རེབ་སྨད་ལྷའུ།
རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཚོང་འབྲེལ་གྱི་གཡོ་ཐབས་སྤྱད་དེ། འཛམ་གླིང་གི་རྒྱུ་འབྲས་ཀྱི་བློ་མིག་ལ་ཁ་ལོ་བསྒྱུར་བར་བརྟེན། བོད་ལྟ་བུའི་ཉམ་ཆུང་བཙན་གནོན་མྱོང་མཁན་ལ་བདེན་པའི་རྒྱབ་ལངས་བྱེད་པའི་རྒྱལ་ཁབ་ཤིན་ཏུ་ཉུང་། ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་ཆེ་ཆུང་དང་བཟང་ངན་ཚང་མས་རྒྱ་ནག་དང་ཚོང་འབྲེལ་དམ་པོར་བཟུང་ནས། ཁེ་བཟང་ཕར་ཟ་ཚུར་ཟ་དང་ཚོང་གྲོགས་གཅིག་ལ་གཅིག་རྟེན་ཆགས། བོད་ནང་གི་ཡ་ང་བའི་གདུག་རྩུབ་དང་གཉའ་གནོན་ལ་སྐྱོན་བརྗོད་ཕྲན་ཙམ་ཡང་བྱ་འདོད་མེད་པའི་ཚུལ་དུ་འདུག
སྐབས་རེར་སྲིད་གཞུང་རེ་ཟུང་གི་མགོ་ཁྲིད་ཀྱིས་རྒྱ་ནག་གཞུང་ལ་རྒྱལ་བ་རིན་པོ་ཆེ་དང་གྲོས་མོལ་གནང་འོས་པ་དང་། བོད་ཐོག་འཛིན་པའི་སྲིད་ཇུས་གུ་ཡངས་བྱ་འོས་པའི་བསམ་ཚུལ་ཤི་མ་གསོན་འདོན་པ་ཙམ་ལས། རྒྱ་གཞུང་ལ་ཚིག་ནན་པོ་ཅང་ཟེར་འདོད་མེད་པ་ཧ་ཅང་གསལ། སུས་ཀྱང་བོད་མིའི་ཆེད་དུ་རང་གི་རྒྱལ་ཁབ་ཀྱི་ཚོང་འབྲེལ་ཁེ་བཟང་ལ་གྱོང་གཏོང་འདོད་མེད་པས། རྒྱལ་སྤྱིའི་གནོན་ཤུགས་སམ་རོགས་རམ་ལ་རེ་ལྟོས་བྱེད་པ་ནི་བྱིས་བློ་འབའ་ཞིག་ཏུ་མཐོང་།
རྒྱ་ནག་དམར་ཤོག་གཞུང་གིས་བོད་ཀྱི་དབུ་འཁྲིད་དང་གཡོ་སྒྱུ་མིན་པའི་གྲོས་མོལ་ཞིག་བྱས་ཏེ། ཆེས་མཐོའི་རང་སྐྱོང་ཞིག་སྤྲོད་སྲིད་པར་འདོད་ན། དེའང་བྱིས་བློ་ཙམ་དུ་སྣང་། རྒྱ་ནག་གི་སྲིད་དབང་སྒེར་གཅོད་པ་ཚོས་རང་འགུལ་གྱིས་བསམ་ཤེས་བྱས་ཏེ། རང་དབང་མེད་པའི་བོད་མི་ལ་རང་དབང་ཞིག་སྤྲོད་མི་སྲིད། རྒྱ་ནག་མི་མང་གི་རང་དབང་དང་དམངས་གཙོའི་མངོན་འདོད་ནི་རྦ་རླབས་བཞིན་འཕྱུར་ནའང་། རྒྱ་ནག་གཞུང་གིས་ཐབས་ངན་སྣ་དགུ་བཏོན་ནས་རང་དབང་བཀག་འགོག་གི་ཆུ་རགས་བརྒྱབ་སྟེ། སྒེར་གཅོད་སྲིད་དབང་སྲུང་ཅི་ཐབས་བྱེད་པ་མ་མཐོང་ངམ།
རྒྱ་མི་དུང་ཕྱུར་བཅུ་གསུམ་དང་དགྲ་ཟླར་ཆགས་པའི་གནད་དོན་གྱིས་རྒྱ་ནག་དམར་པོ་གཞུང་མགོ་མཇུག་བསྒྱུར་གྲབས་བྱེད་པའི་ཉེན་ཁ་དེ་དང་བསྡུར་ན། བོད་ཀྱི་གནད་དོན་ནི་མར་རྡོག་ནང་གི་སྤུ་ཡི་ཚུལ་དུ་ཡོད་པ་ལོས་ཤེས།
ཞེས་རེབ་སྨད་ལྷའུ་ཡིས་བྲིས།
སྡིག་སྨྲོས་མ་འདོན། གལ་སྲིད་བོད་འདི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་རྒྱུ་ན་བོད་ཀྱིས་ཀྱང་ཉེ་འཁོར་གྱི་རྒྱལ་ཁབ་ཆུང་ཆུང་ཚོར་བཙན་གནོན་ག་ཚོད་བྱས་མེད་དམ། དེ་ནི་བཙན་པོའི་རྒྱལ་རབས་ལ་བལྟས་ན་ཧ་ཅང་གསལ།
དངོས་ཡོད་ལ་རྩོམ་བདག་ཁྱོད་ཀྱིས་བྲིས་པ་ནང་གསལ་ཡིན་ཡང་བོད་མི་ངོས་ནས་ད་དུང་གཉིས་ཕན་ལ་ཐུགས་བསམ་བཞེས་ཀྱི་ཡོད་རེད། ཡ་མཚན་པ་ཞིག་ལ་བོད་རྒྱལ་ཁབ་འཕྲོག་མཁན་རྒྱ་ནག་ཤར་ལ་བདག་དབང་རྩོད་མཁན་མ་འགྲོ་ནས་ནུབ་ཕྱོགས་ཨ་རི་ཡུལ་ལ་འགྲོ་ཀི་འདིར་ཅི་མ་ཤེས་སམ། རྒྱལ་ཚོགས་ཟེར་ན་སྟོབས་ཆེན་ཁ་ཤས་ཀྱིས་ལག་པ་ནང་རེད་མི་འདུག་གམ། དཔེར་ན་ཨ་རི་ལྟ་བུས་བོད་དོན་ཆེད་དུ་རྒྱ་ནག་ལ་སྡིག་ར་གཏོང་ཀི་རེད་དམ། གཏོང་ན་ཉན་གྱི་རེད་དམ། ཉན་ནས་བོད་ཀྱི་བདག་དབང་བོད་མི་ལ་སྤྲད་ཀྱི་རེད་དམ། ཅིག་བྱས་ན་ཆབ་སྲིད་པས་ཟློས་གར་འཁྲབ་སྟངས་དེ་འདི་འདྲ་ཡིན་སྙམ།
པར་རིས་འདིའི་རིགས་ལ། ང་རང་དགའ་པོ་ཡོད་པས་་་་་ མུ་མཐུད་ནས་འབྲི་རོགས་མཛོད་ཅིག ཀྱེེ།