བྱ་མདོ་སྐལ་རྒྱམ།
ཚང་ཚིང་ལྗོན་པ་འཁྲིག་པའི་ནགས་ཀློང་ལ།།
གྲིབ་ནག་མུན་པ་ཟ་ཟི་ངང་གིས་འཁོར།།
ཟུར་གྱིས་བཞུར་བའི་ཉི་འོད་རྒས་པོ་འདིས།།
ཉིན་དཀར་མུན་པའི་ཁྲོད་ནས་ཅི་ཞིག་འཚོལ།།
བྱ་བརྒྱ་འཕུར་ཏེ་ཞོར་ལ་ཐོར་བའི་སྒྲོ།།
ནུབ་ཁའི་རླུང་ལ་གཡེང་བའི་བར་མཚམས་ནས།།
སྨྲེང་བའི་སྙན་ངག་སེམས་ལ་འཁོར་བ་འདི།།
གཟུར་མེད་ལས་ཀྱིས་བསྐོས་ཐང་མིན་ན་ཨང་།།
རྐང་རྗེས་ཀྱ་ཀྱུ་རྐང་ལམ་འགྲམ་དུ་ཡོད།།
ཚོར་འདུའི་གློག་འོད་མི་མཐོང་སེམས་ན་ཡོད།།
ཡིན་མིན་གཏམ་གྱི་སྙིགས་རོ་སྤུངས་པའི་རི།།
ཨ་ལན་ཚིག་གིས་བགྲོད་པ་དོན་རེ་ཆུང་།།
སྟོན་མཇུག་རྒྱང་ལ་བྱེར་བའི་སྙིང་སྡུག་བྱ།།
དཔྱིད་ཀྱི་དཔལ་མོར་ཆགས་ཏེ་སླར་ཡང་འཁོར།།
དགུན་གསུམ་ཁ་བའི་མེ་ཏོག་ཐོར་བའི་དུས།།
བྱམས་བརྩེའི་ཉི་མའི་དྲོད་ཁོལ་གང་དུ་ཡོད།།
མིག་ཆུའི་དུང་བ་ཁུར་བའི་ཤིང་ལོ་ལ།།
བྱམས་བརྩེ་སོར་མོའི་ཟེར་གྱིས་མི་སྐྱོང་ན།།
ཚིག་གི་དབུལ་བས་བཏེག་པའི་མཛའ་གཅུགས་སེམས།།
སྐད་བརྡ་རིག་པའི་རི་མོ་གང་གིས་མཚོན།།
གཞན་ཕན་འབྲས་བུའི་ཁུར་གྱིས་མ་བཟུང་ཡང་།།
ཚིང་ཚིང་ཡལ་ག་ཕྱོགས་སུ་བརྐྱངས་པ་ཡི།།
བྲ་མའི་ནགས་ཀློང་དཀྲིགས་པའི་བྲོ་ར་ནས།།
ཁྱོད་དང་ང་ཡང་དལ་གྱིས་དལ་གྱིས་འཁོར།།
སྨུག་སྤྲིན་ཟ་ཟི་རི་བོའི་སྐེད་ལ་འཐིབ།།
དུ་ཞགས་བན་བུན་དམའ་མོའི་གཞོངས་ལ་འཁྱིལ།།
ནུབ་ཁའི་ཉི་མའི་གྲིབ་སོ་མདུན་དུ་སླེབས།།
ད་ནི་མི་འདུག་རང་ཤོང་སྤྱིལ་ཞིག་འཚོལ།།