རྟ་དབྱངས།
དེང་སང་གི་སྤྱི་ཚོགས་ནང་། མི་མང་པོ་ཞིག་གིས་ཚོང་ལས་སྒྲུབ་སྟངས་དང་དཔལ་འབྱོར་འཛུགས་སྐྲུན་སྐོར་ལ་དོ་སྣང་ཤུགས་ཆེར་བྱེད་ཀྱིན་ཡོད་པ་རེད། དེས་ན། ཚོང་མགྲོན་ཞབས་ཞུ་ (Customer Service)ནི་འདི་འདྲའི་སྤྱི་ཚོགས་ནང་དུ་ཧ་ཅང་གནད་འགག་ཅན་ཞིག་ཆགས་ཡོད་ལ། བོད་མི་ཚོར་མཚོན་ན། ཚོང་མགྲོན་ཞབས་ཞུའི་ཐད་ཀྱི་ཀུན་སྤྱོད་ཡག་པོ་ཞིག་སེམས་ངོས་སུ་དགོས་རྒྱུ་ནི་ཡག་ཐོག་གི་རྒྱན་ཆགས་ཡོད་པ་རེད་སྙམ། ནམ་རྒྱུན་བོད་པའི་ཁ་རྒྱུན་ལ། དཔལ་འབྱོར་ཞིག་བཙལ་དགོས། ཚོང་ཞིག་རྒྱག་དགོས་ཟེར་བར་གཞིགས་ན། མིང་ཚིག་འདི་གཉིས་ཀྱི་དོན་དག་གཅིག་པ་ལྟ་བུར་བེད་སྤྱོད་བྱེད་བཞིན་འདུག
དོན་དུ་མིང་ཚིག་འདི་གཉིས་ལ་ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད། དེས་ན། ཚོང་མགྲོན་ཞབས་ཞུ་ནི་དཔལ་འབྱོར་དང་ཚོང་ལས་ཀྱི་ཆ་ཤས་ཤིག་ཡིན་པས། འདིར་ང་ཚོས་ཐོག་མར་དཔལ་འབྱོར་དང་ཚོང་ལས་སྐོར་གྱི་གོ་དོན་ལ་ཁ་བརྡ་ཙམ་བྱས་རྗེས་ཁ་བརྡའི་བརྗོད་གཞི་སྟེ་ཚོང་མགྲོན་ཞབས་ཞུའི་ཐོག་འགྲོ་བར་བྱ།
དཔལ་འབྱོར་ཟེར་བ་ནི་འགྲོ་བ་མིའི་འཚོ་གནས་ཀྱི་དར་རྒུད་དང་། ཕྱིའི་ཐོན་སྐྱེད། ཁྱིམ་ཚང་གི་འབྱོར་བ། རྒྱུ་ནོར་ལོངས་སྤྱོད། རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་མི་དམངས་ཀྱི་ལས་ཀ མདོར་ན། “དཔལ་འབྱོར་ནི་སྤྱི་ཚོགས་ཚན་རིག་ཅིག་སྟེ། དངོས་པོའི་ཐོན་ཁུངས་ཉུང་ཉུང་དེས་མི་མང་གི་འདོད་པ་མཐའ་མེད་པ་དེ་ཇི་ལྟར་ཚིམ་པར་བྱེད་པ། ཐོན་ཁུངས་སམ་འབྱུང་ཁུངས་ཉུང་ཉུང་དེ་ལ་ཇི་ལྟར་འདམ་ག་དང་ཐག་གཅོད་བྱེད་ཐབས་ཀྱི་བསླབ་གཞི་ཞིག་ཡིན་ནོ།” ཞེས་དང་། དེ་བཞིན་དཔལ་འབྱོར་ལ་དབྱེ་བ་ཆེ་ཆུང་གཉིས་སུ་དབྱེ་ཡོད་པ་དང་སློབ་གྲྭ་ཆེན་མོའི་ནང་དུ་ཆེད་ལས་སློབ་སྦྱོང་ལོ་བཞིར་བྱེད་དགོས་པ་བཟོས་ཡོད།
