ཀླུ་སྨྱོན་ཧེ་རུ་ཀ
ཆུ་མོ་གངྒྰ་ཤག་ཤག་རྒྱུ་བའི་དུས། །
སྟོན་ལོ་སེར་པོ་ལྷབ་ལྷུབ་འཕུར་བའི་དུས། །
གནམ་སྔོན་སྤྲིན་པ་རླུང་གིས་གཡོ་བའི་དུས། །
བ་གླང་ཁྱུ་ཞིག་ཞིང་རྩྭར་རོལ་བའི་དུས། །
བུད་མེད་སྣ་རྒྱན་ཉི་འོད་འཕྲོ་བའི་དུས། །
བྱིས་པ་དམར་ཧྲེང་སྣུམ་ནག་འབྱུག་པའི་དུས། །
སྲང་བར་གློག་བརྙན་གླུ་གཞས་ཐོས་པའི་དུས། །
ལྷ་ཁང་བྱ་འདབས་ཕུག་རོན་བབས་པའི་དུས། །
སྒེག་མོའི་སེང་རས་ཁྲུས་ཆུས་གཤེར་བའི་དུས། །
དབང་ཕྱུག་ལིངྒ་འོ་མས་བཀྲུ་བའི་དུས། །
ཨུ་མའི་ལྷ་ཁང་རོལ་མོས་མཆོད་པའི་དུས། །
དྲང་སྲོང་དཔྲལ་བར་མཚལ་རིས་འཐེན་པའི་དུས། །
འབྲས་ཞིང་རྦ་རླབས་གྲོང་འདབས་འཕྱུར་བའི་དུས། །
ཆུ་མོ་གྱ་གྱུས་མེ་ཏོག་འཁུར་བའི་དུས། །
འོ་ཇའི་མངར་དྲིས་གྲོང་གསེབ་ཁྱབ་པའི་དུས། །
རྩྭ་ཁང་གོག་པོ་འཁྱོར་ནས་སྡོད་པའི་དུས། །
ཉི་དམར་རི་བོའི་སྒལ་བར་འབྱར་བའི་དུས། །
སྨུག་ལོང་གནམ་སའི་བར་ནས་འཐིབ་པའི་དུས། །
ར་ལུག་འབའ་སྒྲས་ལོ་སྟོང་གྱེར་བའི་དུས། །
གྱ་གྱུའི་ལམ་ན་ཤིང་རྟ་ཡོང་བའི་དུས། །
ལེགས་སྦྱར་ཆོས་སྒྲ་རླུང་གིས་འཁུར་བའི་དུས། །
གནའ་བོའི་སྙན་ཚིག་རྨི་ལམ་ནང་གྱེར་དུས། །
སྙན་ངག་མཁན་པོ་ཁྲེ་སྒོར་དྲན་ནས་འོངས། །
སྒྲུང་རྩོམ་མཁས་ཅན་ཁྲེ་སྒོར་དྲན་ནས་འོངས། །
ཁོང་གི་སྨྲ་ར་ཤིག་ཤིག་འདར་བཞིན་འོངས། །
ཁོང་གི་སྤྱན་འོད་ལམ་ལམ་འཚེར་བཞིན་འོངས། །
ཁོང་གི་ཤམ་ལྭ་རླུང་གིས་སྐྱོད་བཞིན་འོངས། །
ཁོང་གི་ཕྱག་སྨྱུག་གློག་ལྟར་འཁྱུག་བཞིན་འོངས། །
ཁོང་གི་ཞབས་རྗེས་མེ་ཏོག་སྐྱེ་བཞིན་འོངས། །
ཁོང་གི་ཤེས་རབ་མེ་རུ་འབར་བཞིན་འོངས། །
ཁོང་གི་སྐུ་གཟུགས་གནམ་སའི་མཐའ་ནས་འོངས། །
ཁོང་གི་གསུང་གདངས་ནམ་མཁའི་ཀློང་ནས་འོངས། །
ཁོང་གི་བརྩམས་ཆོས་དུས་རབས་མཚམས་ནས་འོངས། །
