ཁ་བ་ལྷ་མོ་ཞེས་པའི་མིང་འདི་ནི།།
ཁྱོད་ཀྱི་དངོས་མིང་བཏགས་མིང་གང་ཡིན་ཡང་།།
སྔ་མོ་ཞིག་ནས་བདག་གི་སྙིང་དབུས་ན།།
འོད་དུ་འཚེར་བའི་སྐར་མ་ཆུང་ཆུང་ཞིག །
ལུག་ཆུང་འབའ་འབའ་སྦྲ་གུར་མཐའ་ན་རྒྱུ།།
སྨུག་པ་དུམ་བུས་ཁྱེད་ཚང་སྒོ་དར་བསྒྲིབས།།
ཕ་གིའི་ལམ་ཕྲན་དེ་ནས་བུ་མོ་ཞིག །
ཆུ་ཁུར་རྟ་ཁྲིད་ཁྱེད་ཉིད་ཡིན་པར་སྒོམ།།
ལོ་ཟླ་སྣང་བ་སྐྱིད་པོའི་ཁུག་སོ་དེར། །
ཁྱེད་ཀྱིས་འབོལ་རྩོམ་ཧ་ཅང་ཡག་པོ་བྲིས། །
འཚོ་བའི་རི་མོ་བདག་གི་སྙིང་ལ་བབས། །
དགོན་པའི་ཐང་ཀ་དེ་ཚོས་མི་དོ་ཨང་། །
དངུལ་དཀར་རྣ་རྒྱན་སིལ་སྒྲ་ཤག་ཤག་ཏུ། །
རྫ་རིའི་མགུལ་དེར་ཁྱེད་ཚང་ལུག་ཁྱུ་འཚོས། །
བདག་གི་རྨི་ལམ་ནང་དུ་ཁྱེད་ཀྱི་འཛུམ། །
འབོལ་རྩོམ་ཡག་པོ་ཞིག་གི་ཚབ་ཏུ་མཐོང་། །
དབུ་སྐྲ་ནག་པོས་གདོང་ཕྱེད་ཁེབས་པ་ཡི། །
ཟིན་བྲིས་འདྲ་པར་དེ་ལ་ཡང་ཡང་བལྟས། །
མཚོ་བྱང་བུ་མོའི་གཙུག་རྒྱན་ཁྱེད་ཉིད་ཀྱིས། །
ད་ནི་གང་དུ་འབོལ་རྩོམ་བརྗེད་དེ་ཐལ། །
འཚོ་བ་བྲིས་ན་གློག་བརྙན་བསྟན་པ་འདྲ། །
སྐྱོ་བ་བཞེངས་ན་མིག་ཆུ་བརྡོལ་བ་འདྲ། །
ལན་རེར་ཁྱོད་ཀྱི་ཤ་དྲོད་ཚོར་ལ་ཁད། །
ད་ནི་བདག་གིས་ཁྱོད་རང་ཡང་ཡང་དྲན། །
སློབ་ཆེན་སློབ་མའི་ཡོན་ཚད་ཁྱེད་ལ་ལྡན། །
ཚེ་གཅིག་སྐྱ་ཡའི་བརྩེ་བ་ཁྱེད་ལ་ཡོད། །
ཁྲི་ཤོར་རྒྱལ་མོའི་འགྲམ་གྱི་མཛེས་མ་ཁྱེད། །
ད་ནི་སྨྱུ་གུ་བསྣམས་ཏེ་བྱོན་རེ་རན། །
སེང་རྡོར་དྲ་བར་ཉིན་རེར་ལན་དགུར་ཉུལ། །
ཁྱོད་ཀྱི་ཟིན་བྲིས་ལན་གྲངས་དུ་མར་བསྔོགས། །
ཐ་ན་རྐང་རྗེས་ཙམ་ཡང་མ་བཞག་པར། །
ཁ་བ་ལྷ་མོ་ཁྱེད་ཉིད་གང་དུ་བྲོས། །
ཁྲི་ཤོར་རྒྱལ་མོ་འདི་ནས་མི་མཐོང་ཡང་། །
ཁྱོད་ཀྱི་མགོ་དཀྲིས་འདི་ནས་མི་སྙོབས་ཀྱང་། །