ཚོང་ལས་ནི་མདོར་བསྡུས་ནས་བཤད་ན་ཕར་བཙོང་ཚུར་ཉོ་ཡི་ལས་ཀ་ཞིག་རེད། དཔེར་ན། རྒྱལ་སྤྱིའི་ཚོང་ལས་བྱེད་ཕྱོགས་དང་། སྲང་ལམ་གྱི་ཁྲོམ་ར། སྒེར་གྱི་ཟ་ཁང་དང་ཇ་ཁང་། ཚོང་ཁང་སོགས་ཀྱི་ལས་རིགས་དག་ཡིན། ད་རུང་དེང་དུས་སུ་ཚོང་རྒྱག་སྟངས་གསར་པ་ཞིག་ཡོད་པ་ནི་དྲྭ་ལམ་གྱི་ཚོང་ལས་རེད། དཔེར་ན། རྒྱ་ནག་གི་ཚོང་དཔོན་ཆེན་མོ། Jack Ma- ཇ་ཁི་མ་ Alibaba- ཨ་ལི་པྭ་པྭ་ཡི་འགོ་འཛིན། ཁོས་ཨ་ལི་པྭ་པྭའི་དྲྭ་ངོས་བརྒྱུད་དེ། འཕྲུལ་ཆས་རིག་པ་བཀོལ་སྤྱོད་བྱས་ནས། ཨ་སྒོར་ས་ཡ་བཞི་བརྒྱའི་བདག་པོ་རུ་གྱུར་ཡོད།
ད་ནི་ང་རང་གནས་ཡུལ་ཁེ་ན་ཌ་རྒྱལ་ཁབ་ནང་གི་གནས་སྟངས་ལས་མཐོང་ཐོས་མྱོང་གསུམ་གཞིར་བཞག་ཚོང་མགྲོན་ཞབས་ཞུའི་སྐོར་གྱི་གནད་འགག་བཞིའི་ཐོག་གསལ་འདེབས་ཀྱི་ཚུལ་དུ་ཁ་བརྡ་བྱེད་འདོད་བྱུང་། ཚང་མས་མཁྱེན་གསལ་ལྟར། ཚོང་མགྲོན་ཞབས་ཞུ་ཟེར་བ་ནི་ཚོང་མགྲོན་གྱི་དགོས་མཁོ་ལྟར་ཞུབས་ཞུ་སྒྲུབ་པ་ལ་གོ་མོད། འོན་ཀྱང་། ཞབས་ཞུ་ཡང་དག་ཅིག་ཡོང་མིན་ལ་དོ་སྣང་བྱེད་གལ་ཆེ་སྟེ། དེ་ནི་ཚོང་མགྲོན་གྱི་དགོས་འདོད་བསྐང་ཐུབ་པ་བྱ་རྒྱུ་དང་། ཚོང་མགྲོན་གྱིས་ཅ་ལག་ཉོས་ཚར་རྗེས་བློ་འགྱོད་མེད་པ། སྐྱིད་པོ་ཡོང་ཐབས་བཟོ་བ། དཔེར་ན། ཚོང་ཁང་ཞིག་ནས་གྱོན་གོས་སམ། ཡང་ན་ལྷམ་ཞིག་ཉོ་སྐབས་ཚོང་མགྲོན་དེར་དེ་དག་གོན་ནས་སོ་སོ་ལ་རན་མིན་ཇི་དགར་ཚོད་ལྟ་བྱེད་དུ་འཇུག་པ་དང་། ཐ་ན་རང་ཁྱིམ་དུ་སོང་ནས་ཉིན་འགའ་འགོར་ན་ཡང་། འཛིན་བྱང་བསྟན་དུ་ཡོད་ཚེ། ལྷམ་དེ་བཙོག་པ་མ་ཆགས་ན་ཉིན་བཅོ་ལྔའི་ནང་ཚུན་དུ་ཕྱིར་སློག་ཆོག ཅེས་འཛིན་བྱུང་སྟེང་བཅའ་དངོས་ཕྱིར་སློག་ཆོག་པ་གསལ་བོར་བཀོལ་ཡོད། ཞབས་ཞུའི་རྣམ་འགྱུར་བཟང་ཞིང་ཞབས་ཞུ་བས་ཀྱང་འཛིན་བྱང་མ་བརླག་པ་བྱེད་གལ་ཆེ་བའི་གསལ་འདེབས་བྱས་ནས་ཚོང་མགྲོན་གྱི་བློ་བདེ་ཞིང་ཡིད་ཆེས་ཡོང་བ་བཟོ་དགོས། ཚོང་ཁང་ཆུང་ཆུང་ཞིག་ཡིན་ན། ཉོས་ཟིན་པའི་ལྷམ་དེ་རན་པོ་ཡིན་མིན་གྱི་གནས་སྟངས་ཆགས་ན། ལྷམ་གཞན་ཞིག་ལ་བརྗེ་བོ་རྒྱག་པ་ལས་དངུལ་ཕྱིར་སློག་བྱེད་ཚུལ་མེད་ལ། དེ་ཡང་ཤོག་ངོས་ཤིག་ལ་དེའི་སྐོར་གསལ་པོར་བྲིས་ནས་ཚོང་ཁང་གི་ས་གནས་གལ་ཆེན་ཞིག་ཏུ་ཚོང་མགྲོན་ཀུན་གྱིས་དོ་སྣང་ཡོང་ས་ཞིག་ཏུ་མཐོང་བདེ་བར་བྱས་ཏེ་བཞག་ཡོད།
དེ་བཞིན་ཟ་ཁང་གི་ཟ་མའི་ནང་དུ་སྐྲ་ཞིག་ཟགས་ཡོད་པ་ཚོང་མགྲོན་གྱིས་མཐོང་ནས་བསྟན་པ་ཡིན་ན། དེར་དགོངས་དག་ཞུ་དགོས་པ་མ་ཟད། ཟས་རིན་ཡང་སྤྲད་མི་དགོས་པའི་གསལ་བཤད་བྱེད་དགོས། དེ་བས། ཐབ་ཚང་ནང་དུ་ལས་ཀ་བྱེད་མཁན་ཚང་མས་ཞྭ་མོ་སོགས་གོན་ནས་འཕྲོད་བསྟེན་ལ་ཧ་ཅང་དང་དོད་བྱེད་པ་སོགས་ལས་རིགས་གང་ཡིན་ཡང་ཚོང་མགྲོན་གྱི་ཞབས་ཞུ་ནི་ཨང་དང་པོ་དང་བླ་ན་མེད་པ་ཞིག་ལ་འཇོག་དགོས་པ་རེད། ཡིན་ནའང་། བྱ་དངོས་གང་ཡིན་ན་ཡང་སྐྱོན་ཡོན་གཉིས་ལྡན་ཡིན་ཟེར་བ་བཞིན། ཚོང་མགྲོན་དག་ལ་འདོད་བློ་མ་ཁེངས་པའི་དཀའ་ངལ་ཡོང་བཞིན་པ་ཡིན། དཔེར་ན། ཅ་དངོས་ཀྱི་རིན་གོང་མཐོ་དྲགས་པ་དང་། ཚོང་ཁང་སོགས་སུ་ཡུན་རིང་བང་སྒྲིག་དགོས་པ་བཅས་ཡོད་པས་ཡིན།
ཡང་དཔེར་ན། མགྲོན་ཁང་ལ་ལར་གློག་ཀླད་ཀྱི་བརྡ་རྟགས་མི་བཟང་བ་དང་། ཉལ་ཁྲི་བདེ་འབོལ་མིན་པ་སོགས་མ་ཚིམ་མ་དགའི་དཀའ་ངལ་སྣ་ཚོགས་ཡོད་པ་ཡིན། དེས་ན། ཁོང་ཚོས་དཀའ་ངལ་དེ་དག་ཇི་ལྟར་སེལ་བཞིན་ཡོད་ཟེར་ན། དེ་ལ་ཐབས་ཤེས་གལ་ཆེན་བཞི་སྟེ། ཉན་པ་དང་། དགོངས་དག དཀའ་སེལ་དང་། བཀའ་དྲིན་ཆེ་ཞུ་རྒྱུ་བཅས་རེད། གཤམ་དུ་ཐབས་ཤེས་དེ་བཞི་ཁ་ཡོད་ལག་ཡོད་ཀྱིས་ལག་བསྟར་བྱེད་ཚུལ་རེ་རེ་ནས་ངོ་སྤྲོད་ཞུ་ཆོག་པར་བྱའོ།།