ཁོང་གི་གྲུ་ཆུང་གངྒྰའི་འགྲམ་ནས་འོངས། །
ང་ནི་ཁོང་དང་མཇལ་བའི་རེ་བ་ཡིས། །
ལྷ་ཁང་གཡེར་དྲིལ་རྡུང་བཞིན་གསོལ་བ་བཏབ། །
ཞིང་གྲོང་འབྲས་དཀར་བཟའ་བཞིན་གསོལ་བ་བཏབ། །
གྲོང་ཁྱེར་ཆང་ཁང་ཉུལ་བཞིན་གསོལ་བ་བཏབ། །
མཛེས་མའི་ནུ་འབུར་མཉེད་བཞིན་གསོལ་བ་བཏབ། །
ཞོགས་པའི་མཚམས་སྤྲིན་བསུ་བཞིན་གསོལ་བ་བཏབ། །
ཉིན་གུང་ཉི་མར་ལྡེ་བཞིན་གསོལ་བ་བཏབ། །
ཕྱི་དྲོའི་བསིལ་རླུང་རྔུབ་བཞིན་གསོལ་བ་བཏབ། །
ནམ་གུང་སྐར་ཚོགས་བགྲང་བཞིན་གསོལ་བ་བཏབ། །
ཐོ་རེངས་རྨི་ལམ་རྨི་བཞིན་གསོལ་བ་བཏབ། །
དབང་ཕྱུག་རལ་བའི་ཀློང་ནས་ཁྱེད་དང་མཇལ། །
ཁྱབ་འཇུག་རྫུ་འཕྲུལ་ཀློང་ནས་ཁྱེད་དང་མཇལ། །
ནག་མོའི་ལྷ་ཁང་ནང་དུ་ཁྱེད་དང་མཇལ། །
སངས་རྒྱས་ཀུན་དགའ་ར་བར་ཁྱེད་དང་མཇལ། །
བྱང་ཆུབ་ལྗོན་ཤིང་འཁྲིས་སུ་ཁྱེད་དང་མཇལ། །
ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས་ཁྱེད་དང་མཇལ། །
ཆུ་མོ་གངྒྰའི་ངོགས་སུ་ཁྱེད་དང་མཇལ། །
བངྒལ་ནགས་ཀླུང་དཀྱིལ་ནས་ཁྱེད་དང་མཇལ། །
ཀ་ལི་ཀ་ཏའི་གྲོང་ནས་ཁྱེད་དང་མཇལ། །
ད་ནི་ཁྱེད་ཀྱི་ཞབས་རྡུལ་འཐོར་བ་ཡི། །
ལྷ་ཡི་ཆུ་བོ་གངྒྰའི་འཇུག་ངོགས་སུ། །
བསྐལ་པ་མ་སྟོང་བར་དུ་སྙན་ངག་འབྲི། །
ནམ་མཁའ་མ་རྒས་བར་དུ་སྙན་ངག་འབྲི། །
ས་གཞི་མ་རྙིང་བར་དུ་སྙན་ངག་འབྲི། །
སྒྱུ་ལུས་མ་འཐོར་བར་དུ་སྙན་ངག་འབྲི། །
དེ་སྐད་སྙན་ངག་མཁན་པོ་ཁྲེ་སྒོར་མཆོག །
དྲན་པས་གདུང་བས་མནར་བའི་སྙན་ངག་པ། །
ཀླུ་སྨྱོན་ཁྲག་འཐུང་རོལ་བའི་དགོངས་གཏེར་ལས། །
ཕབ་པའི་སྙན་ངག་གསང་རྒྱ་འདི་ནས་རལ། །
——
སྐར་མ་ཉི་ཤུའི་རིང་འདི་འདྲ་ཞིག་འབྲི་བར་ཐལ་བས་ནང་དོན་ཅང་མེད་ནའང་ཐང་།
ལེགས་སོ།།
དེ་ཙམ་གྱིས་བྲོ་བ་མི་འདུག གཞས་ཚིག་གམ་བྲོ་ཚིག་གང་ཡིན་མི་ཤེས་འདུག སྙན་ངག་ངོ་མ་དེ་འདྲ་འདི་རོགས་གནང།
