ཀླུ་སྨྱོན་ཧེ་རུ་ཀ
ལོ་ངོ་ཉིས་སྟོང་ལྔ་བརྒྱའི་སྔོན། །
ཉི་འོད་དེ་རིང་བཞིན་དུ་འཚེར། །
སྤྲིན་པའང་དེ་རིང་ལྟ་བུར་ལྡིང་། །
བྱ་བྱེའུ་དེ་རིང་ཅི་བཞིན་འཕུར། །
རླུང་བུ་དེ་རིང་འདྲ་བར་ལྡང་། །
ལོ་དྲུག་དཀའ་བ་སྤྱད་པ་ཡི། །
དྲང་སྲོང་སྐུ་ཤ་སྐེམ་ན་ཡང་།
གཟི་བརྗིད་འབར་བ་གང་ཞིག་གིས། །
བྱང་ཆུབ་ཤིང་ལ་སྐུ་རྒྱབ་བསྟན། །
བྱམས་བརྩེའི་སྤྱན་གྱིས་ཕྱོགས་བཅུར་གཟིགས། །
སྐྱེ་རྒ་ན་འཆིའི་ཆུ་བོ་བཞིས། །
འགྲོ་བ་དག་ནི་ཕྱི་ཕྱིར་འཁྱེར། །
མུན་པར་བཅས་པའི་བདུད་སྡེའི་སྙིང་། །
སྙིགས་མའི་རྡུལ་དང་ལྷན་ཅིག་རྩེན། །
ད་ནི་མཁའ་ཁྱབ་འགྲོ་བའི་ཕྱིར། །
རྡོ་རྗེ་ལྟ་བུའི་ཏིང་འཛིན་ཞིག །
རྒྱ་མཚོ་འདྲ་བའི་སྙིང་རྗེ་ཞིག །
མ་སྐྱེས་བར་དུ་སྒོམ་མི་གློད། །
འཆི་བ་མེད་པའི་གོ་འཕང་ཞིག །
འགྲོ་ལ་ཕན་པའི་ལམ་བུ་ཞིག །
འོད་ཀྱིས་སྒེག་པའི་སྣང་བ་ཞིག །
མ་རྙེད་བར་དུ་སྒོམ་མི་གློད། །
དེ་སྐད་ཐུགས་དམ་བཅས་པའི་མོད། །
ས་ནི་རྣམ་པ་དྲུག་ཏུ་གཡོས། །
ཆུ་བོས་ཡ་མཚན་རྦ་རླབས་འགྱེད། །
ཉི་འོད་ཆར་དུ་བབས་ཤིང་འཚེར། །
ལྷ་རྣམས་ཅ་ཅོས་མྱོས་ཤིང་འཁྱོར། །
དྲང་སྲོང་ཆེན་པོའི་ཏིང་འཛིན་གྱིས། །
སྲིད་པ་གསུམ་གྱི་ཁོང་ཉུལ་བས། །
བདུད་སྡེ་དག་ཀྱང་རབ་དངངས་ཤིང་། །
བར་དུ་གཅོད་པའི་སྟ་གོན་བརྩམས། །
རི་བོ་རལ་ཞིང་ཆུ་གཏེར་འཁྲིགས། །
དུག་སྦྲུལ་ཉུལ་ཞིང་མཛེས་མ་འཛུམ། །
ཅེ་སྤྱང་ངུ་ཞིང་སྲིན་བྱ་དགོད། །
གློག་དམར་འཁྱུགས་ཤིང་ཐོག་ཆར་འབེབ། །
ད་ཀོ་འཇིག་རྟེན་ཟླུམ་པོ་འདི། །
ཐལ་བར་འགྱུར་བའི་ཟློས་གར་གྱིས། །
དྲང་སྲོང་ཆེན་པོའི་བ་སྤུ་ཡང་། །
གཡོ་བར་མ་གྱུར་འདི་ཅི་ཞིག །
བདུད་སྡེས་འཕངས་པའི་མཚོན་ཆ་དག །
མཛེས་སྡུག་མེ་ཏོག་ཕྲེང་བར་གྱུར། །
