ཚོར་བ་རྨས་མ།༼ཉིན་ཐོ༽
ཆུ་སྐྱེས་སྒྲོལ་མས།
བདེན་པའི་རྒྱ་མའི་སྟེང་ནས་ཟགས་འགྲོ་བའི།།
འཛེར་སྐད་རྒྱག་པར་ཁྲེལ་གཞུང་མེད་པ་དང་།།
སྲང་མདོའི་ཁྱི་ཡི་རང་གཤིས་གྱོན་པ་ཡི།།
རི་དྭགས་ནད་པ་དེ་འདྲ་མཐོང་སོང་ངམ།།
ཡ་རབས་གྱོན་ཆས་བར་དོའི་ལམ་ནས་བརླགས།།
དགྲ་བོའི་ཞེ་འདོད་ངག་ལ་བཟློ་བ་དང་།།
སྐུར་འདེབས་མུན་པའི་ནགས་ལ་འཁྱམ་པ་ཡི།།
ངོ་ཚ་བརླགས་པའི་མི་ཞིག་མཐོང་སོང་ངམ།།
ཇ་ལན་ཆུ་ཡིས་འཇལ་བའི་ས་མཚམས་ནས།།
བཀའ་དྲིན་རི་བོ་མི་མཐོང་ལོང་བའི་མིག།
སེམས་ལ་ལོག་མཐོང་སྐྱེས་པའི་ནད་པ་དང་།།
དྲིན་གཟོ་བོར་བའི་མི་ཞིག་མཐོང་སོང་ངམ།།
ཡ་མཚན་རྟོགས་པ་མཐོན་པོ་ཡོད་ཟེར་ནས།།
ཁ་སྟོང་ས་ཁྲ་འབྲི་བའི་ང་རྒྱལ་ཅན།།
བཅོས་མའི་གར་གྱིས་སྤྱི་ཚོགས་དཀྲུགས་པ་ཡི།།
བག་ཡོད་བརླག་པའི་མི་ཞིག་མཐོང་སོང་ངམ།།
སྡོང་རྒན་རྩེ་ན་འཕར་མཆོང་རྒྱག་ལ་མཁས།།
བཀོད་འདོམས་གཞན་གྱིས་འཚོ་བའི་རྐུབ་དམར་བ།།
བློ་རྨོངས་ཁྲེལ་གཞུང་བརླགས་པའི་ནད་པ་ཞིག།
ཕྱོགས་མཚམས་མགྲོན་པོ་དག་གིས་མཐོང་སོང་ངམ།།
སྤྱི་ཚོགས་འགྱུར་བ་དེ་ཡང་སྐད་ཅིག་མ།།
མི་དམངས་ཁ་ཡང་ནམ་མཁའི་གློག་དང་འགྲོགས།།
ལྟད་མོ་སྐྱོ་ཉམས་ཅན་རྣམས་མཐོང་བ་ཡི།།
སེམས་ཀྱི་ཁམས་འདི་རི་དྭགས་རྨས་མ་བཞིན།།
2017/3/15 ལ།