ནང་དོན་ཡོད་གི། ངོ་མ་སྙན་གི སྙན་ངག་བདག་པོ་རེད།
འབྲོག་སྐད་འབྲི་ན་འབྲོག་སྐད་གཙང་མ་ཕྲོས།།
ཡིག་བརྡ་འབྲི་ན་ཡིག་བརྡ་དག་མ་ཕྲོས།།
གཉིས་མིན་བར་ན་ལྷག་པའི་ར་མ་ལུག།
ཆུད་ཚོད་ཅི་ཙམ་ཐུང་ཡང་ངོ་མཚར་དབེན།།
ཨ་ཁའི་ཐུགས་བསམ་དཀྲུག་འདོད་མི་ན་ཡང་།།
ཨ་བོ་འབྲོག་ལ་དུངས་བས་རྒྱུ་མཚན་གྱིས།།
ཨ་དམའ་ཚིག་གི་ལན་ཟིག་བསྐུར་ཡོད་ན།།
ཨ་ཁུ་ཁོག་རྒྱ་ཅན་པོས་ལོས་ཤེས་འདོད།།
སྙན་པོ་འདུག འོནད་ཀྱང་།
གྲོང་ཁྱེར་ཆང་ཁང་ཉུལ་སར་གསོལ་བཏབ་དུས། །
རབ་འབྱུང་ངུར་མིག་རྒྱལ་མཚན་མཆོད་ཡོད་དམ། །
མཛེས་མའི་ནུ་འབུར་མཉེད་བཞིན་གསོལ་བཏབ་དུས། །
གཞན་གྱིས་མིག་ཟུང་ཅེར་རེ་མི་ལྟའམ། །
ཧ་ཧ་ཀུ་རེ་ཡིན་ནོ་ཀླུ་སྨྱོན་ལགས། །
ཨ་ཁུའི་ཐུགས་བསམ་དཀྲུག་འདོད་མིན་ན་ཡང་།།
བལ་མོ་མཛེས་མའི་མིག་ཟུར་འཐོམས་པའི་དུས།།
འཕགས་ཡུལ་སྒེག་མོའི་ཉམས་འགྱུར་བཟི་བའི་དུས།།
རྒྱ་མོ་རྐང་རིལ་རླ་ཟུགས་འཕུར་བའི་དུས།།
དབྱིན་མོ་གཅེར་མོའི་མཚན་མར་བཅུག་པའི་དུས།།
བལ་པོར་སླེབ་དུས་ཉེས་བྱས་ཕོག་པའི་དུས།།
རྒྱ་གར་མྱུལ་དུས་ལྟུང་བྱེད་སྤྱོད་པའི་དུས།།
ངེས་མེད་རྣམས་སུ་ལ་ལྷག་མར་རོལ་བའི་དུས།།
ཨ་རིའི་ཡུལ་དུ་ཕམ་པར་སྦྱོར་བའི་དུས།།
ལམ་ཟུར་རྣམས་སུ་སྐྱག་པ་གཏོང་བའི་དུས། །
རླིག་རིལ་ས་ལ་ཐུག་གྲབ་བྱེད་པའི་དུས། །
མཇེ་རྩེར་སྦྲང་བུའི་མཆུ་ཡིས་འབིག་པའི་དུས། །
བྱིས་པ་རུབ་ནས་གད་མོ་དགོད་པའི་དུས། །
ཨ་ལྕགས་ལ་ཚོ་་ངོ་ཚ་བྱེད་པའི་དུས། །
ལམ་ཟུར་མེ་འཁོར་ནང་ནས་མཐོང་བའི་དུས། །
ང་ནི་དི་ལིར་འགྲོ་གི་ཡོད་པ་རྟོགས། །
ཁ་སང་ཝ་ར་ན་སི་ཡོད་པ་རྟོགས། །
མདང་དགོང་བུ་མོ་ཞིག་དང་ཕྲད་པ་རྟོགས། །
སྐད་ཆ་སྙན་པོ་མང་པོ་བཤད་པ་རྟོགས། །
ཁ་པར་ཨང་གྲངས་བརྗེ་རེས་བྱས་པ་རྟོགས། །
འདས་པའི་གནས་སྟངས་རྒྱུས་ལོན་བྱས་པ་རྟོགས། །
ད་ལྟའི་བརྩེ་གདུང་མེ་ལྕེ་མཆེད་པ་རྟོགས། །
མ་འོངས་ཁྱིམ་ཚང་དྲོད་སྐྱིད་ལྡན་པ་རྟོགས། །
བཀྲ་ཤེས་བདེ་ལེགས།
གླུ་སྨྱོན་ཁྲག་འཐུང་རོལ་བའི་དགོངས་གཏེར་དེ་།
ཁྱབ་འཇུག་དབང་ཕྱུགས་རལ་བས་གློང་ནས་ཐོན་།
ཨུ་མ་དེ་ཝས་བྷ་འགའི་ནང་ནས་འཕྱུར་།
ཆུ་མོ་གངྒྰའི་རྦྭ་རླབས་རྩེ་ན་འཕྱོ་།
ཁྲེ་སྒོར་མའ་རེད་ཐའི་གར་རེད། ཕྱི་རྒྱལ་གྱི་མིའི་མིང་དག་སྒྲ་དག་པོས་བསྒྱུར་ན་གང་འདྲ་འདུག
“T” ཡི་སྒྲ་འདོན་དུས་ཐ་རུ་ཀློག་པ་འདི་ནི་རྒྱ་མི་དང་རྒྱ་གར་བའི་སྒྲ་འདོན་སྟངས་རེད། དབྱིན་ཡུལ་དང་ཨ་རིས་ཁྲ་ཞེས་སྒྲ་ཤུགས་ཆེན་པོས་ཀློག་པར་བྱེད་པའི་ཁྱད་པར་ཤེས་ན་ལེགས།
ཁ་བ་ཅན་དུ་མདོ་སྔགས་གཞུང་ལ་སྦྱངས།
དགོན་པར་བཞུགས་ནས་རབ་བྱུང་རྣལ་མ་ཞིག
གཞུང་དྲང་བདེན་པའི་ལ་རྒྱ་འཛིན་པ་ཡིས།
ཨ་ཁུ་ཀླུ་སྨྱོན་ཟེར་ནས་བསྔགས་པ་ཡིན།
འཕགས་པའི་ཡུལ་དུ་ཕག་པའི་མཛད་པ་བསྐྱངས།
གཞུང་ཆེན་མ་སྦྱངས་བུ་མོའི་ཞང་ལ་སྦྱངས།
འདོད་པའི་སྒྱུ་རྩལ་མྱོང་གོམ་སྤྱོད་གསུམ་ལ།
འཛམ་གླིང་མཁས་པའི་མིང་ཅན་གྲལ་དུ་ཚུད།
ཞལ་ནས་གསུང་རྒྱུ་སྟུ་དང་མཇེ་ཉིད་དང་།
ལག་ནས་འབྲི་བ་སྟུ་མཇེའི་བསྟན་བཅོས་ཡིན།
ཐུགས་ལ་སྒོམ་པ་མཛེས་མའི་དགའ་བུར་དང་།
ཉིན་མཚན་ཀུན་ཏུ་དེ་ལ་མཉམ་པར་སྦྱོར།
སྙན་ངག་ཡག་པོ་འདུག གང་འབྲི་རང་རང་གི་འདོད་པ་རེད། ཡི་གེ་ཡག་པོ་འདུག ཉམས་མྱོང་ཡག་པོ་འདུག ཚོར་བ་སྐྱེན་པོ་འདུག འགྲིགས་ཐག་ཆོད་འདུག མི་རེ་ལ་སེམས་པ་རེ། སེམས་པ་རེ་ལ་ཚོར་བ་རེད། ཚོར་བ་རེ་ལ་མཚོན་པ་རེད། མཚོན་པ་རེ་ལ་རྣམ་འགྱུར་རེ། རྣམ་འགྱུར་རེ་ལ་མཐོང་སྣང་རེད། མཐོང་སྣང་རེ་ལ་ལྟ་ཚུལ་རེད། ལྟ་ཚུལ་རེ་ལ་ཡག་ཉེས་རེད། ཡག་ཉེས་རེ་ལ་དགའ་ཁྲོ་རེད། འོ་དེ་རེད།
