ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༩ ཉིན་གྱི་དགོང་དྲོ་བོད་ནང་གི་ཆུ་ཚོད་ ༨ པ་ཡས་མས་ཙམ་ལ། རེབ་གོང་མགོན་ཤུལ་དམེ་སྐོར་ནས་ཡིན་པའི་བུ་མོ་པཎ་ཆེན་སྐྱིད་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག ཁོ་མོ་ནི་ལོ་ ༡༦ དང་། རེབ་གོང་རྩེ་ཁོག་རྫོང་དམའ་འབྲིང་གཉིས་པའི་ལོ་རིམ་གཉིས་པའི་སློབ་མ་ཡིན་འདུག ཁོང་མོས་ད་ཐེངས་སློབ་གྲྭས་གུང་གསེང་ཉིན་ལྔར་བཏང་ཡོད་པའི་སྐབས་དང་བསྟུན། ཡུལ་ལ་སོང་སྟེ་རང་ལུས་མེར་བསྲེགས་གནང་འདུག མེར་བསྲེགས་སྐབས། ༼རྒྱལ་བ་རིན་པོ་ཆེ་ཁྲི་ལོར་བརྟན་པར་ཤོག བོད་མི་མང་ཁྲི་ལོར་ཤོག༽་ཅེས་སྐད་འབོད་གནང་འདུག
ཁོ་མོའི་ཕ་མིང་ལ་བསོད་ནམས་ཚེ་རིང་ལོ་ ༤༠ དང་། མ་མིང་ལ་གསེར་མོ་ ༣༧ ཡིན་འདུག་ལ། སྤུན་མཆེད་གཉིས་ཡོད་པ་ལས་ཆེ་བའི་མིང་ལ་གུ་རུ་སྐྱིད། ལོ་༡༧ དང་། ཆུང་བའི་མིང་ལ་ཆོས་སྒྲོན་སྐྱིད་ཟེར་ཞིང་བཙུན་མ་ཡིན་འདུག
མེར་བསྲེགས་བཏང་རྗེས་ས་གནས་མི་མང་ནས་རྒྱལ་གཅེས་དཔའ་མོ་སངས་རྒྱས་སྒྲོལ་མ་སོགས་ཀྱི་སྐུ་གདུང་སྦྱིན་སྲེག་གནང་སར་སྐུ་ཕུང་འཁྱེར་ནས་ཡོང་ནའང་། རྒྱ་ནག་གི་དམག་མིས་བཀག་འགོག་བྱས་ཏེ་ཡོང་མ་བཅུག་པར་བརྟེན། བཞུགས་ཁྲི་ཐང་ཞེས་པ་དེར་སྐུ་ཕུང་སྦྱིན་བསྲེགས་གནང་འདུག
བཞུགས་ཁྲི་ཐང་ཞེས་པ་ནི་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་རེབ་གོང་མགོན་ཤུལ་དུ་ཕེབས་སྐབས་མང་ཚོགས་ལ་བཀའ་སློབ་དང་གསུང་ཆོས་གནང་སྐབས་བཞུགས་མྱོང་བའི་བཞུགས་ཁྲི་ཞིག་ཡོད་པ་རིམ་པས་ས་མིང་དུ་ཐོགས་པ་ཞིག་ཡིན་འདུག
སྦྱིན་བསྲེག་གནང་ཡུལ་དེ་རུ་མི་མང་ཤུགས་ཆེ་འཛོམས་ནས་རྒྱལ་བའི་ཞབས་བརྟན་གསོལ་འདེབས་དབྱངས་འདོན་དང་། སྐད་འབོད་ཤུགས་ཆེ་བྱས་ཡོད་པ་དང་། དེ་རུ་མགོན་ཤུལ་རྡོ་རྗེ་རྫོང་དགོན་པའི་གྲྭ་པ་དང་། སྔགས་དགོན་གྱི་སྔགས་པ་རྣམས་ཀྱིས་སྨོན་ལམ་གསུང་འདོན་གནང་ནས་མཚན་ཕུད་བྱ་རྩིས་བྱས་ཡོད་ནའང་། དམག་མིས་བསྡད་བཅུག་མི་འདུག མདང་ནུབ་མེར་བསྲེགས་གནང་སར་དམག་མི་རླངས་འཁོར་གཉིས་སླེབས་ཡོད་འདུག་པ་དང་། རྡོ་དཀར་མོ་ཞང་དུ་དམག་མི་ཕོན་ཆེ་ཡོང་ནས་དམ་དྲག་ཤུགས་ཆེ་བྱེད་ཀྱིན་ཡོད་འདུག
གཞན་ཡང་། གསར་ལམ་ཁག་ཏུ་གནས་ཚུལ་འབྱོར་གསལ་ལྟར་ན། པཎ་ཆེན་སྐྱིད་ཀྱིས་རང་ལུས་མེར་བསྲེགས་མ་བཏང་སྔོན་ཙམ་ལ། གྲོགས་མོ་ཞིག་ལ་ཁ་པར་བཏང་སྟེ། “ངས་བོད་པའི་ལ་རྒྱའི་ཆེད་དུ་རང་ལུས་མེར་བསྲེགས་གཏོང་རྒྱུ་ཡིན། ཞང་ཐོག་ཏུ་སོང་ནས་སྲིད་གཞུང་སྒོ་ཁ་ནས་མེར་བསྲེགས་བཏང་ན། ངའི་ཕུང་པོ་ཕ་མའི་ལག་ཏུ་རག་རྒྱུ་མ་རེད། ད་ངས་འབྲོག་ས་རང་ནས་མེར་བསྲེགས་གཏོང་རྒྱུ་ཡིན” ཞེས་བརྗོད་ཡོད་འདུག་པ་བཅས།
གནས་ཚུལ་བསྡུ་སྒྲིག་པ། བོན་རྒྱ་བསྟན་འཛིན་རབ་རྒྱས།
གངས་ཅན་འགྲོ་བའི་རང་དབང་བདེ་སྐྱིད་སླད། །
རང་གི་ལུས་དང་སྲོག་ཀྱང་ཡོངས་བཏང་བའི་། །
རྒྱལ་གཅེས་དཔའ་མོ་པཎ་ཆེན་སྐྱིད་ལ་སོགས། །
བདེ་བ་ཅན་གྱི་ཞིང་དུ་མྱུར་སྐྱེ་ཤོག །
་སྙིང་རྗེ།ཨོྂ་མ་ནི་པདྨེ་ཧཱུྂ།
སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།།འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།།ས་དང་ལམ་གྱི་རིམ་པ་ཡོངས་རྫོགས་ཏེ།།རྡོ་རྗེ་འཆང་གི་གོ་འཕང་མྱུར་འཐོབ་ཤོག།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།། གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།། དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།། གྲུ་འཛིན་མགོན་དེས་ཐུགས་རྗེ་སྐྱོང་བར་མཛོད།།
གནས་ཚུལ་ཡག་པོ་མ་རེད་་་་་རང་ལོ་བཅུ་དྲུག་་་་་་་་་སྙིང་རྗེས་་་་་་་་་ཚང་མའི་གཟབ་ཟབ་གནང་རོགས་་་་་གནས་ཚུལ་ཡག་པོ་མ་རེད་་་་་་
ཨོྂ་མ་ནི་པདྨེ་ཧཱུྂ། ཨོྂ་མ་ནི་པདྨེ་ཧཱུྂ། ཨོྂ་མ་ནི་པདྨེ་ཧཱུྂ། ཆུང་བྱིས་བ་ཚུན་ཆད་ཀྱིས་གནད་མི་ཁྱོགས་པའི་རྒྱ་འདྲེ་ཚང་གི་གདུག་རྩུབ་འདི། ནམ་ཞིག་ལ་མགོ་རྟིང་རྗེ་འམ། ཨ་འཛམ་བུ་གླིང་། ཨ་རྒྱ་འདྲེ་མི་དམངས།