རྨོག་རུ་བསྟན་པ།
མི་མངོན་དག་པའི་ཞིང་ཁམས་ཤིག་ན་མགོན་སྐྱབས་བྱེད་པའི་ལྷ་ཚོགས་ཡོད་སྐད།།
མ་དག་རགས་པའི་གཟུགས་ཀྱིས་བསྡུས་པའི་འདོད་པའི་ཁམས་འདི་སྡུག་གི་གོང་བུ།།
སུན་དང་སེམས་པ་འཐབ་པས་ཀློང་དུ་སུ་དང་གང་གི་བྱིན་རླབས་མེད་པས།།
ཨུ་ཚུགས་མཁྲེགས་པོས་ཤུགས་རིང་ཞིག་གིས་ཡ་ཆུང་སྒོ་མོ་གཏོར་ལ་ཁད་ཅིག།
རི་དང་ལུང་པ་ཁད་ཀྱིས་བཅད་དེ་ས་ཆེན་བརྒལ་བའི་རྒྱལ་ཁམས་འདི་རུ།།
དཔུང་དང་ནོར་གྱི་གཉོམ་ལག་བཙན་པོ་གུང་ཁྲན་ལྟ་བའི་ངར་ལས་ཚ་བས།།
ལུས་ཟུངས་དྭངས་མ་ས་ལ་གཏོར་བའི་སྦྲང་དཀར་རྩམ་པའི་གསོས་ཕྲུག་ཆ་བོ།།
འདི་དང་གན་གྱི་གནས་ཚང་མེད་པ་རི་དང་ལུང་པའི་སྤྲེའུ་ཁོ་ན།།
ཡ་གའི་ལྷ་ཡིས་ལྷ་ངོ་བརྡག་པས་ལྕེ་ཡི་སྣེ་མོ་དགུང་ལ་ཟུག་ཅིང་།།
མ་གའི་ཀླུ་ཡིས་ཀླུ་ངོ་སྲུང་བས་སྤྱི་གཙུག་རི་མོ་ས་ལ་བྲིས་པས།།
ལྷ་མི་སུས་ཀྱང་སྤྱན་གྱིས་དོར་བ་རང་གཤིས་གཙང་བའི་མི་བུ་དག་ལ།།
གནམ་འོག་གོར་མོར་ཁོར་ཡུག་སྟོང་བ་རང་བྱུང་ཁམས་ཀྱི་ཆོ་འཕྲུལ་ཡིན་འགྲོ།།
རྒྱ་མཚོའི་དཀྱིལ་དུ་ལག་སྙོབ་བྱས་པས་ལག་སྣེ་གོར་མོ་རྡོ་ལ་ཐོགས་སོང་།།
ས་ཆེན་དཀྱིལ་ནས་བརྫིག་བརྫིག་བྱས་པས་ས་བདག་རྒོད་པོའི་སྙིང་ཁམས་དཀྲོགས་སོང་།།
གཤོག་པ་མེད་པའི་བྱིའུ་དག་ལ་གནམ་འོག་འདི་རུ་གསོན་ལམ་དཀའ་བས།།
ཕྱི་མིག་མེད་པར་ཕྱི་མར་བཞུད་ན་ཁྲེལ་དགོད་ཅིག་གི་ཐན་སྒྲ་ཐོས་ཡོང་།།
མིག་ཟུང་བཙུམ་པའི་བསམ་འགྱུའི་ཀློང་དུ་གཡོ་འཕྲུལ་ཞགས་པའི་ཨ་ལུང་རྣོ་ཞིང་།།
སྙིང་ཁར་བསྲིངས་བའི་ཐལ་མོའི་བར་ན་རྒྱ་འདྲེ་བཙན་པོས་འདུར་རྒྱུག་མོད་པས།།
གནས་ལུགས་རྨོངས་པའི་ཁྱུ་ཚོགས་དེ་ཡང་ལས་འབྲས་བོར་བའི་སྦྲང་ཚོགས་ཞིག་སྟེ།།
གཏད་སོ་བྲལ་བའི་རྨི་ལམ་འདི་ལ་མཆི་མའི་བསྐོར་བ་ལན་གསུམ་བརྒྱབ་སོང་།།
ལ་གཞས་མེད་པའི་མི་ཚེ་ཞིག་གིས་སེམས་ཁམས་སྐྱ་མོ་དོང་དུ་གཡུག་ཅིང་།།
རེ་བ་དཀོན་པས་ཐར་ལམ་འདི་ནས་ཡར་མར་གང་གི་ཆོད་ཐག་མེད་པས།།
ཙི་ཙི་སངས་རྒྱས་སྐྱེ་བ་འདི་ལ་ཡེ་ཤེས་དབྱིངས་ཀྱིས་གཟིགས་རབས་མེད་མོད།།
རྣམ་རྟོག་ཅན་གྱི་ཁོར་ཡུག་འདི་ནས་ལྷ་ལ་དད་པས་ཕྱག་གསུམ་འཚལ་ལོ།།
ནོར་བུ་བརྩེགས་པའི་ཞིང་ཁམས་ཤིག་གི་བདག་མོ་བཙན་པོས་བློས་སུ་བཏང་སྟེ།།
