ཨ་ནས།
ཧ་ཅང་རྒན་པའི་ཕ་མ་ཟུང་གི་མིག་མདུན་ན།།
སྙིང་ནས་བརྩེ་བའི་མཛའ་ན་མོ་ཡི་སེམས་ནང་ན།།
ཤ་ལས་ཆད་པའི་བུ་ཕྲུག་གཉིས་ཀྱི་ལས་དབང་ན།།
དཔའ་གླིང་ཁྱེད་ནི་རྨ་ཁ་ཞིག་གི་ན་ཟུག་ལགས།།
གངས་ཅན་མགོན་པོའི་ཐུགས་འདང་ཟབ་མོའི་ནང་དཀྱིལ་ན།།
ཕ་ཡུལ་མི་ཚོའི་དཀའ་སྡུག་དུ་མའི་འཁོར་བ་ན།།
རང་མི་སྒམ་པོའི་དུས་དང་དུས་ཀྱི་ལས་བྲེལ་ན།།
དཔའ་གླིང་ཁྱེད་ནི་ཕུགས་ཀྱི་བསམ་པའི་རེ་བ་ལགས།།
ཁ་སང་བོད་ཀྱི་ཁུ་སིམ་(དུ་ཁའི)་ལྷིང་འཇགས་ན།།
སང་ཉིན་ཀྱི་ཧུད་བོད་མིའི་སེམས་ངོའི་སྟོང་སང་ན།།
དེ་རིང་འདི་འདྲའི་ཨ་ཐང་ཆད་པའི་ཛ་དྲག་ན།།
དཔའ་གླིང་ཁྱེད་ནི་མཐོ་སྒང་མི་བུའི་ཐོག་མ་ལགས།།
ང་རང་ལྟ་བུའི་ཁ་ཡག་སྤུན་ཚོ་མང་ས་ན།།
ཁ་ཁོག་ངན་པའི་རིགས་མཐུན་བླུན་པོ་ཡོད་ས་ན།།
ས་ཆ་གང་སའི་བོད་མི་རེ་རེའི་རྫོབ་རྟགས་ན།།
དཔའ་གླིང་ཁྱེད་ནི་རྣམ་པར་རྒྱལ་བའི་བཙན་སྲས་ལགས།།
ཨ་ཕ་ཨ་མའི་ཚེ་སྲོག་རུལ་བའི་དགོང་མོ་ན།།
བྱིས་པ་ཕོ་མོའི་གོམ་ཁ་རྙེད་པའི་ཞོགས་ཀ་ན།།
དཔའ་བོ་དཔའ་མོའི་རང་སྲེག་དམར་པོའི་སྒྲོན་འོད་ན།།
དཔའ་གླིང་ཁྱེད་ནི་ས་ཡ་དྲུག་གི་བུ་རྒོད་ལགས།།
གཏམ་བཤད་མཁས་པའི་གཞུང་ཞབས་མང་ས་ན། །
ལབ་རྒན་སྐྱ་སྟོང་མགོ་སྟོང་མང་ས་ན། །
ག་ལ་ཐུག་དུས་ག་ན་མེད་ས་ན། །
གླིང་གི་བུ་ཁྱོད་གླིང་རྗེ་གེ་སར་འདྲ། །
སྐད་ཆ་དྲང་པོ་ཡིན་ན།
སེམས་པ་གཟུར་གནས་ཡིན་ན།
བོད་པ་དགའ་བོ་ཡིན་ན།
དཔའ་གླིང་ཁོག་གི་སྙིང་ཡིན།