མཁོ་གཏོང་བ། སྤེལ་ལྗམ་བོད་ཚོགས་དྲུང་གཞོན་ས་དཀར་བཀྲ་ཤིས།
དེ་རིང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ང་དྲུག་པ་དེ་བཞིན་སྤེལ་ལྗམ་བོད་རིགས་ཚོགས་པ་གཙོས། སྤར་སིལ་སྐུ་ཚབ་དོན་གཅོད་ཁང་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤར་སིལ་ཡན་ལག་ལས་ཁང་དང་། ས་གནས་གཞོན་ནུ་ཚོགས་པ། ས་གནས་ཆུ་བཞི་སྒང་དྲུག་བཅས་ཚོགས་པ་ཁག་མཉམ་རུབ་ཀྱིས་སྤེལ་ལྗམ་རྒྱལ་ས་སྤར་སིལ་དུ་ཡོད་པའི་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་དབུས་ལྷན་ཁང་མདུན་ནས་དབུ་འཛུགས་གནང་ཡོད་པ་དང་། དུས་དྲན་མཛད་སྒོའི་སྟེང་སྤར་སིལ་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་འགྲུབ་གཙོས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སུམ་བརྒྱ་ལྷག་འདུ་འཛོམས་བྱུང་ཡོད་པ་དང་། མཛད་སྒོའི་སྐབས་སྤར་སིལ་སྐུ་ཚབ་དོན་གཅོད་དྲུང་ཆེ་ཀརྨ་ལགས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ནས་སྤེལ་བའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་སྒྲོགས་སྦྱོངས་གནང་བ་དང། སྤེལ་ལྗམ་བོད་ཚོགས་དྲུང་གཞོན་ས་དཀར་བཀྲ་ཤིས་ནས་དུས་དྲན་ངོ་སྤྲོད་དང་འབྲེལ་བའི་གཏམ་བཤད་གནང་།
ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་རྣམ་ལགས་ནས་དབུས་གཞོན་ལྷན་གྱི་གསུང་འཕྲིན་སྒྲོགས་སྦྱངས་གནང་བ་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཡུ་རོབ་འགན་འཛིན་སྐུ་ཞབས་Vincent Metteen ལགས་ནས་རྒྱབ་སྐྱོར་གཏམ་བཤད་གནང་སོང་ལ། ལྷག་པར་ཏུ་ཡུ་རོབ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་Thonmas. Mann ལགས་ཀྱི་རྒྱབ་སྐྱོར་གསུང་འཕྲིན་ཕེབས་ཡོད་པ་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་སྒྲོགས་སྦྱངས་གནང་།
མཛད་སྒོའི་གཏམ་བཤད་ཁག་གྲུབ་རྗེས་མི་མང་རྣམས་ཀྱིས་ཆུ་ཚོད་གཅིག་རིང་སྐད་འབོད་གོམ་བགྲོད་གནང་སྟེ་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་བསྐྱོད་ཡོད་པ་དང་། རྒྱ་ནག་གཞུང་ཚབ་ཁང་དེ་སྔར་དང་མི་འདྲ་བར་ས་གནས་ཉེན་རྟོག་པ་མང་པའི་མཐའ་བསྐོར་ཏེ་སྲུང་སྐྱོབ་དམ་པོ་གནང་ཡོད་པ་དང་། ལོ་ཁ་ཤས་རིང་སྤེལ་ལྗམ་གཞུང་གིས་བོད་མི་ཚོར་རྒྱ་ནག་གཞུང་ཚབ་ཁང་མདུན་ནས་སྐད་འབོད་གནང་རྒྱུ་བཀག་སྡོམ་བྱས་ཡོད་ནའང་ཐེངས་འདིར་གཞུང་ཚབ་ཁང་མདུན་ནས་སྐད་འབོད་གནང་བའི་ཆོག་མཆན་ཐོབ་ཡོད་འདུག་ལ། བོད་མི་ཚོའི་གཞུང་ཚབ་ཁང་མདུན་ནས་ཆུ་ཚོད་གཉིས་རིང་སྐད་འབོད་གནང་ཡོད་པ་དང་མཐར་བདེན་ཚིག་སྨོན་ལམ་གྱེར་ཏེ་དུས་དྲན་སྲུང་བརྩི་མཇུག་འགྲུབ་ཡོད་པ་རེད།