ཟླ་ཟེར། རྡེ་ར་རྡུན།
སྐྱ་རེངས་གཞོན་ནུས་འགྲོན་བརྡ་ཞིག་གིས་འོད་ཆེན་སྐར་ཚོགས་མཐའ་ནས་སྡུད། །
འཇམ་རླུང་བསིལ་མོ་དལ་གྱིས་གཡོ་སྟེ་དབྱིག་འཛིན་རྒན་མོའི་གཞིན་རས་ཕྱིས། །
ལྷུན་པོའི་གངས་ལས་གསེར་འོད་འཚེར་ཞིང་མཚམས་སྤྲིན་དམར་སེར་གདུགས་སུ་འཁྱིར། །
སྤྲིན་གྱི་རི་མོ་མཁར་ནས་འཐེན་ཏེ་ལྷུན་སྟུག་རི་བོའི་མགུལ་དུ་འཁྲིལ། །
སྣང་བ་གསར་པའི་མིག་ཟུང་ཕྱིས་ཤིང་དྲོད་ལྡན་མལ་ལས་ཧར་གྱིས་བཞེངས། །
གདོང་དང་ལག་སོགས་ལེགས་པར་ཁྲུས་ཏེ་གཟབ་མཆོར་གཙང་མས་ཡོངས་སུ་བརྒྱན། །
སྤོས་དང་མཆོད་པ་ལུགས་བཞིན་བཤམས་ཏེ་ཤིས་པའི་ཚིག་གི་ཁ་གཡང་སྒྲོག །
བསངས་དུད་འཁྱུག་འགྲོས་རླུང་གིས་བསྐུལ་ཏེ་ཕང་ཕུང་ལྷོ་སྤྲིན་ཁྱུ་དང་སྡེབས། །
དྲི་མེད་ལྷ་རྫས་དཀར་འཇམ་རེ་རེ་ཕྱག་ཟུང་རྩེ་ནས་ཐུར་དུ་དཔྱངས། །
སྐུ་བརྙན་མཐོང་གྲོལ་ཆེན་མོའི་མདུན་ལ་ཁ་བའི་རྡུལ་རྩེག་བཞིན་དུ་སྤུངས། །
བཅོས་མིན་དད་པས་ལུས་སེམས་བརླན་ཞིང་ལག་གཉིས་འདབ་མ་སྙིང་གར་ཟུམ། །
རྩེ་གཅིག་ཡིད་ཀྱིས་གངས་ཅན་མགོན་པོའི་སྐུ་ཚེ་བསྐལ་པར་གནས་པ་དང༌། །
ཉམས་ཐག་འབངས་རྣམས་བདེ་ལ་བཀོད་ཕྱིར་ཞབས་ཟུང་ཁ་བའི་ལྗོངས་སུ་བསྒྱུར། །
ཀླ་ཀློ་དམར་པོའི་གདུག་རྩུབ་རབ་ཞི་གཞིས་བྱེས་བོད་མི་མཉམ་འཛོམས་དང༌། །
ས་ཡ་དྲུག་པོའི་བདེན་པའི་དོན་དེ་མྱུར་དུ་གསལ་ཆེད་མཆོག་གསུམ་ལ། །
རེ་བ་ཉག་གཅིག་སྙིང་ནས་བཅོལ་ཏེ་ཐོག་མར་ལྷ་ལ་མཆོད་སྤྲིན་འབུལ། །
ཡངས་པའི་གྲུ་གཞི་རྒྱ་ལྕོག་སྟེང་དུ་སྣ་མང་གཙང་ཟས་སྡེ་ཁས་ཁེངས། །
དྭངས་གཙང་དཀར་ཡོལ་བཀྲ་ཤིས་ནང་དུ་འོ་ཇར་མར་གྱི་ཁ་སྤྲིས་མཐུག །
སྣུམ་ཞགས་འཁྱིལ་བའི་ཁྱིམ་གཞི་ཆུང་ཆུང་སྐྱིད་པའི་བགོད་སྒྲས་འགེངས་པར་བྱས། །
ཁ་བའི་ལྗོངས་ཀྱི་བཟང་པོའི་ལུགས་སྲོལ་སྲོག་གི་རྒྱུན་བཞིན་ལེགས་པར་བསྐྱངས། །
རྟ་ལྗང་ཅན་གྱིས་འཛུམ་མདངས་ཕྱུང་ཡང་ཚ་བའི་མདུང་རྩེར་སྤྲིན་གྱིས་བཀབ། །
ཀླུང་ཆེན་དག་ཀྱང་གསང་རྒྱ་བསྡམས་ཏེ་མེར་གྱིས་ཆུ་གཏེར་རླབས་སུ་འདྲེས། །
གྲང་རླུང་ངར་མས་རང་ཚོད་བཟུང་སྟེ་དཔྱིད་ཀྱི་ཕོ་ཉ་འགྲོན་དུ་བསུས། །
འདབ་ཆགས་བྱེ་བས་གཤོག་ཟུང་བགྲད་དེ་མགྲིན་དབྱངས་སྙན་མོ་རྣ་བར་འཇེབས། །
རིག་གཞུང་ཞིག་གི་གཞས་དང་ཞབས་བྲོས་ཁྲོམ་ཚོགས་མིག་ལ་བདུད་རྩི་སྦྱིན། །
སྙན་པའི་གླུ་དབྱངས་རྟ་ལ་དྲངས་ཏེ་སྒྲ་འཛིན་དབང་པོའི་གསོས་སུ་གྱུར། །
ལོ་སར་ཚེས་པ་དང་པོའི་ཉིན་དེ་འཆི་མེད་གྲོང་ཁྱེར་གཉིས་པ་བཞིན། །
དགེ་ལེགས་འབུམ་གྱིས་ཀུན་ནས་བརྒྱན་པས་མི་ཡུལ་སྣང་ཚུལ་དལ་ཅིག་འགགས། །
ལོ་གསར་བའི་སྙན་རྩོམ་ཡིན་པས།
ལོ་གསར་བའི་སྙན་རྩོམ་ཡིན་པས།
དེ་རིང་ཤི་གསོན་མཚམས་ནས་རྒྱང་ལྟ་ཞིག་བྱས་དུས། །
ང་ཡི་མེས་པོའི་དཔའ་མཛངས་རི་མོ་ཞིག་བརྙེད་བྱུང༌། །
དེ་རིང་སྔ་ཕྱིའི་མཚམས་ནས་རྒྱང་ལྟ་ཞིག་བྱས་དུས། །
ང་ཡི་ཡབ་མེས་བཤུལ་ལམ་སོ་མ་ཞིག་བརྙེད་བྱུང༌། །