དང་པོ། ཉན་པ། གཟབ་གཟབ་ངང་མཉན་རྒྱུ་ནི་ཧ་ཅང་གལ་ཆེར་བརྩི་བ་ཡིན། དཔེར་ན། ཚོང་མགྲོན་ཞིག་གིས་སྐྱོན་བརྗོད་བྱེད་སྐབས། རྣ་བ་གཏད་ནས་ཉན་ཞིང་། ཉན་སྐབས་གནམ་ལ་མི་བལྟ་བ་དང་ལག་མགོའི་ཆུ་ཚོད་ལ་མི་བལྟ་བར་རྣམ་རིག་སྒྲིམ་ནས་སྐྱོན་གནད་རྩད་གཅོད་བྱེད་པར་བརྩོན་ཞིང་། ཚོང་མགྲོན་གྱི་འདོད་བློ་ཇི་ལྟར་ཚིམ་པར་བྱེད་ཐབས་ལ་འབད་པ་དང་ཆབས་ཅིག སེམས་གཏིང་ནས་ཉན་གྱིན་ཡོད་པའི་རྣམ་འགྱུར་བཅོས་མིན་སྟོན་ཆེད་ཚོང་མགྲོན་གྱི་བཤད་པ་བསྐྱར་བཤད་ཀྱི་ཚུལ་གྱིས་ཕ་རོལ་བའི་ཚོར་བ་ངོ་མ་ཤེས་ཡོད་པ་གསལ་སྟོན་བྱེད་རྒྱུ་གལ་ཆེར་འཛིན་པ་རེད། དཔེར་ན། མགྲོན་ཁང་གི་མགྲོན་པོ་ཞིག་གིས་སྐྱོན་བརྗོད་བྱས་པ་ན། རྣམ་འགྱུར་མི་ལེགས་པའི་རིགས་སྟོན་མི་རུང་བ་དང་རླུང་དེ་ལས་ཀྱང་ལངས་མི་འོས། དེ་ལས་ལྡོག་ཏེ། ཞབས་ཞུ་བས་རྣམ་འགྱུར་ཧ་ཅང་ཡག་པོའི་སྒོ་ནས་“ཁྱེད་ཀྱིས་བཤད་པ་ཡིན་ན། ཆུ་ཚ་པོ་མི་འདུག་ཟེར་བ་ཡིན་ནམ། ཡང་ན་ཟ་མ་སླེབས་ཡུན་འགོར་སོང་བ་རེད།” ཅེས་གདོང་ལ་འཛུམ་དང་བཅས་སྐད་ཆ་དྲིས་ནས་གནས་ཚུལ་ངོ་མ་གསལ་བོར་ངོས་འཛིན་དང་ཕ་རོལ་བོ་བདེ་ལ་འབབ་ཏུ་འཇུག་དགོས།
མི་ཚང་མ་གཅིག་པ་མིན་པས། མི་ཁ་ཤས་ངར་ལངས་ཏེ། ཁོང་ཁྲོ་རབ་ཏུ་ཟ་བ། ཁ་ནས་ཚིག་རྩུབ་སྨྲ་བ། གཤེ་གཤེ་གཏོང་བ། སྤྱིར་ཁོང་ཚོར་དེ་འདྲ་བྱེད་རྒྱུའི་ཐོབ་ཐང་མེད་ན་ཡང། ངན་ལན་མི་སློག་པར་མ་ཟད། གང་འཇམ་འཇམ་དང་། འཛུམ་དམུལ་དམུལ་བྱེད་པ། སོ་སོ་རང་ལ་བཤད་ཀྱི་མེད་པའི་བསམ་བློ་ཁུར་ནས་ཞབས་ཞུ་བྱེད་དགོས། དཔེར་ན། འགྲེལ་བཤད་འདི་ལྟར་རྒྱག་