བོད། ལྷ་ཀླུ་གཉན་གསུམ།
རྒས་འགྲོ་བ་ནི་ཆོས་ཉིད་ཅིག་རེད
ཤི་དགོས་པ་དེ་ཡང་ལྡོག་མེད་ཅིག་རེད
གང་ལྟར འདང་མང་བོ་ཞིག་རྒྱགས་ཁོམ་མི་འདུག
ང་ག་ལེར་ཆས་འགྲོ རྗེས་སུ་ཡོང་མཁན་ཡོད་ན་ཤོག
གང་དུ་སླེབས་མིན་ཡང་མི་ཤེས
འགྲོ་ས་དེ་ཡང་ད་ལྟ་ཤེས་མ་སོང་
སྙིང་སྟོབས་ནི་བསྐྱེད་ཡོད
སེམས་ཤུགས་ནི་འཕར་ཡོད
ཏན་ཏན་སླེབས་ས་ཞིག་ཡོད་རབས་འདུག
བདེན་པ་ཡིན་ཐག་ཆོད་རེད་འདུག
ངའི་མེས་པོ་དག་གིས་ཤ་ཁྲག་གི་བདེན་དཔུང་བཞག་འདུག
ཕྲན་ནས་བོད་ནང་གི་མཁས་དབང་མཁྱེན་རབ་དབང་ཕྱུག་མཆོག་གི་གསུང་བཤད་འདི་སྒྲ་འཛིན་འཁོར་ཐག་ནས་སྒྲ་སྐད་ཡིག་ཐོག་ཕབ་པ་ཞིག་ཡིན་པས་ངས་མཆན་གྱི་ཚུལ་དུ་དུམ་བུ་རེ་འདོན་སྤེལ་ཞུ་རྒྱུ་ཡིན་ན་དྲ་གྲོགས་རྣམ་པས་ལྗགས་ཀློག་གནང་བ་ཞུ། ཐུགས་ཕན་གསོ་བའི་རེ་བ་ཡོད། བཀྲིས་བདེ་ལེགས།
མཁས་དབང་མཁྱེན་རབ་དབང་ཕྱུག་མཆོག་གསུང་བཤད་དབུ་འཛུགས་ཞུ་རྒྱུ།
སློབ་གྲྭ་ཁག་གི་དགེ་སློབ་རྣམ་པ་དང༌། གྲོགས་པོ་རྣམ་པ་བཅས་ལ། དེ་རིང་འདི་ག་ཆེད་མངགས་ཀྱི་སློབ་གྲྭ་རང་གིས་གྲ་སྒྲིག་གནང་ནས་ང་ལ་སྐད་ཆ་ཚིག་ཁ་ཤས་གཅིག་བཤད་རོགས་གྱིས། དེ་འདྲའི་རེ་འདུན་ཞིག་གནང་བ་རེད། དེ་འདྲ་ཡིན་ཙང༌། བློ་བུར་དུ་རེད། ཁེ་ས་ཁེ་ཉིན་བློ་བུར་དུ་དེ་འདྲའི་གནས་ཚུལ་གཅིག་བྱུང་བ་ཡིན་ཙང༌། དེ་རིང་ངས་ཡིན་ནའང་གྲ་སྒྲིག་བྱེད་ཡག་བྱུང་མ་སོང༌། སྤྱིར་བཏང་ནི། ང་རང་ལའང༌། རིག་གནས་དང་གང་ཅིའི་ཐད་ཀྱི་ཆུད་ཚད་ཡག་པོ་ཡོད་མ་རེད། དེའི་སྒང་ལ་གྲ་སྒྲིག་ཀྱང་བྱེད་རྒྱུ་མ་བྱུང་བ་སོང་ཙང༌། ཁྱོད་རང་རྣམ་པ་ལ་ཕན་ཐོགས་ཡོད་པའི་སྐད་ཆ་གཅིག་ཕྲན་བུ་བཤད་ཡག་དཀའ་མོ་གཅིག་འདུག །ཡིན་ནའང་སོ་སོའི་སེམས་ཀྱི་ནང་ལ་གང་དྲན་པ་འདི། མི་སུམ་ཅུ་ལ་བསམ་པ་སུམ་ཅུ་ཟེར་བ་བཞིན་དུ་མི་སོ་སོ་སོ་སོ་བསམ་བློ་གཏོང་སྟངས་དང༌། སེམས་ཀྱི་འཆར་སྒོ་འདྲ་པོ་དེ་མི་འདྲ་བ་མི་འདྲ་བ་དེ་འདྲ་རེད། དེ་འདྲ་ཡིན་ཙང་དེ་རིང་ངས་རང་ཉིད་ཀྱི་སེམས་ཀྱི་འཆར་སྒོ་ཡི་ཐོག་ནས་དེང་དུས་ཀྱི་བོད་དང༌། བོད་ཀྱི་གནས་བབ་དང༌། བོད་ཀྱི་རིག་གནས་ཀྱི་སྐོར་ལ་ང་རང་རང་གིས་བལྟ་ཚུལ་དང༌། མཐོང་ཚུལ་ག་རེ་ཡོད་མེད་དེ་ངས་ཚིག་ཁ་ཤས་ཀྱི་ཐོག་ནས་ཞུ་རྒྱུ་བཅས་དེ་འདྲ་ཡིན།
