གཅན་འོད་འབར།
ཁང་ཁྱིམ་འདི་ཆུང་དྲག་པས་ཡིན་ནམ
སེམས་རྒྱ་འདི་དོག་དྲག་པས་ཡིན་ནམ
གང་ལྟར་དུས་ཚོད་འདིའི་སྣེ་མོ་དང
འཚོ་བ་འདིའི་བར་གསེང་ནས
རང་ལ་དབང་བའི་རྐང་ལག་འཐེང་བོ་འདི
ལྷོད་ཀྱིས་བརྐྱང་སའི་ས་གཞི་ཞིག་མེད་དོན་ཅི་ཡིན
རང་ལ་བདག་པའི་མགོ་བོ་རྨས་མ་འདི
ངང་གིས་འདེགས་སའི་མཁའ་དབྱིངས་ཤིག་མེད་དོན་གང་ཡིན
རླུང་བུ་ལྟ་བུའི རྒྱ་མཚོ་འདྲ་བའི
མུན་པ་ལྟ་བུའི
ད་དུང་མེ་ལྕེ་འདྲ་བའི་སྐྱུར་སྣང་གི་ཚོར་བ་འདི
རྐང་མཐིལ་ནས་སྐྲ་རྩེ་བར་ཁྱབ་ཅིང
སླར་ཡང་སྐྲ་རྩེ་ནས་རྐང་མཐིལ་བར་བརླན་ཡོང་བ
མགྲིན་པར་ཡུན་རིང་འགག་པའི་སྐད་ཆ་དེ་དག་གི་འགྲེལ་བཤད་ཡིན་ནམ
ཁོག་ཏུ་ཡང་ཡང་བཙིར་བའི་ན་ཟུག་དེ་དག་གི་མཚོན་དོན་ཡིན་ནམ
ངས་ནི་ཅི་ཡང་ཤེས་མ་སོང་ལ
ངས་ནི་གང་ཡང་རྟོགས་མ་བྱུང
ས་གཞི་འདི་ཆུང་དྲག་པས་ཡིན་ནམ
ནམ་མཁའ་འདི་ཆེ་དྲག་པས་ཡིན་ནམ
གང་ལྟར་དུས་ཚོད་འདིའི་སྣེ་མོ་དང
མི་ཚེའི་འདིའི་བར་རིམ་ནས
རང་ལ་ཅིས་ཀྱང་ཡོད་འོས་པའི་ཁྱིམ་གཞི་དེ
ད་དུང་རྙེད་མ་སོང་ལ
རང་ལ་དབང་འོས་པའི་རང་དབང་དེ་ཡང
ད་དུང་ཐོབ་མ་བྱུང
༢༠༡༣།༣།༡༠