བསླུ་བྱེད་མཛེས་མའི་མྱོས་བུམ་ཡང་། །
རྒས་གཉེར་བབས་ཤིང་མི་སྡུག་གྱུར། །
སྲོད་ལ་མཉམ་པར་བཞག་གྱུར་ཅིང་། །
ནམ་གུང་བདུད་སྡེ་བཅོམ་པ་དང་། །
ཐོ་རེངས་མངོན་པར་སངས་རྒྱས་ཏེ། །
སྐྱེ་བོ་དག་གི་འདྲེན་པར་གྱུར། །
ལྔ་སྡེ་ཚངས་པ་ཆེན་པོ་སོགས། །
མི་དང་ལྷ་ཡི་གདུལ་བྱ་ལ། །
བདེན་བཞིའི་ཆོས་ཀྱི་འཁོར་ལོ་ཡི། །
བདུད་རྩིའི་བགོ་བཤའ་ལན་མང་བཀྱེས། །
གྲོང་དང་གྲོང་ཁྱེར་རབ་རྒྱུ་ཞིང་། །
ནགས་དང་རི་བོའི་ཁོང་ཉུལ་ཏེ། །
ནང་དུ་ཡང་དག་འཇོག་པ་དང་། །
ཐེག་གསུམ་གདུལ་བྱ་སྨིན་པར་མཛད། །
ལྷས་བྱིན་ཁྲོས་ནས་སྒྱོགས་རྡོ་འཕངས། །
མཛེས་དགས་གཞི་མེད་སྐུར་བ་བཏབ། །
དཔལ་སྐྱེས་དུག་གི་ཟས་དྲངས་ཀྱང་། །
ཁྱོད་ལ་ཅི་ཡང་གནོད་མ་གྱུར། །
ཚངས་པའི་གོ་འཕང་འཚོལ་བ་ཡི། །
རལ་བ་སེར་སྐྱའི་དྲང་སྲོང་དག །
ཁྱོད་ཞབས་སྤྱི་བོས་རབ་བླངས་པས། །
མཆོག་སྲུང་ལ་སོགས་སྟོན་ཆེན་མང་། །
ཁྱིམ་ན་གནས་ཀྱང་ཤེས་རབ་མེས། །
རྨོངས་མུན་ནགས་ཀྱི་ཚལ་ཟ་བའི། །
དྲི་མེད་གྲགས་པ་ལ་སོགས་པའི། །
གོས་དཀར་ཅན་ཡང་ཁྱོད་ལ་མང་། །
དྲང་སྲོང་ཆེན་པོ་ཁྱོད་ཉིད་ནི། །
ནུ་ཞོའི་བཅུད་ཀྱིས་བསྐྱངས་པ་ཡི། །
སྐྱེ་རྒུའི་བདག་མོ་ལ་སོགས་པའི། །
སྒྲུབ་པ་མོ་ཡང་ཁྱོད་རྗེས་འབྲངས། །
ཐེག་པ་གསུམ་གྱི་བདུད་རྩི་ཡིས། །
འགྲོ་མང་ཐར་པའི་སར་བཀོད་པས། །
ད་ཀོ་ཁྱོད་ཀྱི་ཉི་མ་ཡང་། །
དུས་ཀྱི་ནུབ་རིར་གཤེགས་ལ་རིངས། །
མཚན་དཔེ་འབར་བའི་གཟུགས་སྐུ་ནི། །
མཆོད་པའི་རྟེན་དུ་བཞག་མཛད་ཅིང་། །
སྤྲོས་བྲལ་ཐུགས་ཀྱི་ཐིག་ལེ་ནི། །
ཆོས་ཀྱི་དབྱིངས་ན་གར་དུ་རྩེན། །
དེ་སྐད་སྟོན་མཆོག་ཟས་གཙང་སྲས། །
མངོན་སངས་རྒྱས་དང་ཆོས་འཁོར་བསྐོར། །
མྱ་ངན་འདས་པའི་དུས་ཆེན་གསུམ། །
འཛོམས་པའི་ཚེས་ལ་གླུ་འདི་བླངས། །