འོད་དུ་འཚེར་བའི་ཁྱེད་ཀྱི་འབོལ་རྩོམ་དག །
སྨྱོན་པ་བདག་གིས་ཡང་ཡང་དྲན་ཞིང་གླེང་། །
*ཁ་བ་ལྷ་མོ་ནི་བོད་ནང་གི་སེང་རྡོར་དྲ་བར་འབོལ་རྩོམ་བྲིས་ནས་སྐད་གྲགས་བཞག་པའི་མཚོ་སྔོན་པོའི་འགྲམ་གྱི་འབྲོག་མོ་གཞོན་ནུ་མ་ཞིག་ཡིན།
པར་དེ་ནི་དེང་སང་ཨ་རིར་སླེབ་ལ་ཉེ་བའི་དུས་ཆེན་་་ཧ་ལུ་བའི་འབག་འདྲ་བོ་ཞིག་འདུག
ཀླུ་སྨྱོན་ཁྱོད་ཁག་མེད་གི་ཡ། མོའི་རྩོམ་ངོ་མ་སྙན།
དཔར་འདི་ནི་ཁ་བའི་འདྲེ་མོ་འདྲ་བ་ཞིག་འདུག་གི་ཨོ། མོའི་སྙན་རྩོམ་ལ་ད་རུང་འཇལ་མ་མྱོང་། སྤྱིར་ཨ་ཁུས་དྲེན་གི་ཟེར་ན་ཧང་སང་རྒྱུ་ཅང་མེད། སྙན་སྩོམ་ལ་ཁ་གཡར་ནི་མིན་པར་དྲེན་ནི་ཡིན་ན། ངས་ཀྱང་ཁྱོད། ངའི་དྲེན་པའི་ཡིད་དུ་འཛིན་རིན་ཡོད་མེད་ཞིག་མ་ལྟོས་བར་མ་ཡོང་ནི་རེད།
ཁ་བ་ལྷ་མོ་དང་སེང་རྡོར་གཉིས་མི་གཅིག་རེད། སྐུ་ཞབས་སེང་རྡོར་སང་གི་སྨྱུ་གུའི་མིང་ཡིན་པ་འདྲ།
ཁ་བའི་ལྷ་མོ་བག་མར་འགྲོ་ཚར་འདུག
ཁ་བའི་ཡུལ་གྱི་སྐྲ་རིང་ར་འཐུང་ཞིག
ཁ་བ་ལྷ་མོའི་དམག་པ་རེད་ཞེས་གོ།
ཁ་ལས་མ་དགེའི་ཁ་བ་ལྷ་མོ་ཁོང་།
ར་དང་ལུག་གི་རྗེས་ལ་འདེད་རབ་ཞིག
ཁ་སང་གྲོགས་པོ་ཞིག་གིས་བོད་ནས་བཤད། -:(!
ངས་ནི་ཀླུ་སྨྱོན་རྩོམ་རིག་བྱ་དགའི་སྐོར་གྱི་གསལ་བཤད་དམ་ཡང་ན་གསར་འགྱུར་གང་རུང་ཡིན་རྒྱུ་རེད་བསམ་སོང་མོད་དེ་ནི་གང་ཡིན་ཡང་ཤེལ་སྒོའི་ནང་གི་མོག་མོག་ཅིག་གི་སྐོར་བཤད་ནས་བསྡད་འདུག
ཁ་བ་ལྷ་མོ་གོ་མྱོང་ཙམ་ལས་སུ་ཡིན་སྐྱེས་ཡུལ་མ་ཤེས་ལ།།
ཁ་བ་ལྷ་མོའི་བྲིས་རྩོམ་དག་ནི་དེ་བས་བཀླགས་མྱོང་མེད་ན་ཡང་།
ཁ་བ་ནག་པོའི་སྙན་རྩོམ་འདི་ལས་དེ་རིང་གཞི་ནས་ཁོ་མོ་ཤེས།།
ཁ་བར་དུང་བའི་འདྲེ་རྐང་ང་ཡི་དེ་རིང་ཞོགས་ཀའི་ཟས་ལས་ལྷག།
ཨ་ཁུ་ཀླུ་སྨྱོན། མོ་མིང་ཡོད་ཚད་ལ་དྲན་གི་མ་ཟེར་མ་གཏོགས་གལ་ཏེ་ཁ་བ་ལྷ་མོ་ཕོ་ཞིག་ཡིན་སོང་ན་ཅི་བྱེད་རྒྱུ། དེ་དུས་ཁ་བ་ལྷ་མོའི་རྩོམ་ལའང་སྙན་ཁ་ཡོད་ཀྱི་མ་རེད་ཡ། ཧ་ཧ
རྒན་ཀླུ་སྨྱོན། ཅིའི་ཕྱིར་འཇིགས་སུ་རུང་བའི་པར་འདི་འདྲ་ཞིག་བཀལ་ཏམ། ང་འདི་མཐོང་རྗེས་ཡང་ཡང་བློ་ལ་འཆར་བ་དང་། དེའི་མུས་ལ་ཚོར་སྣང་འདི་ནི་འཇིགས་སུ་རུང་བ་ཞིག་ལས་དགའ་ཞེན་ཅི་ཡང་མི་བསླེབས། འདི་ཁ་བ་ལྷ་མོའི་པར་ངོ་མ་ཨེ་རེད།
པར་ངོ་མ་རེད། མོའི་ཟིན་བྲིས་ཀྱི་གདོང་པར་རེད།
ཁ་བ་ལྷ་མོ་ཟེར་བའི་མིང་ཞིག་ད་རེས་ཐོག་མར་ཐོས་པ་ཡིན། དེ་ནས་སེང་རྡོར་དྲྭ་བ་ནས་མོའི་རྩོམ་ཁ་ཤས་ཤིག་བཀླགས་པ་ཡིན། འོན་ཀྱང་སྤྲུལ་སྐུ་ཀླུ་སྨྱོན་ཚང་གི་སེམས་པ་ཤོར་དགོས་པའི་རྩོམ་ཞིག་རེད་མི་འདུག་བསམ་བྱུང་། བུ་མོ་ཞིག་གི་རྩོམ་ཡིན་པའི་ཆ་ནས་སེམས་པ་ཤོར་ནི་མི་འགྲོ།
ངས་པར་འདི་གསར་དུ་མཐོང་དུས་ཕྱི་རྒྱལ་མ་ཞིག་གི་པར་མགོ་མོའི་པར་ཚབ་ལ་བཞག་ཡོད་པར་བསམ་སོང་། པར་འདི་ལ་བརྟེན་ནས་འདྲེ་སྒྲུང་ཞིག་འབྲི་འདོད་ཀྱང་སྐྱེས་མྱོང་། པར་འདི་ཁ་བ་ལྷ་མོའི་པར་ངོ་མ་ཡིན་ན་ཞེད་སྣང་ཚ་བོ་འདུག ས་རུབ་ནས་བུ་མོ་འདི་འདྲ་ཞིག་ལ་ཐུག་ན་ང་སྐྲག་ནས་དྲན་པ་ཐོར་ཁོ་ཐག་ཡིན། ཀླུ་སྨྱོན་དགའ་ས་དེ་མོའི་པར་ཡིན་རྒྱུ་མ་རེད། མོའི་འབོལ་རྩོམ་གྱིས་བཀུགས་པ་ཡིན་རྒྱུ་རེད།
སེང་རྡོར་ཟེར་བ་དེ་ཡང་པར་ལ་བལྟས་ན་བུ་མོ་འདྲ་བོ་ཞིག་ཡོད། ཡིན་ཡང་བུ་མོ་ཡག་མ་ཞིག་གི་རྣམ་པ་ཡོད། ངས་སེང་རྡོར་གྱི་པར་དང་པོར་མཐོང་དུས་བུ་མོ་ཞིག་རེད་བསམ་སོང་། གྲོགས་པ་ཚོས་འགྲེལ་བཤད་བརྒྱབ་ཡོང་དུས་སེང་རྡོར་ཟེར་བ་དེ་ཡིན་པ་ཤེས་སོང་། གཟབ་གཟབ་བྱས་ན་མ་གཏོགས་ནོར་ས་མང་གི་ཡ།