ཕ་མས་བསམ་བཟང་སྦྱོར་རྩུབ་ཀྱི་དཔེ་ལྟར་ཕག་ཤ་དང་བྱ་ཤ་སོགས་ཀྱི་ཕག་པ་གསོས་པ་ལྟར་གསོ་རྒྱུ་ལས་ཡ་རབ་སྤྱོད་བཟང་དང་ཤེས་ཡོན་ལ་དོ་སྣང་མ་སྟེར། འཇིག་རྟེན་ཕལ་གྱི་ཁ་དཔེར་ཡོད་པ། ཟ་སྟངས་སྡོད་སྟངས་འགྲོ་སྟངས་གསུམ་། དྲིན་ཆེན་ཕ་མའི་སློབ་སྦྱོང་ཡིན་ཟེར་བ་ལྟར། མཐའ་ན་འདི་འདྲ་ཙམ་ཡང་ཕ་མ་གཉིས་ཀྱི་མ་བསླབ་པའི་སྐྱོན་དང་པོ། གཉིས་པ་སྤྲུལ་སྐུ་ངོས་འཛིན་བྱེད་མཁན་སུ་ཡིན་ཀྱང་ཀ་ལུ་གོང་མའི་ཡང་སྲིད་དམ་པ་ཡིན་མིན་དང་། བུ་འདི་རབ་བྱུང་སྒྲུབ་ནས་བསྟན་པ་དང་སེམས་ཅན་ལ་ཕན་ཐོག་འབྱུང་དང་མི་འབྱུང་། ཕྲུ་གུ་ཁོ་རང་འཁོར་བའི་བཙོན་རྭ་ནས་ཐར་ཞིང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་སོགས་ཀྱི་དམིགས་ཡུལ་དང་བསམ་པ་རྣམ་དག གསུམ་པ་ཀ་ལུ་ཡིན་རྒྱུ་བ་ཁོ་རང་ཡངདགོན་པ་དང་སྒྲུབ་གནས་སུ་སྡོད་རིང་དགོས་པའི་ཡོན་ཏན་དང་བསྙེན་སྒྲུལ་ལ་གཞོལ་རྒྱུ་མེད་པར་མི་དགོས་པའི་བྱ་ངན་སྤྱོད་ངན་ཁ་པར་དང་དྲྭ་རྒྱའི་བརྒྱུད་ལམ་ནས་མི་ངན་ཁོ་རང་འདྲ་བ་མང་པོར་མུ་ཅོར་གྱི་སྨྲ་བ་མང་པོའི་དུས་འདས་པ་དང་། ཉེ་ཁྲིས་ཀྱི་དགེ་རྒན་གྱི་ཁ་ལ་མི་ཉེན་པ་བཅས་ཀྱི་ཉེར་ལེན་་ལ་བརྟེན་མཐའ་མ་གྲུབ་འབྲས་རང་མགོ་ཆུ་ཁྲིད་བོད་ནང་བསྟན་གྱི་རྐང་འདྲེན་ཐ་ཤལ་པ་འདི་འདྲ་ཆག་པ་རེད། ཀུན་བཟང་བླ་མའི་ཞལ་ལུང་ལས། གཤིན་པོའི་འབུལ་བ་བཞེས་པའི་ཚེ་ཐུགས་བསྐྱེད་བསྔོ་བ་གསུང་ཆོག་སོགས་གནད་དུ་འགྲོ་ངེས་རེ་མ་མཛད་ན་། ང་དེ་དང་དེ་ལྟ་བུ་ཡིན་སྙམ་པ་ཙམ་གྱིས་ནི་གང་ཡང་མི་ཡོང་སྟེ། དམ་པ་གོང་མའི་སྐྱེ་སྲིད་འཁྲུལ་མེད་དུ་ཞལ་གྱིས་བཞེས་པའི་སྤྲུལ་སྐུ་མཆོག་རྣམས་ནས་ཀྱང་། དང་པོ་ཀ་ཁ་ག་ང་ནས་བརྩམ་སྟེ་ཡི་གེའི་ཀློག་སྦྱང་ཚུན་ཆད་ཕལ་པའི་གང་ཟག་རྣམས་དང་ཁྱེད་མེད་དུ་སློབ་དགོས་ཀྱི་འདུག་པས། གོང་མའི་དུས་མཁྱེན་པའི་ཡི་གེའི་ཀློག་འདོན་བརྗེད་ནས་བསྐྱེད་རྫོགས་ཀྱི་རྣལ་འབྱོར་མ་བརྗེད་པར་ལུས་མེད་ངེས་ཡིན་པས། ཆིབས་གོང་བུད་ཐུབ་ཙམ་ནས་དཀོར་ལ་མི་འབྱོན་པར་ཐུགས་བསྐྱེད་དང་མཚམས་སྒྲུབ་རེ་ལ་སློབ་དགོས་བསམ་སྙམ་མོ།
ལེགས་མཐོང་དགའ་བ།