ང་ཚོར་དཀའ་ངལ་ཁ་ཤས་བཤད་ཡག་གི་ང་ཚོར་གླེང་གཞི་འདྲ་པོ་དེ་བོད་ཀྱི་གནས་བབ་དང༌། བོད་ཀྱི་རིག་གནས་ཀྱི་སྐོར། དེ་འདྲ་གཅིག་རེད། བོད་མི་རིགས་སམ་སྤུན་ཟླ་མི་རིགས་ཤ་སྟག་རེད། དེ་འདྲ་ཡིན་ཙང༌། འདིའི་སྐོར་ལ་ང་ཚོས་དུས་དང་རྣམ་པ་ཀུན་ཏུ། དགེ་རྒན་ཡིན་ནའང་འདྲ། སློབ་མ་ཡིན་ནའང་འདྲ། དེ་མིན་པའི་བློ་མཐུན་ཡིན་ནའང་རེད། ལས་བྱེད་པ་ཡིན་ནའང་འདྲ། ང་རང་ཚོས། དུས་རྒྱུན་དུ་ང་རང་ཚོ་ཡིན་ནའང་ག་རེ་ཟེར་དགོས་རེད། མཁས་པའི་དབང་པོ་ཆེན་པོ། དགེ་འདུན་ཆོས་འཕེལ་གྱིས་དེབ་ཐེར་དཀར་པོའི་ནང་ལྷག་བསམ་བཟང་པོ་དེ། རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས། རང་བྱུང་སྙིང་གི་དབུས་ན་གནས་པ་འདི། རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ། རང་གི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ་ཅེས་རྒྱལ་རབས་གསུང་འཕྲོས་ཅན་གྱི་མཇུག་དེར་མཇུག་རྩོམ་དེ་འདྲ་ཞིག་བརྒྱབས་ཡོད། དེ་འདྲ་ཡིན་ཙང་རང་གི་རིགས་ལ་ཞེན་པ་དཀར་པོ་དེ་ང་རང་ཚོ་ལ་ཏན་ཏན་ཡོད་ཀྱི་རེད་བསམ་གྱི་འདུག ། ཡོད་དགོས་ཀྱི་རེད། རང་གི་རིགས་ལ་ཞེན་པ་དེ་ཡོད་དགོས་ཀྱི་ཡོད་རེད། རང་གི་རིགས་ལ་ཞེན་པ་མེད་ཟེར་ནའང་དེ་བཤད་ཐུབ་ཡག་ཅིག་ཡོད་མ་རེད། རང་གི་རིགས་ལ་ཞེན་པ་མེད་མཁན་གྱི་མི་སུ་དང་སུ་གང་ཡོང་གི་མ་རེད། ཡིན་ནའང་དེ་ནི་ཞེན་པ་དཀར་པོ་གཅིག་དགོས་ཀྱི་རེད། ཞེན་པ་དཀར་པོ་དཀར་ལུགས་དཀར་སྟངས་ཀྱི་ཐོག་ནས་མི་སོ་སོ་སོ་སོ་ལའང་དཔེར་ན། བསམ་བློ་གཏོང་ཕྱོགས་མ་འདྲ་བ་དང༌། དེ་འདྲ་ཡོང་གི་རེད། དེ་འདྲ་ཡིན་ཙང༌། ང་རང་ཚོ་ཡིན་ན། ང་རང་ཚོ་མི་རིགས་རང་གི་ཆེད་དུ་དུས་དང་རྣམ་པ་ཀུན་ཏུ་བསམ་བློ་གཏོང་དགོས་ཡག་དེ་འདྲ་ཞིག་རེད་སྡོད་ཡོད་རེད།
ལག་པའི་ནང་དུ་ལག་པ་འཇོག
སེམས་པའི་ནང་དུ་སེམས་པ་འཇོག
འབྱུང་འགྱུར་རབ་རིབ་ཡིན་ཡང
འཚོ་བ་དོན་ལྡན་ཡིན
ང་ཚོ་མི་རུ་སྐྱེ
དེ་ཡི་ནང་ནས་བོད་ལ་སྐྱེ
དེ་ཡང་དུས་ཚོད་གཉེན་འཕྲེང་གི་སྐབས་སུ
ང་ཚོ་ལ་འགན་ཡོད
མི་རིགས་བོད་་སྐྱེ་བའི་འགན་ཡོད
འགན་དེ་མ་བླངས་ན
ཤི་ཁར་ཏན་ཏན་རང་ཉིད་འགྱོད་པ་སྐྱེ་ངེས་ཡིན་ལ
བུ་རབས་ཚ་རྒྱུད་དག་གིས་ཀྱང་ལེ་བདའ་བྱེད་ངེས་ཡིན
གང་ལྟར གང་དུ་ཡོད་ཀྱང་
ཅི་ཞིག་བྱས་ཀྱང་
བྱ་བ་གང་ལ་ཐུག་ཡང་
རང་ཉིད་བོད་མི་ཡིན་པ་གཏན་ནས་བརྗེད་མི་ཉན
བརྗེད་མ་སོང་བའི་ཉིན་ནས
དེ་ཡི་ཆེད་དུ་འཚོ་ཡོད་ཟེར་ན་ཆོག