ཁྲ་སྒོར་ཟེར་ན་ཀློག་བདེ་པོ་འདུ འབྲི་བདེ་པོ་འདུག དེ་མིན། ཁ་ནས་འདོན་མ་ཤེས། ལག་པས་འབྲི་མ་རེད། མིག་གི་ངོ་མ་ཤེས་པའི་ཡི་གེ་བརྩེགས་པ་བོད་སྐད་དང་བརྡ་སྤྲོད་ཀྱི་ལུགས་དང་མི་མཐུན་པའི་ཚིག་དེ་ཚོ་བེད་སྤྱོད་མ་བྱེད་ན་མཁས་པའི་རྟགས་རེད་སྙམ། དཔེར་ན། ཊྚགྷ་ཨོར་ཟེར་འབྲིས་ན་སུས་ཀློག་ཤེས།
ཁྲ་སྒོར་མཚན་འདི་རྒྱ་ནག་སླེབས་པ་ན།།
ཐེ་གོར་ཟེར་ནས་འབོད་ཁ་བྱེད་ཀྱི་འདུག།
ཡང་གཅིག་དབྱིན་ཇི་སྐད་ཐོག་སླེབས་པ་ན།།
ཁྲེ་སྒོར་ཟེར་ནས་སྐད་སྒྲ་ཐོན་ན་ཐང་།།
ཁོང་གི་མིང་དེའི་མ་སྐད་གང་ཡིན་པ།།
བཙལ་ནས་སོང་ན་རྒྱ་ནག་སྐད་མ་རེད།།
དེ་བཞིན་དབྱིན་ཇི་སྐད་ཡང་མ་རེད་དོ།།
ལྡོག་ལྡོག་དེད་ནས་བཤད་ན་རྒྱ་གར་སྐད།།
རང་མིང་རང་སྐད་ཡིན་པ་ལོས་ཀྱང་མཁྱེན།།
རྒྱ་གར་སྐད་ལ་ཁྲ་སྒོར་ཟེར་ནི་རེད།།
རྒྱ་གར་བྱང་གི་ཕྱོགས་ན་མིང་འདི་མང་།།
ལྷོ་ཡི་ཕྱོགས་ན་ཅུང་ཟད་ཉུང་པར་སྣང་།།
ཀླུ་སྨྱོན་ཚང་གིས་ཁྲ་སྒོར་དྲན་པ་བཞིན།།
གུས་པ་བདག་གིས་ཀླུ་སྨྱོན་ཡང་ཡང་དྲན།།
དྲན་ལུགས་དྲན་སྟངས་བསམ་ན་འདི་འདྲ་རེད།།
རིལ་ལེ་ནང་ནས་རྡ་སར་འགྲོ་བའི་དུས།།
ཚ་བའི་རླངས་རླབས་སྒེའུ་ཁུང་ནང་ནས་འོངས།།
གཟུགས་གཞི་ཚ་ནས་ཤམས་ཐབས་རློན་པ་ཆགས།།
རྔུལ་ནག་གསེབ་ན་མིག་གཉིས་ཐལ་མདོག་ཤར།།
ཀོག་མ་ཉལ་གྱི་ལུས་པོ་ས་ལ་འབྱར།།
ཅ་ལོ་སྒྲ་སྦ་ནང་གི་འགྲོ་སྟངས་རེད།།
རྐང་པ་གཉིས་ཀ་གནམ་ལ་ཀེར་ནས་ཡོད།།
གྲྭ་རྒོད་སྐྱ་སྟོང་རྣམས་ཀྱི་སྤྱོད་ལམ་རེད།།
ཤམས་ཐབས་བདག་པོ་མི་རྒྱག་བརླ་རྩར་བརྫེས།།
སྤུ་ཉག་གསེབ་ན་འབུ་ལི་འབུ་ནག་འདྲ།།
དེ་ལས་རིང་པའི་རླུག་རིལ་རྒྱ་རྡོ་འདྲ།།
སྔོ་ལ་རིད་པའི་རྒྱ་གར་བུ་མོ་ཚོས།།
འོག་མྱིག་ལིང་ལིང་འོག་ལ་ཡང་ཡང་བལྟ།།
ཨ་ཁུ་ཀླུ་སྨྱོན་ཁྲེ་སྒོར་སློབ་མ་སྟེ།།
སྙན་ངག་འབྲི་དེབ་སྟེང་དུ་འཇུར་བ་ལས།།
རྒྱ་གར་མཛེས་མའི་གདོང་ལ་བལྟ་མ་མྱོང་།།
ཆགས་བྲལ་ཡིན་ནམ་སྙམ་ནས་འཆང་མོ་ཉུག།
བོད་ནང་དུ་ཛ་དྲག་གི་དོན་དག་ནམ་བྱུང་སྐབས་སུ་དྲ་ངོས་སུ་་ཁོའི་དོན་སྙིང་ཅི་ཡང་མེད་པའི་རྩོམ་ཡིག་དག་གིས་བཀང་འགྲོ་གི ཁ་བརྡ་ཚང་འདི་བ་ཀླུ་སྨྱོན་ལ་དམིགས་བསལ་རེད། ངོ་མ་སུན་གི ངོ་མ་སུན་གི
ཟླ་མེད་ལགས།
ཆོས་གྲོགས་ངེད་གཉིས་ལྡི་ལིར་འགྲོ་བའི་དུས། །
ཁྱེད་ཀྱིས་ཧིན་དབྱིན་ཆག་ཐོ་བརྒྱབ་པའི་དུས། །
དེ་ཡིས་ངེད་གཉིས་ལམ་ཁ་མ་ནོར་དུས། །
ང་ཡི་དཀོན་མཆོག་ཁྱེད་ཉིད་ཡིན་པའི་དུས། །
ལྡི་ལིའི་ཚ་བའི་ནང་དུ་བསླེབས་པའི་དུས། །
ཀོ་ལྷམ་རྙིང་གོག་གད་མོ་བགད་པའི་དུས། །
(འདི་ལྷ་ས་ནས་བློ་གྲོས་དཔལ་བཟང་གིས་སྤྲད་པ་ཡིན།)
ལྕགས་གཟེར་སུམ་ཅུས་གསེར་སོ་བཙུགས་པའི་དུས། །
(ཀོ་ལྷམ་གྱི་ཡ་མཆུ་མ་མཆུ་ལྷན་དུ་བཙེམས་པའི་དོན)
འུ་གཉིས་སྦག་སུའི་མགྲོན་ཁང་བསླེབས་པའི་དུས། །
ཨ་མྱེས་རྨ་ཆེན་ཚོགས་འདུར་ཞུགས་པའི་དུས། །
་་་ ་་་ ད་མང་སོང་། གང་ལྟར་ངས་ཁྱེད་ནམ་ཡང་བརྗེད་ན་མི་འདོད་ཀི
ཨ་མྱེས་རྨ་ཆེན་ཚང་གི་བཀའ་དྲིན་ལ།།
སྦག་སོ་མགྲོན་ཁང་སྐད་གྲགས་ཆེན་པོར་ཉལ།།
མཁས་པའི་བགྲོ་གླེང་ཟེར་ནས་མ་དྲན་ཐ།།
མགྲོན་ཁང་རྫིག་པོར་བསྡད་པའི་ཐོག་མ་རེད།།
གྲྭ་རྐྱང་ཡིན་ནོ་ཡིད་ནས་བརྗེད་སོང་ཟིག།
ནང་རེ་དགོང་རེ་ཁྲུས་རེ་བརྒྱབ་ནི་རེད།།
ད་དུང་ཚོགས་འདུ་ཆེན་པོ་ཚོགས་པའི་དུས།།
མཁས་པ་རྣམས་ཀྱི་གསུངས་ལ་ཉན་ནི་རེད།།
མཁས་པ་ཁ་ཤས་མཁས་ཉམས་ཡོད་ན་ཡང་།།
ང་ལས་གླེན་པ་རེད་ཅེས་བདག་གིས་བསམ།།
གང་ལྟར་ཉིན་དྲུག་འདས་པའི་ཕ་རོལ་ན།།
སྦག་སོ་མགྲོན་ཁང་ནང་ན་ཉལ་ས་མེད།།
དཔྱིད་ཆོས་ཆེན་མོས་གསུངས་ཆོས་དབུ་ཚུགས་ཙམ།།
རྣམ་གྲྭ་ཚང་གི་ཆོས་ར་འཁྱམ་ཤ་ནས།།
འོག་ལ་གདན་ཆ་མེད་པར་ཉལ་ནི་རེད།།
གསུངས་ཆོས་རྫོགས་རྫོགས་པར་དུ་དེ་ལྟར་བསྡད།།
