སྤྱན་ཆེན་པོ།
དོ་ནུབ་ང་ལ་ཅི་ཡིན་འདི་ཡིན་མེད་པའི་ཚོར་བ་ཐེད་པོ་ཞིག
མཚན་སྨག་ཅིག་གི་ཟུར་ནས་བཟུང་ཏེ་འཆར་ཡན་ཞིག་ལས་གློ་བུར་ལྡང
རབ་རིབ་ཀྱི་མིག་ལམ་ཞིག་ནས་འོད་ཟེར་ཞིག་གློ་བུར་ཡལ་སོང་བས
འདར་སིག་སིག་ངང་ངས་རྐང་བ་ས་ཆེན་གྱི་པང་ལ་སྤོས་པ་ཡིན
འཇིག་རྟེན་འདི་སྔ་མོ་ནས་མུན་ནག་གིས་ཟོས་འདུག་པས
ངས་ལག་པ་གནམ་ལ་བསྲིངས་ནས་ཉི་ཟླ་དེ་འཛིན་ཅི་ཐུབ་བྱས་ཀྱང
སྒྱུ་མའི་རྟ་གླང་ལ་ཞོན་པའི་ཉི་མ་དང་ཟླ་བ
ལྷ་ཚོགས་ཀྱི་ཕྱག་ན་དབུགས་ཀྱང་ཆད་ལ་ཉེ
ངས་མཚན་མོ་འདིའི་མུན་པ་ཟ་བཞིན་རྒྱ་མཚོ་དེ་ཧུབ་ཀྱིས་འཐུང
སྐད་ཤུགས་ཆེན་པོས་རང་ཉིད་ཀྱི་མིང་ནས་འབོད་ཞོར་རང་ཉིད་བཙལ
སྒྱུ་མ་དང་སྨུག་རྒྱུ་ལ་འཕྲད་པ་བཞིན་སྣང་བ་དེ་དྭངས་མ་སོང་བས
མཆི་མས་བངས་བའི་སྡུག་བསྔལ་བརྩེགས་མ་དག་མེ་ལ་སྒྲོན་ནས་ལྟ་དུས
ཤེས་པ་དང་དྲན་པའི་གོམ་ཁ་ནི་གཡང་གཟར་ཞིག་གི་ཁར་སྤོས་འདུག
༢༠༡༥-༨-༡༧