པི་ཝང་བཀྲོལ་བས་ཐག་པའི་རྩེ་ནས་སེམས་རིག་གཉོམ་པོས་རང་མགོ་གཡོག་ཀྱང་།།
མི་དང་མི་ཡི་འཐབ་ར་ཞིག་ཏུ་ཅི་ཡང་མེད་པའི་ངེས་ཤེས་རྙེད་ཚེ།།
རེ་ཐག་ཆད་པའི་འདོ་རིགས་ཅང་ཤེས་སྡུག་གི་གོམ་ཁ་འདམ་ལ་ཟུག་ཐལ།།
མེ་ལོང་མེད་པའི་བྱུ་རུའི་གྲོང་དུ་ངན་པ་སྦྲུལ་གྱི་ཁ་རུབ་ཆེ་ཡང་།།
ཁྱུང་ཆེན་དར་མའི་ནམ་འཕང་འདི་ལ་བདེན་པའི་རྩལ་གྱིས་སྤུ་གྲི་གཟེངས་བས།།
རིགས་དྲུག་སྟོང་གི་ཁྲུན་ཐག་བརྡར་སའི་ངམ་མནག་ཁོལ་མའི་ཟངས་ཁ་ཞིག་ནས།།
ལྷ་ཆེན་རྒྱལ་བོ་དབང་དུ་གཙུགས་ནས་ཀི་བསྭོ་འཐེན་པའི་ལྟ་གོན་གྱིས་ཤིག།
སྨག་གིས་མིག་ཟུང་སྒོ་མོ་བཅད་པའི་དུས་ཚིགས་སྐྱ་མོའི་ལྷིང་འཇགས་འདི་ལ།།
གློ་དང་རྒྱུ་མའི་གསང་བ་ཤོར་ན་བདེན་པའི་ཉིང་ཁུ་སྦྱིན་པར་དཀའ་མོད།།
ཐག་ཐག་གོམ་པས་བཞུད་ལམ་འདི་ལ་མི་ཡིས་བཞག་པས་ཐ་ཚིག་རྣོ་བས།།
ད་ནི་འདི་ལྟར་སྙན་ངག་འབྲི་བ་འགོག་མེད་ཚོར་བའི་ཁ་དོག་ཡིན་སོང་།།
ཀི་ཤར་རིང་མོས་ཧར་སྒྲ་བསྒྲགས་ན་བཙན་དང་གཉན་པོ་བཀྲོགས་ལ་ཞེད་ཅིང་།།
སེམས་ངོས་རི་མོ་ཆུ་ཡིས་བརླན་ན་རང་སྡུག་སྐྱ་མོའི་ལེགས་སྐྱེས་ཙམ་ཞིག།
མི་ཚེ་འདི་ལ་ཁེ་དང་གྱོང་ཞེས་རྒྱལ་ཕམ་ཆོ་ལོ་ཆེན་པོ་མེད་ཀྱང་།།
ས་ཆེན་འདི་ལ་དཀྱིལ་གསུམ་རྒྱག་རྒྱུ་སྟག་ཤར་རི་མོ་སྙིང་ལ་བྲིས་ཡོད།།
དཀར་གཙང་སེམས་ལ་བསྲེས་བསླད་མེད་ཀྱང་རྒྱལ་འཚོང་མཁན་པོའི་ཞྭ་མོ་གཡོག་ཡོང་།།
སྐྱོན་ལ་སྐྱོན་གྱི་ཐ་སྙད་བཏགས་ན་སྤྱི་ཚོགས་དཀྲུགས་པའི་ནག་ཉེས་འགེལ་ཡང་།།
ཀེ་ལ་ཤ་ཡི་རི་ངོགས་དག་ན་རྭ་རྩེ་བརྡར་བའི་འབྲོང་ཕྲུག་རྣལ་མ།།
ཁྱི་རྒན་ཟུག་ལུའི་རྣམ་ཐར་མེད་པ་སྲོག་ལ་བཏགས་པའི་དམ་ཚིག་དང་པོ།།
ཚོར་བ་གློ་བུར་བ་ཞིག་གི་རྐྱེན་བྱས་ཏེ་༢༠༡༠།༡༡།༦ ཉིན་གྱི་མཚན་མོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་མགྲོན་ཁང་དུ་ཤར་མར་བྲིས་པའོ།
ཨ་ཁུ་རྨོག་རུའི་སྙན་ངག་བར་ན་ཚོར་བ་རྣོན་པོའི་མེ་སྟག་ཆེམ་ཆེམ།།
ཨ་ཁུ་རྨོག་རུའི་རྨི་ལམ་ཁྲོད་ན་རེ་དོགས་གཉིས་ཀྱི་རླུང་བུ་འཚུབ་འཚུབ།།
ཨ་ཁུ་རྨོག་རུའི་་བསམ་གཞིགས་ཀློང་ན་སྐྱ་སེར་གཉིས་ཀྱི་རྣམ་ཤེས་ཁྲིག་ཁྲིག།
ཨ་ཁུ་རྨོག་རུའི་ཚོར་བ་འདི་ལ་ར་མོ་ཞིག་གི་བདག་པོ་གནང་རོགས།།
ཧཧ་ཧཧཧཧཧ