གང་ལྟར་རིན་ཐང་ཆེ་བའི་སྦྱོད་འཇུག་ལ།།
ཟིན་མཆན་ཞིག་ཀྱང་དེ་དུས་བྲིས་ནི་རེད།།
ང་ནི་ཁྱོད་ལས་རླུང་རྟ་བརྒྱུགས་ནི་རེད། །
རྒྱུ་མཚན་ནམ་མཁའ་རྡ་སར་ཡོད་ནི་རེད། །
ཁོ་ལ་སྡོད་ས་ཐེབས་ཆག་ཡོད་ནི་རེད། །
རྣམ་གྲོལ་ངེད་གསུམ་དེ་ནས་བསྡད་ནི་རེད། །
ཉིན་རེར་མི་དགོས་རྩོད་པ་བྱས་ནི་རེད། །
ཕྱི་དྲོ་མང་པོར་ཁ་བསྲེ་མེད་ནི་རེད། །
སྤོ་ངོ་བྱས་ནས་འཐེན་ཐུག་འཐུང་ནི་རེད། །
ཉལ་གོས་གཅིག་ནང་མཉམ་དུ་ཉལ་ནི་རེད། །
གཅིག་གི་ཤིག་སྲོ་གཅིག་ལ་འགོས་ནི་རེད། །
ལྡི་ལིར་ཨ་མདོའི་ཨ་ཅེ་ཡོད་ནི་རེད། །
མོ་ཡིས་ནམ་མཁར་གླང་ཤ་བསྐུར་ནི་རེད། །
རྒྱ་གར་ཁང་བདག་སྐྱག་ཁྲིམས་བཙན་ནི་རེད། །
གླང་ཉ་བྱ་གསུམ་ལྷ་རུ་རྩི་ནི་རེད། །
སྒོ་དང་སྒེའུ་ཁུང་ཚང་མ་བརྒྱབ་ནི་རེད། །
ད་རུང་ཉལ་གོས་སྒེའུ་ཡོལ་བྱས་ནི་རེད། །
ནང་ནས་གླང་ཤའི་འཐེན་ཐུག་འཐུང་ནི་རེད། །
རླངས་པ་ཚ་བོ་ནང་ལ་འཐིབས་ནི་རེད། །
འཐེན་ཐུག་ཞིམ་ཡང་ཚ་ནས་འབར་ནི་རེད། །
འདི་མོའི་གཏམ་རྒྱུད་ད་དུང་དྲན་ནི་རེད། །
༄༅།། ཨ་ཁུ་ཀླུ་སྨྱོན་ལགས། ཁྱེད་ཀྱི་རྩོམ་ལ་འགྲན་ཟླ་མིན་འདུག་པས་རིང་མིན་༧རྒྱལ་བ་ཡིད་བཞིན་ནོར་བུའི་འཁྲུངས་སྐར་ཉིན་མ་སླེབ་ཉེར་འདུག་པས་མགོན་པོ་གང་གི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པར་བསྟོད་པའི་སྙན་ཚིག་ནང་དོན་ཕུན་གསུམ་ཚོགས་ཤིང་སྒྲ་དབྱངས་ལྷ་མོའི་མགྲིན་པ་ལས་ཐོན་པ་དང་འདྲ་བ་ཞིག་འབྲི་རོགས་གནང་ན་རང་གཞན་གྱི་བསོད་ནམས་གསོག་པའི་ཆ་རྐྱེན་དུ་དེ་དོན་དགོངས་མངའ་མཁྱེན།། །།
ཟླ་མེད་དང་ཀླུ་སྨྱོན་གྱིས་གོང་གི་མཆན་བུ་དེ་མ་ཐག་པ་གཉིས་པོ་ཧ་ཅང་སྙན་སོང་། ཁྱོད་གཉིས་ཀྱི་རྩོམ་གྱི་རྒྱུ་རྩལ་ཧ་ལས་པ་རེད། དངོས་གནས་ཡིད་སྨོན་སྐྱེས་སོང་། ཐུགས་རྗེ་ཆེ།