དགོས་ཏེ། “ཁྱེད་ཀྱི་དཀའ་ངལ་ཤེས་སོང་། ཏོག་ཙམ་ལྷོད་ལྷོད་བྱོས་དང་། ངས་རོགས་པ་བྱེད་དགོས།” ད་དུང་ཕར་ཕྱོགས་ཀྱིས་མ་ཉན་པར། མུ་མཐུད་ནས་སྐད་མགོ་ཇེ་མཐོ་དང་། གཤེ་གཤེ་ཇེ་མང་དུ་སོང་བ་ཡིན་ན། ལྟ་རྟོག་པའམ་འགོ་འཛིན། ཡང་ན། སྦྱིན་བདག་ལ་སྐྱབས་བཅོལ་དགོས་པ་ལས་ངོ་རྒོལ་བྱ་མི་རུང་ངོ་།།
གཉིས་པ། དགོངས་དག་ཟེར་བ་འདི་རེད། དགོངས་དག་ཟེར་སྐབས་ཀྱང་དམིགས་གསལ་དགོངས་དག་ཞུ་སྟངས་ཞིག་ཡོད། དཀའ་རྙོག་འདི་ཁོང་གིས་བཟོས་པ་མིན། ཡང་ན་ཁྱོད་ཀྱིས་བཟོས་པ་ཡང་མ་ཡིན་པར་བརྟེན། ཁྱོད་ཀྱིས་དགོངས་དག་ཟེར་སྐབས། དཀའ་རྙོག་དེ་ཁྱོད་ཀྱིས་མགོར་བླངས་ནས་དགོངས་དག་ཟེར་མི་དགོས། མགྲོན་པོ་གང་ཞིག་ལ་དཀའ་རྙོག་དང་། ཡང་ན་མ་སྐྱིད་པའི་ཚོར་སྣང་ཞིག་མྱོང་བཞག་པ་དེ་ལ་དགོངས་དག་ཟེར་དགོས་པ་རེད། འཕྲོས་བཤད་ཞིག་བྱས་ན། སྤྱིར་འཇིག་རྟེན་ལ་མཚོན་ན་ཡང་དགོངས་དག་ཟེར་དགོས་རྒྱུ་འདི་ཧ་ཅང་གལ་ཆེན་ཞིག་རེད་འདུག་པས། ཕྱི་དངོས་པོ་ཡར་རྒྱས་ཅན་གྱི་རྒྱལ་ཁབ་ཁེ་ན་ཊའི་ནང་གི་ཤོད་སྲོལ་ཞིག་ལ། སྐུ་མཁྱེན་དང་ཐུགས་རྗེ་ཆེ། དགོངས་དག་འདི་གསུམ་ཁར་འབྱོར་བ་ན་ཁེ་ན་ཊའི་མི་ཡིན་ཟེར་སྲོལ་ཞིག་ཀྱང་འདུག གང་ལྟར་མི་ཡ་རབས་གཤིས་སྤྱོད་བཟང་པོའི་ངག་ན་མིང་ཚིག་འདི་དག་དུས་རྒྱུན་གོ་རྒྱུ་ཡོད།
གསུམ་པ། དཀའ་སེལ་རེད། དཀའ་སེལ་ནི་མ་འགྲིག་པ་འགྲིག་པ་བཟོ་རྒྱུ་དང་། དཀའ་ངལ་ཡོད་པ་མེད་པ་བཟོ་རྒྱུ་དེ་རེད། དཔེར་ན། མགྲོན་ཁང་ཞིག་གི་ནང་གི་མགྲོན་པོས་བརྡ་རྟགས་མེད་པའི་དཀའ་ངལ་བཤད་སྐབས། དེའི་གནས་ཚུལ་ཚང་མ་ཤེས་པའི་ཐོག་ནས་མགྲོན་པོ་ལ་འགྲེལ་བཤད་འདི་ལྟར་རྒྱག་དགོས། “ཁྱེད་ཀྱིས་བཤད་པའི་དཀའ་ངལ་ཤེས་སོང་། ངས་བརྡ་རྟགས་བཟོ་མཁན་ཞིག་ཁྱེད་ཀྱི་མགྲོན་ཁང་ནང་དུ་གཏོང་གི་ཡིན།” ཞེས་མགྲོན་པོ་བདེ་ལ་འགོད་དགོས། མགྲོན་པོ་ཁ་ཤས་ཀྱི་དཀའ་ངལ་གང་ཞིག་ཁྱེད་ཀྱིས་བསལ་མ་ཐུབ་པ་དང་ཧ་མ་གོ་བ་ཡིན་ན། ཁྱེད་ཀྱིས་མགྲོན་པོར་འདི་ལྟར་དྲང་མོར་ ལབ་དགོས། “ངས་ཁྱེད་ཀྱི་དཀའ་ངལ་དེ་བསལ་རྒྱུའི་ཐག་གཅོད་བྱེད་ཐུབ་ཀྱིན་མི་འདུག ངས་ཁྱེད་ཀྱི་དཀའ་ངལ་དེ་ཧ་གོ་མཁན་ཞིག་ལ་འབྲེལ་བ་བྱེད་དགོས།” ཞེས་ཕ་རོལ་བོ་ལ་ཤེས་སུ་བྱེད་གལ་ཆེ།
གོང་དུ་བཤད་ཟིན་པའི་རིམ་པ་དེ་ལས། ཁྱེད་རང་གིས་ཚོང་མགྲོན་གྱི་སྐྱོན་བརྗོད་ལ་ཉན་ཚར། དགོངས་དག་ཞུས་ཚར། དཀའ་ངལ་ཀྱང་བསལ་ཚར། འོན་ཀྱང་། ད་རུང་གལ་ཆེན་ཞིག་ལྷག་ཡོད་པ་ནི། བཀའ་དྲིན་ཆེ་ཞུ་རྒྱུ་དེ་ཡིན།
བཞི་བ། བཀའ་དྲིན་ཆེ་ཟེར་རྒྱུ་དེ་ཡིན། ཁྱེད་ཀྱིས་ང་ཚོར་ཞན་ཆ་འདི་དག་ཧ་གོ་རུ་བཅུག་པ་དེ་ནི་རིན་ཐང་བྲལ་བ་ཞིག་ཡིན་པས། ང་ཚོས་ཁྱེད་ལ་བཀའ་དྲིན་ཆེ་ཞུ་བ་དང་། རྗེས་སུ་ཡི་རང་བྱེད་ཀྱིན་ཡོད་ཟེར་དགོས། བཀའ་དྲིན་ཆེ་ཟེར་བ་ནི་དྲིན་ཚོར་བའི་ཚིག་དང་ཕ་རོལ་བོ་ལ་གདེང་འཇོག་བྱས་པའི་ཚིག་ཅིག་ཡིན་པས། དེ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་ལ་ཡ་རབས་སྤྱོད་བཟང་གི་ཆ་ཤས་གལ་ཆེན་ཞིག་ཀྱང་ཡིན། དེ་འདྲ་མ་བྱས་ན། ཁྱེད་ཀྱི་མགྲོན་པོ་དེ་དག་རང་འཁོར་གྱིས་ཁྱེད་སར་ཡོང་གི་མ་རེད། མ་ཡོང་བ་ཡིན་ན་ཁྱེད་ཀྱི་ཚོང་ལས་ཡར་རྒྱས་མི་ཡོང་།
ཚོང་ལས་གོང་ནས་གོང་དུ་འཕེལ་དགོས་ན། ཁྱེད་ཀྱིས་ཚོང་མགྲོན་ལ་ཞབས་ཞུ་བཟང་བོ་ཞིག་བསྒྲུབ་དགོས་པ་མ་ཟད། བཀའ་དྲིན་ཆེ་ཟེར་བའི་ཚིག་དེས་ཁོང་ཚོ་ལ་གདེང་འཇོག་དང་བརྩི་བཀུར་བླ་མེད་ཞུ་དགོས་པ་དང་། བརྒྱུད་རིམ་དེའི་ཁྲོད་ནས་རང་གཞན་གཉིས་བདེ་དང་། ཚོང་མགྲོན་ཡིད་ཚིམ་པས་ཁྱེད་སར་རང་འཇགས་ཕྱིར་ལོག་ཡོང་བ་དང་ཁྱེད་ཀྱི་ཚོང་ལས་དེ་ལས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་རེད། དེས་ན། ཞབས་ཞུ་བཟང་པོ་བྱེད་པ་ལ། ཚོང་མགྲོན་གྱི་ཡིད་ཚིམ་པའི་ཞབས་ཞུ་དང་། བག་ཕེབས་སྤྲོ་བོ་ཡོང་བའི་ཞབས་ཞུ་བྱ་དགོས། ཁྱེད་ཀྱི་མགྲོན་པོ་དགའ་དགའ་སྤྲོ་སྤྲོའི་ངང་དུ་ལོག་འགྲོ་ཐུབ་པ་བཟོ་ཐུབ་ན། དགའ་དགའ་སྤྲོ་སྤྲོའི་ངང་ནས་ཏན་ཏན་ཕྱིར་ཕེབས་ཡོང་གི་རེད། མ་ཟད་མི་གཞན་དག་ལ་ཁྱེད་ཚོའི་ཞབས་ཞུ་བཟང་རབས་དང་ལེགས་རབས་བཤད་སྲིད།
དེ་འདྲ་ཡིན་པར་བརྟེན། ཁྱེད་ཀྱི་ཚོང་ལས་ཡར་རྒྱས་འགྲོ་དགོས་ན། གཟབ་གཟབ་ངང་ཉན་པ་དང་། དགོངས་དག་ཞུ་བ། དངོས་གཞིའི་དཀའ་སེལ་ལག་ལེན་དང་བཀའ་དྲིན་ཆེ་ཞུ་རྒྱུ་ནི་ངེས་པར་དུ་ལག་བསྟར་བྱ་དགོས་པ་ཡིན་པས། ཁྱེད་ཀྱིས་གོང་གི་ཚོང་ལས་བྱེད་ཕྱོགས་སམ་བྱེད་སྟངས་ཀྱི་གནད་འགག་གལ་ཆེན་བཞི་པོ་དེ་དག་དེ་རིང་ནས་བཟུང་ལག་བསྟར་བྱ་ཐུབ་ན། ཁྱེད་ཀྱི་ཚོང་ལས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཡོང་བར་ཕན་ཐོགས་ངེས་ཅན་ཞིག་ཡོང་བ་ཡིན། འདི་ནི་དེང་དུས་ཀྱི་ཚད་མཐོའི་ཚོང་ལས་བརྒྱུད་རིམ་ནང་དུ་གལ་ཆེར་འཛིན་་བཞིན་པ་ཞིག་དང་། བྱེད་སྟངས་ཕུལ་དུ་བྱུང་བ་ཞིག་་ཀྱང་རེད། མདོར་ན་རྒྱལ་སྤྱིའི་ཚོས་ལས་ཡོངས་རྫོགས་ཀྱིས་གཙིགས་ཆེན་བྱེད་བཞིན་པ་ཞིག་ཀྱང་ཡིན་པ་མ་ཟད། སྔོན་ཐོན་རྒྱལ་ཁབ་དག་གི་ནང་དུའང་ཆེད་ལས་སམ་དམ་དོན་བྱེད་དགོས་པ་གལ་ཆེན་ཞིག་ཏུ་ངོས་འཛིན་གྱིས་ལག་བསྟར་བྱས་དང་བྱེད་མུས་ཤིག་ཆགས་ཡོད། བྱེད་སྟངས་དེ་དག་གིས་ཚོང་ལས་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་བར་རམ་འདེགས་ངེས་ཅན་ཞིག་བྱེད་ཐུབ་པ་རེད།
མཐར་འདི་ནས་བོད་ཀྱི་ཚོང་ལས་གཉེར་མཁན་དག་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ང་ཚོའི་བོད་ཀྱི་ཚོང་ལས་ཀྱི་ཞབས་ཞུ་བྱེད་སྟངས་དེ་ཡང་རྒྱལ་སྤྱིའི་ཚོང་ལས་བྱེད་སྟངས་དང་དཔུང་གཤིབ་མཉམ་འགྲོའི་སྒོ་ནས་བོད་མཐོ་སྒང་གི་དཔལ་འབྱོར་རིག་གནས་ཀྱང་དར་ཞིང་རྒྱས་པ། ཕུན་སུམ་ཇེ་ཚོགས་དང་བོད་ཀྱི་ཚོང་པ་རྣམས་ཀྱིས་གོང་བཤད་དག་ཉིན་རེའི་འཚོ་བའི་ཁྲོད་དུ་ལག་བསྟར་གྱིས་ཚོང་ལས་བྱེད་སྟངས་མགོ་འདི་ནས་མགོ་འཛུགས་དགོས་པ་སངས་རྒྱས་ལ་ཀ་ཁའི་ཚུལ་དུ་དྲན་གསོ་བྱས་པའོ།། བཀའ་དྲིན་ཆེ།
དེང་སྐབས་རྒྱ་གར་ནང་ཡོད་པའི་བོད་བོད་མི་མང་ཆེ་བ་དགུན་ཚོང་ལ་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཆུང་ཚང་མའི་ནང་བོད་མི་བལ་ཚོང་མ་སླེབས་པའི་ས་ཆ་མེད་ན་ཁྱེད་ཀྱི་གསུང་པ་ལྟར་ཚོང་ཤག་མཉམ་འབྲེལ་བ་བྱ་རྒྱུ་དང་སྐད་ཆ་བཤད་རྒྱུ་དེ་ཚོ་ཧ་ཅང་གལ་ཆེ་བས་བཙན་བྱོལ་བོད་་མིའི་བལ་ཚོང་སྒྲིག་འཛུགས་ནས་ཚོང་ཤག་མཉམ་ཚོང་ལས་བྱེད་ཕྱོགས་དང་འབྲེལ་བའི་སྐོར་ལ་ལམ་སྟོན་སྒྲིག་གཞི་རག་ཟིན་བཟོས་ནས་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་གཏན་འབེབས་གནང་ནས་བལ་ཚོང་སྒྲིག་འཛུགས་ནང་ཡོད་པའི་བོད་མི་ཚང་མས་ཉམས་ལེན་རྩི་སྲུང་ལག་ལྟར་དགོས་པ་དེ་བོད་མི་བལ་ཚོང་ནང་ཡོད་མཁན་ཚོའི་ཚོང་གི་མདུན་ལམ་ཡར་རྒྱས་ཀྱི་ཕྱོགས་སུ་ཁ་བསྟན་པའི་ཐུབ་པའི་རེ་བ་ཡོད་།
རྩོམ་ཡིག་འབྲི་ཤེས་མཁན་ཚོས། སྙན་ངག་ཡིན་ཟེར་བའི་ཚིགས་བཅད་ཐན་ཐུན་རེ་འབྲི་བ་ལས། འདི་འདྲའི་རིགས་འབྲི་ཐུབ་པ་དཔེ་ཡག་པོ་འདུག འདི་ནི་སྤྱི་ཚོགས་ལ་དགོས་མཁོ་ཡོད་པའི་རྩོམ་ཡིག་རེད། རྟ་དབྱངས་ལགས་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡོད།