ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།
དཀོན་མཆོག་ཆོས་འགྲུབ།
ང་ཚོའི་འཛམ་གླིང་གོ་ལའི་ལྗོངས་སུ་ལུགས་སྲོལ་འདྲ་མིན་མང་པོ་ཞིག་ཡོད་པའི་ནང་ནས། སྐབས་སུ་བབ་པའི་གླེང་བར་བྱ་བའི་དོན་གྱི་རིམ་པ་ནི། ཆོས་ལུགས་པ་ཡིས་མི་རྣམས་དབང་སྒྱུར་བྱེད་ཚུལ་ཐད་ལ་ཅུང་ཞིག་དཔྱོད་པར་འདོད། ང་ཚོའི་འཛམ་གླིང་འདིར། ཆོས་ཀྱི་རྣམ་གཞག་འདྲ་མིན་མང་པོར་ཡོད་པ་ཚང་མར་ཡང་དག་ཡིན་མིན་ལ་མ་ལྟོས་པར། དེ་ཚོ་ཡོངས་རྫོགས་མི་ཡི་བསམ་བློའི་འཛིན་སྟངས་དང་། འཇིག་རྟེན་འདི་ཡི་སྟེང་དུ་འཚོ་བའི་རིང་གི་ཉམས་མྱོང་དང་། བསམ་གཞིག་བྱས་ནས་བློ་རིག་རིམ་པས་གོང་འཕེལ་ཕྱིན་ཏེ་གོམས་སྲོལ་དེ་རྣམས་ལེགས་བཅོས་དང་། ཡར་རྒྱས་བཏང་སྟེ་སྐབས་དོན་གྱི་དགོས་མཁོ་དང་བསྟུན་ནས་སྟོན་པ་ཞིག་གིས་སྲོལ་བཏོད་མཛད་པ་ཤ་སྟག་ཡིན་པ་རེད། དེར་བརྟེན་སྟོན་པའམ་ཆོས་དཔོན་རང་དང་ལྟ་སྤྱོད་མཐུན་ཞིང་རང་ལས་ནུས་མཐུ་ཆེ་བ་དེ་ཚོའི་རིགས་ལ་ལྷ་དང་། དཀོན་མཆོག་མིང་དུ་བཏགས་ཏེ་ཁོང་ཚོར་ཡོན་ཏན་ཀུན་ལྡན་དང་། ཉེས་སྐྱོན་ཀུན་ཟད་ཡིན་པའི་འགྲེལ་བཤད་བྱེད། ཁོང་ཚོར་དད་གུས་བྱེད་ནས་གོང་དུ་བཀུར་བ་དང་། དེ་ཚོས་མི་ལ་རོགས་པ་བྱེད་ཀྱི་ཡོད་པར་འདོད། ཆོས་དཔོན་ཁོ་རང་ཚོ་ནི་ལྷ་དང་དཀོན་མཆོག་གི་ཕོ་ཉ་འམ། ཡང་ན་སྤྲུལ་པ་ཡིན་པའི་ཚུལ་གྱི་སྒྲུང་གཏམ་སྣ་ཚོགས་དང་། བསྟན་བཅོས་མང་པོ་བརྩམས་ནས་གསལ་བསྒྲགས་བྱེད། ལྷ་དང་དཀོན་མཆོག་ཁོང་ཚོའི་སྡོད་ས་དེ་ལ་ཞིང་ཁམས་ཟེར། དེ་ནི་ག་གེ་མོ་ཞིག་ཏུ་ཡོད་པར་འདོད། དེ་རུ་བདེ་སྐྱིད་དཔག་ཏུ་མེད་པར་ཟས་གོས་ཐམས་ཅད་འབད་མེད་རང་ཆས་སུ་ཡོད་པ་ལ། དེ་རུ་དགེ་བའི་འབྲས་བུ་སྨིན་ས་ཡིན་པས། ང་ཚོས་ཆོས་སམ་དགེ་བ་ཡག་པོར་སྒྲུབ་ན་གནས་དེར་སླེབ་རྒྱུ་ཡོད་པར་སེམས། གནས་དེར་སླེབས་དུས་འཆི་རྒྱུ་མེད་པའི་རྟག་པ། འགྲེས་རྒུད་མེད་པའི་བརྟན་པ། གསལ་སྒྲིབ་མེད་པའི་མཁྱེན་པ་སོགས་ཐོབ་རྒྱུ་ཡོད་པར་བཞེད། དེ་ལྟར་ཐོབ་པའི་ཆེད་དུ་དཀའ་སྤྱད་ཚངས་སྤྱོད་སོགས་ཀྱི་རྣམ་གཞག་འཐད་མིན་ཅི་རིགས་ད་ལྟའི་བར་དུ་བརྒྱུད་འཛིན་བྱེད་བཞིན་ཡོད། དེ་བཞིན་ཁོང་ཚོས་རང་དང་ལྟ་སྤྱོད་མི་མཐུན་ཞིང་རང་ལས་ནུས་མཐུ་ཆེ་བར་རྣམས་ལ་བདུད་དང་། འདྲེ་སོགས་མིང་བཏགས་ཏེ་དེ་ལ་ཞེད་སྣང་བྱེད་ནས་སྡུག་ཅག་འཛིན། དེ་ཚོས་མི་ལ་གནོད་པ་བསྐྱལ་གྱི་ཡོད་པར་བཞེད། ང་ཚོས་ཚེ་འདིར་སྡིག་པའམ་ཉེས་པ་བྱས་པའི་ན། ས་འོག་ག་ཤེད་ཅིག་ཏུ་དམྱལ་བར་ཞེས་པའི་ཡིད་དུ་མི་འོང་བའི་གནས་ཤིག་ཡོད་པ་ལ། དེ་རུ་ལྷུང་སྟེ་འཇིགས་སུ་རུང་བའི་གཤིན་རྗེའི་ལས་མཁན་ཟེར་བ་ཞིག་གིས་ང་ཚོར་ཁྲིམས་གཅོད་གཏོང་གི་ཡོད་པར་འདོད། དེ་དང་མཉམ་དུ་ས་རྡོ་རི་བྲག་ཆུ་མཚོ་དང་། ནམ་མཁའི་གཟའ་སྐར་སོགས་སུ་ལྷ་འདྲེ་ཟེར་བ་ཁོ་ཚོ་གནས་ཀྱི་ཡོད་པའི་ངོས་འཛིན་བྱེད། ཁོང་ཚོ་དགའ་ན་མི་ལ་ཕན་རོགས་བྱེད་པ་དང་། མ་དགའ་ན་གནོད་པ་བསྐྱལ་གྱི་ཡོད་པར་སེམས། དེ་དང་མཉམ་དུ་ལྷ་དང་དཀོན་མཆོག དེ་བཞིན་ཆོས་དཔོན་བཅས་ལ་དད་གུས་བྱས་ན་མི་རྣམས་དགེ་བའམ་བསོད་ནམས་གསོག་གི་ཡོད་པའི་ལྟ་ཚུལ་ཡང་ སྲོལ་བཏོད་གནང་ཡོད། ཁོང་ཚོའི་ཆེད་དུ་མཆོད་སྤྱིན་གྱི་ལུགས་སྲོལ་འདྲ་མིན་ད་ལྟའི་བར་དུ་རྒྱུན་ཆགས་སུ་བྱེད་ཀྱི་ཡོད། དེ་ཚོས་དངོས་སུ་ཕན་མིན་ཇི་ལྟར་ཡང་། གདོད་མའི་དུས་སུ་ཆོས་ལུགས་པའི་ཐུན་མོང་གི་ལྟ་ཚུལ་ཞིག་རེད། ཆོས་དཔོན་རང་ལས་དམན་པ་དེ་ཚོར་ནི། ཁོང་ཚོའི་ཆེད་དུ་འདུལ་བྱ་དང་། བྲན་འཁོར་འདྲ་བོ་ཡིན་པས་ཁོང་ཚོས་སྐྱོབ་ཀྱི་ཡོད་པའི་ལྟ་ཚུལ་འཛིན་གྱི་ཡོད། སྐྱེ་འགྲོ་དཀྱུས་མ་དང་དགེ་སྡིག་འདྲེས་མར་སྤྱོད་མཁན་རྣམས་ནི་ཡར་མར་གང་ཡང་མི་འགྲོ་བར། འཇིག་རྟེན་ནང་དུ་འཁོར་ནས་སྡོད་ཀྱི་ཡོད་པར་སྙམ། ལུས་འདི་འཆི་ཡང་སེམས་ནི་སྐྱེ་འཆི་མེད་པར་སོ་སོས་དགེ་སྡིག་གང་བྱས་རྒྱུ་འབྲས་མྱོང་མཁན་ཞིག་ཡིན་པར་བཞེད། གང་ལྟར་ལུས་སེམས་གཉིས་པོར་འདུ་བྲལ་ཡོད་པར་འཛིན་ཅིང་ཐ་དད་དུ་གནས་རྒྱུ་ཡོད་པ་ལ། ལུས་ལ་སྐྱེ་འཆི་ཡོད་ཀྱང་སེམས་ལ་སྐྱེ་འཆི་མེད་པར་འདོད། ལྟ་ཚུལ་དེ་ཚོའི་ཐོག་ཏུ་སྔོན་གྱི་སྟོན་པ་རྣམས་ཀྱིས་སྐྱེ་བ་སྔ་ཕྱི་ཡོད་པ་ནན་གྱིས་སྒྲུབ་ཀྱི་ཡོད་པ་རེད། དེས་ན་ཁོང་ཚོའི་རྗེས་འབྲང་ཕལ་མོ་ཆེ་ཡི་སྐྱེ་བ་སྔ་ཕྱི་ཡོད་པར་གཞིར་བཟུང་བྱེད་ཀྱི་ཡོད། སྐྱེ་བ་སྔ་ཕྱི་དང་ལུས་སེམས་འདུ་བྲལ་ཡོད་པའི་འདོད་པ་འདི་ཉིད་ཆོས་ལུགས་པའི་རྩ་དོན་གལ་ཆེན་ཞིག་རེད། གལ་ཏེ་དེ་ཚོ་ཡོད་པ་སྒྲུབ་བྱེད་ཡག་པོ་ཞིག་མ་རག་ན། ཆོས་ལུགས་ཕལ་ཆེར་གཞི་འཛིན་ས་ཁག་པོ་ཡོད། སྤྱི་བཏང་ཆོས་ལུགས་པ་ཚོས་སྣོད་བཅུད་ལྟ་ཚུལ་དང་། དགེ་སྡིག་ངོས་འཛིན་བྱེད་སྟངས་ཕལ་མོ་ཆེ་ནི་མཚུངས། མི་འདྲ་བའི་ཆ་ལ་མང་པོ་ཡོད། ལ་ལས་དགེ་བར་ལ་ལས་སྡིག་པར་ངོས་འཛིན་བྱེད། འགའ་རེའི་ལྷ་ལ་འགའ་རེས་བདུད་དུ་འཛིན། སོ་སོའི་བསྟན་པར་ཕན་མཁན་ཉིད་ལ་ལྷ་སྲུང་ཟེར། དེ་ལ་སྐྱབས་སུ་བཅོལ་ཞིང་ཚད་ལས་འདས་པའི་ཆེ་བསྟོད་དང་། འགྲུབ་རྒྱུ་ཡོད་མེད་ཇི་ལྟར་ཡིན་ཡང་རེ་སྨོན་ཅི་ཡང་བྱེད། གནོད་པ་བསྐྱལ་མཁན་དེ་ལ་འདྲེ་གདོང་ཟེར་ནས་མིང་འདོགས་དང་། སུ་ཡིས་དེ་ལ་འབྲེལ་བ་བྱས་ན་གནོད་པ་མ་གཏོགས་ཕན་པ་གཏན་ནས་མེད་པར་སྒྲོག ས་རྡོ་ཤིང་སོགས་བཅོས་སྒྱུར་བྱེད་ནས་གཟུགས་སུ་བཅོས་པ་དང་། འབུར་དུ་བཏོད་ཅིང་རི་མོ་འདྲ་མིན་བཀོད་ནས་དེ་ཚོར་དགེ་བ་ཡིན་པར་འཛིན། མ་ཚད་སྐྱེ་འགྲོའི་ཚེ་སྲོག་དང་། ཤ་ཁྲག་གིས་མཆོད་སྦྱིན་གཏོང་། མི་ཡི་ཤ་ཁྲག་རུས་གསུམ་དང་། ཁུ་བ་ལ་སོགས་བསྡུས་ནས་དམ་རྫས་ཁྱད་འཕགས་ཡིན་ཡང་ཟེར། དེ་ཚོ་དགེ་སྐྱོན་ཇི་ལྟར་ཡིན་ཡང་རུང་། གདོད་མའི་ཆོས་དཔོན་རྣམ་པའི་ལྟ་ཚུལ་ཞིག་རེད། ལྟ་ཚུལ་དེ་ཉིད་ད་དུས་ང་ཚོའི་ཚེ་འདིའི་འཚོ་བའི་ཁྲོད་དུ་ཕན་མིན་ཇི་ལྟར་ཡང་། ལྟ་ཚུལ་འདི་དག་མི་ཚོའི་རྒྱུད་དུ་བག་ཆགས་ཧ་ཅང་མཐུག་པོ་ཡོད། གཡོ་འགུལ་དཀའ་བའི་རི་བོ་ལྟར་བརྟན། འཐོར་ཞིག་དབེན་པའི་བྲག་རྡོ་ལྟར་སྲ། རྒྱུན་ཆད་མེད་པའི་ཆུ་བོ་བཞིན་འབབ། བཅོམ་དུ་མེད་པའི་མེ་རི་ལྟ་བུར་འབར། མཐའ་དབུས་བྲལ་བའི་མཁའ་ལྟར་ཡངས་ཤིང་གནས་ཡོད། དེར་བརྟེན་འཚོ་བའི་ཁྲོད་དུ་གཙོ་བོར་མི་ཡིས་ནུས་པ་མ་འདང་ས་དང་། སེམས་ཤུགས་སྤར་ཡག་དང་། སེམས་གསོ་གཏོང་བྱེད་དགོས་མཁོ་དང་། བེད་སྤྱོད་ཡོད་པ་ཏན་ཏན་ཡིན་པས་ཡིད་ཆེས་བྱས་ན་འགྲིག་གི་ཡོད། སྐྱེ་བ་སྔ་ཕྱི་ཡོད་མེད་དང་། དགེ་སྡིག་ངོས་འཛིན་བྱེད་ཚུལ་དང་། ལྷ་འདྲེ་སོགས་ནི་འཇིག་རྟེན་སྟེང་གི་མི་རྣམས་སོ་སོའི་སྣང་ཚུལ་ཞིག་ཡིན་པ་རེད། དེ་ཚོ་ཚང་མ་བདེན་མིན་ཐག་གཅོད་སུས་ཀྱང་དབྱེ་འབྱེད་དཀའ། དངོས་གནས་བྱས་ན་འགྲོ་བ་སུ་ལའང་ཕན་པ་བྱེད་མཁན་རིགས་ལ་མི་བཟང་དང་། བདེ་སྐྱིད་སྤྲོད་བྱེད་ཀུན་ལ་དགེ་བ་ཟེར་ན་ཤིན་ཏུ་དགེ། གནོད་པ་བྱེད་མཁན་རིགས་ལ་མི་ངན་དང་། དཀའ་ངལ་སྤྲད་ན་སྡིག་པ་ངོས་འཛིན་གནང་ན་འཐད་པར་མ་ཚད་རིན་ཐང་ཆེ་བའོ། ད་ནི་སྤྱིར་བཏང་སྒོ་ནས་ཆོས་ལུགས་པ་ཡི་མཐོ་རིམ་མི་སྣ་རྣམས་ལ་དཔྱད་ན། ངོ་བོ་སྒོ་ནས་དབྱེ་ན་གསུམ་ཡོད། ཡང་དག་པའི་ཆོས་དཔོན་དང་། ལོག་པའི་ཆོས་དཔོན་དང་། བཏང་སྙོམས་པ་བཅས་གསུམ་མོ། ཆོས་ལུགས་ཁོ་རང་ཡང་དག་ཡིན་མིན་ཇི་ལྟར་ཡང་། དོན་དུ་ཆོས་ལུགས་གང་འདྲ་ཞིག་གི་ནང་དུ་ཡིན་ཡང་རུང་། རྗེས་འབྲང་ཆོས་དཔོན་ཡང་དག་པ་དང་། མ་དག་པ་དང་། བཏང་སྙོམས་གསུམ་ཁ་འདྲེས་ནས་གནས་ཡོད། སྐྱོན་ཡོན་འདྲེས་མར་གནས་པ་དེ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཡིན་པ་རེད། དེ་གསུམ་དབྱེ་འབྱེད་ངེས་པར་དུ་བྱེད་དགོས། ལྷག་པར་ དུ་འགྲོ་བ་མིའི་སྤྱི་ཚོགས་ནང་དུ་ཡང་དག་པའི་ཆོས་དཔོན་དང་། མ་དག་པའི་ཆོས་དཔོན་གཉིས་ཀྱི་དབྱེ་མཚམས་ཤེས་དགོས་པ་དེ་ནི། གལ་ཆེན་ནང་གི་དོན་ཆེན་ཞིག་རེད། དེ་ཡང་སྐྱེ་བ་སྔ་ཕྱི་ཁས་ལེན་ཡོད་པའི་དབང་དུ་བཏང་སྟེ་བཤད་ན། ཡང་དག་པའི་ཆོས་དཔོན་གྱིས་རང་གཞན་ཚང་མར་དགེ་ལེགས་ཅན་དུ་སྒྱུར་གྱི་ཡོད་པ་དང་། ལོག་པའི་ཆོས་དཔོན་གྱིས་དེ་ལས་ལྡོག་སྟེ་ལོག་ལམ་དུ་འཁྲིད་ནས་འདི་ཕྱི་གཉིས་མེད་བཟོ་གི་ཡོད་པ་རེད། དེ་ཚོར་དབྱེ་འབྱེད་བྱེད་མཁན་མི་རང་ཡིན་པ་མ་གཏོགས་དེ་མིན་གཞན་ཞིག་མེད། འདི་ཚོ་ཤེས་སུ་དགོས་པའི་གནད་དོན་ཞིག་ཡིན་པ་རེད། སྐྱོན་ནམ་ཡང་དག་མིན་པ་དེ་ནི་འཚོ་བའི་ཁྲོད་ཀྱི་བཀག་རྡོ་ཡིན་པ་དང་། ཡོན་ཏན་ཅན་ནམ་ ཡང་དག་དེ་ནི་སྤྱི་ཚོགས་ནང་དུ་ཕན་པའི་མཐུན་རྐྱེན་ཡིན་པ་རེད། དེ་གཉིས་སྤྱི་སྒེར་གཉིས་ཀའི་བདེ་མིན་གྱི་རྩ་དོན་ནམ། གནད་འགག་ཅིག་ཡིན་པར་བརྟེན། ཡང་དག་དེ་ཉིད་དང་དུ་ལེན་པ་དང་། མ་དག་པ་དེ་དོར་ནས་གཏོར་བཅོམ་གཏོང་དགོས་ཀྱི་ཡོད། འདི་གཉིས་བར་གྱི་འདོར་ལེན་དང་། འཇུག་ལྡོག་མ་ནོར་བར་གནང་གལ་ཆེ། བཏང་སྙོམས་ནི་བཏང་སྙོམས་རང་ཡིན་པ་རེད། ཕན་གནོད་གང་ཡང་མེད་པས་སྐབས་སུ་ལབ་གླེང་ཅི་གང་མེད། དང་པོར་ཡང་དག་པའི་ཆོས་དཔོན་དེ་ཡང་བྱེད་ལས་ཐོག་ནས་དབྱེ་ན་གསུམ་ཡོད། སྐྱེས་སྦྱང་གིས་ཤེས་རབ་དཔལ་དུ་འབར་ཞིང་བསླབས་ནས་ཤེས་བྱ་གང་འཚམ་ཐུགས་སུ་ཆུད་པའི་མཁས་དབང་ཁག་ཅིག་དང་། སྒོམ་བྱུང་གིས་ཤེས་རབ་ ཉིད་ལ་བརྟེན་ནས་མཐུ་དང་ནུས་པ་དངོས་སུ་ཡོད་པའི་གྲུབ་པ་ཐོབ་པའི་སྐྱེས་བུ་དང་གཉིས། གཞན་ཕན་གྱི་སྙིང་རྗེས་ཀུན་ནས་བསླངས་ ཏེ་རང་དོན་རྒྱབ་ལ་སྐྱར་ནས་གཞན་དོན་ཁོ་ནར་སྒྲུབ་མཁན་དང་བཅས་གསུམ་ཡོད། ཆོས་གཞུང་ཁག་ལས་བཤད་པ་ལྟར་ན་ཆོས་དཔོན་ ནི། སྐྱེ་འགྲོ་རྣམས་ཀྱིས་སྐྱབས་སུ་བཅོལ་ན་འདི་ཕྱི་གཉིས་ཀའི་སྡུག་བསྔལ་དེ་ལས་སྐྱོབ་ཐུབ་པ་དང་། བདེ་སྐྱིད་སྤྲོད་ཐུབ་མཁན་ཞིག་ཡིན་དགོས་ཀྱི་ཡོད། དེ་ལྟར་མིན་ཚེ་སྐྱབས་སུ་བཅོལ་ཡང་བཅོལ་དགོས་མ་ཆོད་པ་ཡིན། གང་ལྟར་ཆོས་དཔོན་ཟེར་ན་སྐྱོན་ཀུན་ཟད་པ་དང་། ཡོན་ཏན་ཆ་ཚང་ལྡན་པ་ཞིག་དགོས་པར་གསུང་གི་ཡོད་པ་རེད། དེར་བརྟེན་ཤེས་ཡོན་ཚད་དང་ལྡན་ཞིང་མཁས་བཙུན་བཟང་གསུམ་ མངའ་བ། དེ་བཞིན་མི་གཤིས་བཟང་ཞིང་འཇོན་ཐང་ཡོད་པ། སྤྱི་ཚོགས་ཀྱི་ནང་དུ་ཕན་ནུས་ངེས་ཅན་ཐོན་པའི་བཟང་པོའི་སྣེ་འཁྲིད་མཁན་ཞིག་ཡིན་དགོས་པ་རེད། ལྷག་དོན་མི་ཡི་འཚོ་གནས་ཐད་ལ་ཕན་པའི་རིག་གནས་མེད་པའི་ལམ་ནས་ཡོད་པ། ཡོད་པའི་སྒང་ནས་ལེགས་བཅོས། ལེགས་བཅོས་ཐོག་ནས་དར་རྒྱས། དར་རྒྱས་བརྒྱུད་ནས་གོང་འཕེལ་གཏོང་ཐུབ་མཁན་ཞིག་ཡིན་དགོས། དེ་ལྟར་ཤེས་འཇོན་ལྡན་པའི་གོང་གི་ཆོས་དཔོན་དེ་འདྲའི་རིགས་ནི་ང་ཚོའི་འཛམ་གླིང་འདིར་ཇི་ཙམ་ཡོད་པ་དེ་ཙམ་གྱིས་སྤྱི་ཚོགས་ལ་ཕན་ཐོགས་དང་། དགེ་མཚན་ཆེན་པོར་ཡོད་པ་མཐོང་ཆོས་མྱོང་གྱུར་གྱི་ལས་ཤིག་རེད། དོན་དུ་ཆོས་དཔོན་མཚན་ཉིད་ལྡན་པ་དེ་ཚོ་ནི། ཆོས་གཞུང་ཁག་ལས་ བཤད་པ་ལྟར། སྐྱེ་འགྲོ་རྣམས་ཀྱི་སྐྱབས་ཀྱི་མཆོག་དང་། མགོན་གྱི་དམ་པ། དཔུང་གཉེན་བླ་ན་མེད་པ་རེད། དེས་ན་ཁོང་ཚོར་སྐྱེ་བོ་རྣམས་ཀྱིས་དགའ་ཞེན་དང་། གུས་བརྩི་བླ་མེད་ངེས་པར་དུ་ཞུ་གི་ཡོད། ཞུས་ཀྱང་ཆོག་པ་རེད། ཆོག་པའི་རྒྱུ་མཚན་དེ་ཉིད་ང་ཚོ་ཚང་མས་ཁོང་དུ་ཆུད་པར་བྱས་ཏེ། ཀུན་གྱིས་འཛམ་གླིང་སྲིད་ན་དཀོན་པའི་ནོར་བུ་འདོད་འབྱུང་ལྟ་བུར་གཅེས་འཛིན་དང་། བདུད་རྩི་སྨན་ལྟར་ལྟ་ཞིང་གཉེན་བཞིན་བསྟེན་པར་རིགས། གང་ཡིན་ཞེ་ན་དེ་ཚོར་བྱུང་རྒྱལ་མེད་པ་དང་། གནས་ལུགས་ཡོད་པ། རྒྱུ་མཚན་ལྡན་པ། དགོས་མཁོ་ཡོད་པ། དགེ་ཕན་མངའ་བ། རིན་ཐང་ཡོད་པ། རིགས་ཤིང་འཐད་པར་དངོས་གནས་ཡིན་པ་རེད། དཔེར་ན་ཁོང་ཚོར་ཤེས་ཡོན་ལྡན་པས་ཀུན་གྱི་ འགྲོ་ལམ་ཉིན་བཞིན་གསལ། ཐུགས་རྗེ་ཕྱོགས་རིས་མེད་པས་འགྲོ་དོན་མཁའ་དང་མཉམ། སྙིང་རྗེའི་བྱམས་པ་དང་། དགེ་བའི་ནུས་མཐུ་མངོན་སུམ་ཡོད་པས་གཞན་དོན་ཕྲིན་ལས་རྩི་ཤིང་ལྟ་བུར་རྒྱས་ཤིང་ཡོད། དེ་བཞིན་ཀུན་ལ་མི་མཐུན་པ་མེད་ཅིང་སུ་ལའང་ཁྱད་གསོད་མི་བྱེད། མཐོ་དམན་སུ་ལའང་བསུན་བཙེར་དང་། ལུས་དང་ངག་གི་ཡིད་རྒྱ་མི་བསྡམས་པ་མ་ཟད། སུ་ལ་འཚེ་བ་མེད་པས་ཞི་བའི་རང་བཞིན། བརྩེ་བའི་སྙིང་རྗེ་མངའ་བས་གཞན་ཕན་སྒྲུབ་པ། ཤེས་ཡོན་མཁྱེན་སྤྱོད་ལྡན་པས་བབ་ཅོལ་མེད་པ། རང་ལ་དཔའ་སྤོབས་མངའ་བས་གདེང་ཚོད་ཡོད་པ་ཤ་སྟག་ཡིན། ཆོས་དཔོན་དེ་འདྲའི་རིགས་ལ་ཀུན་གྱིས་གོང་དུ་མ་བཀུར་རང་བཀུར་རེད། གང་ལྟར་བྱ་བ་ཆེ་ཕྲའི་སྤྱི་སྒེར་དང་། རང་གཞན་སུ་ལའང་ཕན་ལས་མ་གཏོགས་གནོད་པ་རྩ་ནས་བསྐྱལ་གྱི་མེད། དེར་བརྟེན་དེ་ལ་མི་དགའ་སུ་ལ་དགའ། དེ་ལ་མི་བསྟེན་གང་ལ་བསྟེན། ཁོང་ཚོར་མི་རེ་སུ་ལ་རེ། དེས་ན་ཁོང་ཚོར་དང་འབྲེལ་བའི་གསོལ་འདེབས་དང་། སྨོན་ལམ་གང་ལྟར་བྱས་ཀྱང་ཕན་ཡང་སྲིད། གང་ཡིན་ཞེ་ན་ཁོང་རྣམ་པས་མཛད་པ་གང་འདྲ་གནང་ཡང་ང་ཚོའི་སྤྱི་ཚོགས་ནང་ལ་ཕན་ཐོགས་དང་། དགོས་མཁོ་ཡོད་མེད་བརྟགས་ནས་བྱེད་ཀྱི་རེད། བྱེད་དོན་གང་ཡིན་ཞེ་ན་གཙོ་བོར་རང་ཉིད་གཞན་ལས་ལྷག་པའི་མཛད་རྗེས་ཞོག་ཡག་ཆེད་དང་། ཡང་ན་བཅོས་མིན་གྱིས་སྐྱེ་འགྲོ་ཡོངས་ལ་བྱམས་བརྩེ་ཤིན་ཏུ་ཆེ་བས་ཕན་སེམས་དབང་གིས་ཡིན། ཆོས་དཔོན་དེ་འདྲའི་རིགས་ལ་དད་ལྡན་རྣམ་པས་ཡིད་ཆེས་དང་། སྐྱབས་སུ་སོང་ནས་རེ་འདུན་བཅོལ་ན་དངོས་སུ་ཕན་གྱི་ཡོད། ཁོང་རྣམ་པས་ཕྱག་ལས་དེ་ཚོར་བརྟག་དཔྱད་གནང་ ནས་བྱེད་ཀྱི་ཡོད་པར་བརྟེན། མི་རྣམས་ལུས་སེམས་གང་རུང་ཞིག་ལ་ཕན་ཐོགས་ཡོད་པ་ཏན་ཏན་རེད། ལུས་སེམས་གང་རུང་ཞིག་ལ་ཕན་པར་གྱུར་ན་ཤིན་ཏུ་ལེགས་བྱང་ཅན་གྱི་མཛད་རྗེས་རྨད་དུ་བྱུང་བ་ཡིན། ལེགས་མཛད་དེ་འདྲ་གནང་མཁན་རྣམས་ཀྱིས་འཚོ་བའི་ཁྲོད་དུ་ནམ་ཡང་བསླུ་བ་མི་སྲིད་དེ། དོན་དངོས་འཚོ་བའི་ཁྲོད་དུ་དམངས་ཀྱི་རེ་འདོད་དང་། དགེ་ཕན་ཉིད་ལ་དམིགས་ཏེ་ཕྱག་ལས་གནང་བའི་ཕྱིར། ཁོང་ཚོར་དཔལ་འབྱོར་ཕུལ་ན་དད་རྫས་འཕྲོ་བརླག་མི་འཇུག་པར། རང་གི་ཉེ་འཁོར་དང་། གྲོད་ཁོག་ཁོ་ནའི་ཆེད་དུ་མིན་པར། དད་རྫས་ཕུལ་བ་རྣམས་ཀྱིས་བཤད་སྒྲུབ་ཀྱི་སྡེ་འཛུགས་པ་དང་། ཡང་ན་སློབ་གསོ་ལས་རིགས་ནང་གི་སློབ་གྲྭ་ཁག་དག་དང་། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་འཕྲོད་བསྟེན་ལས་རིགས་དང་། མ་ནུས་པ་དང་ཉམ་ཆུང་གི་རིགས་ལ་རོགས་སྐྱོར་གནང་གི་ཡོད། དེར་བརྟེན་མི་ཚོའི་ཡིད་ཆེས་འཕྲོ་བརླག་དང་། དད་རྫས་ཆུད་ཟོས་སུ་མ་སོང་པ་དངོས་གནས་རེད། གང་ཡིན་ཞེ་ན་རང་གཞན་གཉིས་ཀའི་བདེ་སྐྱིད་དང་། ཞི་བདེའི་རྩ་བ་སྐྲུན་གྱི་ཡོད་པའི་ཕྱིར་དུ་འོ། གོང་དུ་བཤད་པའི་ཆོས་དཔོན་དེ་ཚོས་ནི། སྤྱི་ཚོགས་ནང་ལ་དངོས་སུ་ཕན་ནུས་ཐོན་ཀྱི་ཡོད་པར་སུས་ཀྱང་བསྙོན་དུ་མེད་པ་ཞིག་རེད། མ་ཚད་མི་རྣམས་ཀྱིས་ཀྱང་དངོས་སུ་དགའ་རྒྱུ་ཡོད་པ་དང་། སྤྲོ་ནས་སེམས་ཤུགས་འཕར་བའི་གཞི་དང་། ཡང་སྐྱར་ཡིད་ཆེས་སྐྱེ་འོས་པ་དང་། ཡ་མཚན་དགོས་པ་དང་། ཡིད་འཕྲོག་འགྲོ་བའི་ཕྱག་ལས་བླ་ན་མེད་པ་ཁོ་ནར་ཡིན་པས་ཚང་མས་གུས་བཀུར་དང་། མིག་དཔེ་བལྟས་ཏེ་རྒྱབ་སྐྱོར་དང་། ཆེད་དུ་མཐུན་རྐྱེན་སྦྱར་ཏེ་ངེས་པར་དུ་ཕན་ཚུན་མཉམ་རུབ་བྱེད་དགོས་པ་ཡིན། དོན་དུ་ཕོ་མོའི་ཁྱད་པར་མེད་པར། རྒན་གཞོན་ཆེ་ཆུང་མེད་པར། རིགས་རུས་དབྱེ་བ་མེད་པར་སུ་ཡིས་སྤྱི་ཚོགས་ནང་ལ་ཕན་ན། དེ་ལ་མི་ཚོས་བློ་ཐག་རྦད་ཆོད་བྱས་ཏེ། དཔའ་སྤོབས་ཆེན་པོས་གུས་བརྩི་དང་། དེ་རྗེས་འབྲང་སྟེ་དེ་དང་མཉམ་འབྲེལ་གནང་དགོས། དེ་མིན་གོ་སའི་མིང་རྐྱང་སྐམ་པོ་གཅིག་པུའི་རྗེས་སུ་འབྲང་སྟེ་དེ་ལ་རེ་བ་དང་། བརྩི་ཞིང་བཀུར་ནས་ཡིད་ཆེས་ཞུ་རུ་འོས་པའི་རྒྱུ་མཚན་གང་ཡང་མེད། ཕན་རོགས་བྱས་ན་དགྲ་ཉིད་གཉེན་འགྱུར་དང་། གནོད་ན་གཉེན་ཡང་དགྲ་རུ་འགྱུར་གྱི་ཡོད། དེས་ན་ཕན་པར་གྱུར་ན་དགྲ་ཡང་བསྟེན། གནོད་པར་གྱུར་ན་ལྷ་ཡང་སྤང་བྱ་ཡིན། ཞེས་པ་ལྟར་གྱིས་དོན་དུ་རྔ་རྡུང་ལྟ་བཞིན་གར་འཆམས་རྒྱག་རྒྱུ་ཡིན་པ་རེད། སྨྲ་ཤེས་དོན་གོ་བའི་མི་ཞིག་ཡིན་པའི་ཆ་ནས་རྒྱུ་མཚན་རྗེས་སུ་འབྲང་དགོས་པ་ལས། མིང་དང་གྲགས་པ་གཅིག་པུའི་རྗེས་སུ་འབྲང་ན་དོན་དངོས་ཐོག་ཏུ་རང་གཞན་སུ་ལའང་དགེ་ཕན་གང་ཡང་མེད། མིང་རྐྱང་སྐམ་པོ་ལ་ནི་མིང་རྐྱང་རང་ཡིན་པ་རེད། དེ་ལ་ཇི་ཙམ་རེ་ཡང་དེ་ཙམ་འཇའ་མཚོན་བཞིན་དུ་བར་ཐག་ཇེ་རིང་དང་། རགས་རྒྱུ་དང་ཐོབ་རྒྱུ་ཅི་ཡང་མེད་པར་མཐའ་མཇུག་ཡལ་རྒྱུ་ཞིག་ལས་གཞན་པ་ཅི་ཡང་མེད། ང་ཚོས་གནོ་བསམ་ཞིབ་ཏུ་བཞེས་ཏེ་འཛམ་གླིང་སྤྱི་དང་རང་གི་ཉེ་ཁོར་འདི་ཚོ་གསོན་ཞིང་འཚོ་གནས་ཡོང་བའི་སླད་དུ་དངོས་སུ་ལག་ལེན་བསྟར་ནས་འབད་བརྩོན་དང་། ཐབས་ཤེས་གང་དྲག་བྱས་ཏེ་རང་གཞན་ཚང་མར་བདེ་སྐྱིད་སྐྲུན་ན་དགེ། དེ་ནི་ང་ཚོའི་སྣོད་བཅུད་ཡུན་གནས་ཡོང་བའི་འགན་རྩ་མཐོང་རྒྱུ་དང་། རིག་རྒྱུ་ཡོད་པ་དངོས་གནས་ཞིག་ཏུ་ཡིན། དེ་མིན་སྟོང་བསམ་ཁོ་ནས་རེ་སྨོན་ཇི་ལྟར་བྱས་ཀྱང་བྱ་བ་གང་ཡང་འགྲུབ་རྒྱུ་མེད་པ་དངོས་པོའི་གནས་ཚུལ་ཞིག་ཡིན་པ་རེད། གནས་ཚུལ་འདི་འདྲའི་རིགས་ལ་ཐུགས་བསམ་བཞེས་ཏེ། འཚོ་བའི་ཁྲོད་དུ་ཕྱག་ལས་གནང་ན་དངོས་སུ་དགེ་ཕན་ཤིན་ཏུ་ཆེ་གི་ཡོད། མཚན་ཉིད་ལྡན་པའི་ཆོས་དཔོན་ཟེར་ན། ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ། མཁས་བཙུན་བཟང་གསུམ་ལྡན་པའམ་ཤེས་མཁན་ཞིག་དགོས་པ་ཡིན། དེ་ལྟར་ཆོས་དཔོན་ཟེར་ན་བཤེས་གཉེན་ཞི་ཞིང་དུལ་བ་ཞིག་ཀྱང་དགོས་ཀྱི་ཡོད་པ་གཞིར་བཞག་རེད། དེ་མིན་གལ་ སྲིད་ངན་གཤིས་དང་། རང་འདོད། རང་སྣང་། རང་མཐོ། ང་རྒྱལ། ཁོང་ཁྲོ། སྡུག་ངར། སྡུག་རྩུབ། འདོད་རྔམ། འགྲན་སེམས་ལ་སོགས་དེ་འདྲ་ཡོད་པའི་ན། མི་ཡིས་གོང་དུ་བཀུར་རྒྱུ་ལྟ་ཅི། འཇིག་རྟེན་སྐྱེ་བོ་དཀྱུས་མ་ཞིག་ལས་ཐབས་སྐྱོ་བ་དང་། མ་ཚད་ཤིན་ཏུ་མི་ཐ་ཆད་དམ་ཐ་ཤལ་གྱི་གྲལ་དུ་ལྷུང་བ་མ་ཡིན་ནམ། ཡིན་པ་རེད། ཁ་ཅིག་ད་དུང་འདོད་ཆགས་བྱ་ལས་ཆེ། ཞེ་སྡང་མེ་ལས་ཚ། རང་སྣང་དགུང་ལས་མཐོ། རང་རྒྱུད་ཚེར་ལས་བརྩུབ། མཐོ་འདོད་ར་ལས་ཆེ། གཏུམ་སྤྱོད་ཐོག་ལས་ཚ། གཡོ་སྒྱུ་ཆུ་ལས་རིང་། མཁྲེགས་འཛིན་བྲག་ལས་སྲ། འཁྱམ་ཉུལ་ཁྱི་ལས་མང་། དམངས་སེམས་རྡུལ་ལས་ཆུང་། ཕྱི་ཚུལ་འཇའ་ལས་མཛེས། ནང་ཚུལ་ལུད་ལས་བཙོག་གི་ཡོད། དེ་བཞིན་གཏི་མུག་མུན་ལྟར་འཐིབས། འདོད་རྔམ་མེ་ལྟར་འབར། ཕྲག་དོག་རླུང་ལྟར་འཚུབས། ཁོང་འཛིན་ཁྲོ་ལྟར་མཁྲེགས། རང་གཤིས་ར་ལྟར་གྱོང་། ངན་ལང་ཤིང་ལྟར་རེངས། འུད་བརྗོད་འབྲུག་ལྟར་སྒྲོག ཕྱོགས་ཞེན་སྤྲིན་ལྟར་གཡོ་གི་ཡོད་པ་རེད། དེ་འདྲའི་རིགས་ནི་སྐྱེ་བོ་ཀུན་གྱིས་དུག་ལྟར་འཛེམ་ཞིང་ལུད་ལྟར་འདོར་བར་རིགས། ད་དུང་ཆོས་དཔོན་རློམ་པ་འགའ་ཤས་ཞིག་གིས་རང་ལ་ཤེས་བྱ་ཡོན་ཏན་སྣེ་གཅིག་མེད་པ་ལ། ཡོད་ མདོག་སྟོན་ཏེ་མིང་དང་གོ་ས་ཆེན་པོ་ཁུར་ཞིང་རང་ཉིད་ཀྱི་གྲོད་ཁོག་ཁོ་ནའི་དོན་དུ་དཔལ་འབྱོར་དང་། ནུས་ཤུགས་དེ་ཉིད་བརྟན་པོར་ ཡོང་བའི་ཆེད་དུ་དམིགས་ཏེ། མི་དྲག་ཕན་ཚུལ་བར་དུ་འབྲེལ་བར་བཙུགས་ནས་ཁོ་ཚོ་གཅིག་གིས་གཅིག་ལ་རྒྱབ་སྐྱོར་དང་། ལག་འབྲེལ་བྱེད་ནས་མི་དམངས་རྣམས་ཀྱི་མགོ་བོ་གདུགས་ལྟར་སྐོར་ཏེ། སྟེང་ནས་འདམ་ལྟར་རྫི། འོག་ནས་འབུ་བཞིན་ཟ། བར་ནས་སྤྱང་ལྟར་འཇབ་ ཀྱི་ཡོད་པ་རེད། ད་དུང་འཇིག་རྟེན་ཐོག་གི་མི་ཡི་ཀུན་སྤྱོད་འགའ་རེ་གཞན་ལ་དུག་ལྟར་འཛེམ་དགོས་ཟེར་ནས་རང་གིས་སྨན་བཞིན་སྟེན་ གྱི་ཡོད། ཁོང་ཚོར་ནུས་པ་ཁྱད་པར་བ་ཞིག་སྟོན་རྒྱུ་ཡོད་པའི་དབང་དུ་བཏང་ན་སྲིད། དེ་མིན་གཡོ་སྒྱུའི་ཐབས་ཇུས་ཅི་འདྲ་ཞིག་རེད་ཨང་། མ་ཚད་རང་ཉིད་ཀྱི་ཐོབ་དང་གོ་སའི་ཆེད་དུ་དངོས་ཤུགས་བརྒྱུད་ནས། ངོ་ལྐོག་གཉིས་ཀར་ཕྱག་ལས་གང་ཡང་འཛེམ་གཟོན་སྣེ་གཅིག་མེད་པར་མི་སྤྱོད་ལས་འདས་པའི་སྤྱོད་ངན་དང་། མི་ཆོས་ལས་འདས་པའི་ལུགས་སྲོལ་འདྲ་མིན་མང་པོ་ཞིག་བྱེད་ཀྱི་ཡོད། དེ་ཚོར་སུ་ཡིས་ མཐོང་ཐོས་དྲན་རེག་བྱུང་བ་ཙམ་གྱིས་ཧང་སང་འགྲོ་བ་དང་། ཧོན་ཡང་འཐོར་གྱི་ཡོད་པ་རེད། ཡིན་ན་ཡང་དེ་ཚོར་ཁོང་ཚོས་འགྲེལ་བཤད་འདྲ་མིན་སྐྱོང་ནས་མི་རྣམས་ཕལ་ཆེར་རྨོངས་སུ་བཅུག་གི་ཡོད། དེ་ཡང་གཞན་ཕན་གྱི་སྙིང་རྗེ་སྣེ་གཅིག་མེད་པར་རྩ་རླུང་གིས་ ནུས་པ་ཁོ་ནས་མིག་འཕྲུལ་སྟོན་པ་དང་། རྫས་ཀྱི་སྡེབ་སྦྱོར་ནུས་པས་སྒྱུ་མར་སྤྲུལ་པ་དང་། ངན་སྔགས་ཀྱི་ནུས་པས་སྲིན་བུའི་རིགས་ རྣམས་འཆོས་པ་དང་། ཡང་ན་མགོ་སྐོར་གྱི་རིག་པས་ཁ་ལྕེ་བདེ་མོར་བཤད་ནས་བདེན་མིན་ཐག་གཅོད་མི་ཐུབ་པའི་གཏན་ཚིགས་ལྟར་ སྣང་ཁ་ཤས་བགྲངས་ཏེ། རང་རེའི་སྟོན་པའི་གཏན་ཚིགས་འདི་ཉིད་ཚད་མར་ཡིན་པ་མ་གཏོགས། དེ་མིན་གཞན་གྱི་ལྟ་གྲུབ་ཚང་མར་ལོག་ལྟ་ཡིན་པ་སྒྲོག་ཅིང་རང་ལྟ་མཆོག་ཏུ་འཛིན། གཞན་གྱི་ལྟ་གྲུབ་ཡོད་པའི་ཡིག་ཆ་དག་དང་། རིག་པ་གསར་བའི་སློབ་དེབ་བཅས་ལ་བལྟ་ ཀློག་བྱེད་ན་ངན་སྨྲ་དང་། མི་འདོད་པས་ཟུར་ཟ་གནང་ནས་བཀག་འགོག་ཅི་ཐུབ་བྱེད། དེ་བཞིན་མི་རྣམས་ཀུན་ལ་ཐ་སྙད་རིག་པའི་ཐད་ ལ་སློབ་ལས་ནམ་ཡང་འཇུག་ཏུ་མི་རུང་ཟེར། མ་ཚད་ཚན་རིག་གིས་ལམ་ནས་ཕྱུག་སྒྱུར་རིག་པར་སློབ་སྦྱོང་ཇི་ལྟར་བྱས་ཀྱང་རུང་། ཚེ་ འདིའི་དཔལ་ཡོན་ཙམ་ལས་འཆི་དུས་ཕན་ཐོགས་ཅི་ཡང་མེད་པ་དང་། ཐོད་བརྒལ་སོགས་ཀྱིས་རྟོག་དཔྱོད་ཅི་འདྲ་བྱས་རུང་ཕྱི་མར་ཕན་ འབྲས་གང་ཡང་དེ་བས་མེད་པར་བཤད་ཀྱི་ཡོད་པ་རེད། གང་ལྟར་ཚེ་འདིར་འདོད་ཆུང་ཆོག་ཤེས་ངང་དུ་འདུག་ཚུགས་བཟུང་དགོས་པ་ ལས། དེ་མིན་རང་རང་སོ་སོས་ནུས་པ་དེ་ཉིད་སླར་གསོ་དང་། གོང་འཕེལ་ཇི་ལྟར་བཏང་བར་གྱུར་ན་ཡང་། མི་ཚེ་འདི་ལ་ཆེ་གེ་མོ་དང་ ནམ་ཡང་མཉམ་རྒྱུ་མེད་པར། དེ་བས་རང་ཉིད་ཆེ་གེ་མོའི་འོག་ཏུ་འདུག་ན་འདི་ཕྱི་གཉིས་ཀར་དགེ་ཕན་ཆེ་བར་གདམས། ཆོས་ཀྱི་ལྟ་ གྲུབ་དང་། ཆོས་དཔོན་རྣམ་པའི་ཀུན་སྤྱོད་བཅས་ལ་གང་འདྲ་གནང་ཡང་དད་མོས་བྱེད་དགོས་ཟེར། དེ་ལྟར་མ་བྱས་ན། ཉེས་པ་འབྱུང་གི་ ཡོད་པར་གསུང་། དེ་ལྟར་གསུང་དགོས་པའི་རྒྱུ་མཚན་ནི། གདོད་མའི་ལྟ་ཚུལ་དང་། ཁོང་ཚོའི་སྤྱོད་ལམ་ནོར་འཁྲུལ་དེ་ཚོར་དམངས་ཀྱི་ མཐོང་པའི་ན། ཁོང་ཚོ་ལ་དད་གུས་བྱེད་ཀྱི་མ་རེད་སྙམ་པའི་ཞེད་སྣང་དབང་གིས་ཡིན་པ་རེད། དེ་ཡང་གནད་དོན་གལ་ཆེན་ཡིན་པ་ཤེས་ ནས་དེ་འདྲའི་ལྟ་སྤྱོད་སྲོལ་བཏོད་གནང་ཡོད། གང་ལྟར་ཆོས་དཔོན་ཁོང་ཚོར་མི་ཚོས་བརྩི་བཀུར་ཐོབ་པའི་ཆེད་དུ་བཟོས་པའི་གཏན་ ཚིགས་ཤིག་རེད། དེ་ཉིད་སྡོམ་ཚིག་རྒྱབ་ན་ཉམ་ཆུང་ནུས་མེད་ངང་ནས་ཁོ་ཚོའི་འོག་ཏུ་འདུག་སྟེ་འདོད་ཆུང་ཆོག་ཤེས་དང་། དོན་དུ་བླུན་ དད་དགོས་པའི་ལམ་སྟོན་གནང་གི་ཡོད་པ་རེད། དེ་ནི་མི་རྣམས་གཙོ་བོར་ཁོ་ཚོའི་ཞབས་སུ་འདུག་པའི་ཆེད་དང་། ཡང་ན་རང་ངམ་རང་ གི་ལྟ་གྲུབ་དེ་ཉིད་ནོར་སྐྱོན་ཡོད་རིགས་རྣམས། མཐིལ་དུ་དོན་གྱི་རེད་སྙམ་པའི་ཞེད་སྣང་དབང་གིས་ཡིན་པ་རེད། དེ་མིན་གང་ཡང་མ་ རེད། དེ་ལྟར་བྱས་རྐྱེན་ཆོས་ལུགས་ཕལ་ཆེར་རྨོངས་དད་ལྟ་བུར་གྱུར་ཡོད། ཡང་ཁ་ཅིག་གིས་རང་ལ་སྐྱེས་སྦྱངས་ཀྱི་ཡོན་ཏན་དབེན་པར་ བརྟེན། གྲུབ་རྫུན་སྟོན་ཏེ་ཐོ་ཅོ་དང་། གཟུ་ལུམ་མང་པོ་བྱེད་ནས་རང་དོན་སྒྲུབ་ཀྱི་ཡོད། འགའ་རེས་ཆོས་སམ་བསྟན་པའི་དོན་དུ་ཕ་རོལ་པོ་ དེ་གསོད་པ་དང་། ཡང་ན་རང་གི་ཚེ་སྲོག་ཤོར་བ་དང་། དེ་མིན་ཤ་རུས་ཁྲག་གིས་མཆོད་སྦྱིན་བྱེད་ནས་དེ་ཉིད་དགེ་ཆོས་ཡང་དག་ཡིན་ པར་རློམ་མཁན་ཡོད། དེ་ནི་འཇིག་རྟེན་འདི་རུ་མི་སྲིད་པ་དེ་སྲིད་པ་དང་། མི་ཆོག་པ་ཉིད་ཆོག་པའི་དབང་གིས་ཡིན་པ་རེད། གང་ལྟར་དེ་ ཉིད་འགྲེལ་བ་རྒྱག་སྟངས་ཞིག་གིས་ཁྱད་པར་ཡིན། ཆོས་དཔོན་ལ་ལས་འགྲོ་བ་མི་ཡི་ལྷན་སྐྱེས་དང་། སྐྱེ་སྒོ་བཀག་ནས་དེ་ལ་དགེ་བ་ཡིན་ པར་འཛིན། སོ་སོའི་འདོད་པ་ཡོད་མེད་ལ་མི་ལྟོས་པར། མི་རྣམས་ཚངས་སྤྱོད་དང་། དཀའ་ཐུབ་བྱེད་དགོས་ཟེར་ནས་ཟས་གོས་ངན་ངོ་ དང་། ལྟོག་སྐོམ་ཚ་གྲང་ཆེད་དུ་སྒོམ་དུ་བཅུགས་ཏེ་མི་ཡི་ཚེ་སྲོག་ལའང་ཉེན་ཁ་བཟོ་གི་ཡོད། བྲན་གཡོག་བཀོལ་ནས་གླ་ཡང་སྟེར་གྱི་མེད། དེ་ཚོར་ལུགས་དང་མཐུན་པའི་དགེ་བ་ཡིན་པར་གསུངས། དེ་ལྟར་བཤད་མཁན་རྣམ་པས་ཤོད། ཉན་མཁན་རྣམ་པས་ཉན་གྱིན་ཡོད། དེ་ ཚོར་ཞིབ་ཏུ་བསམ་བློ་བཏང་ན་དགེ་སྡིག་གང་གི་ཕྱོགས་སུ་གཏོགས་མིན་སུས་ཀྱང་བཤད་དུ་དཀའ། གང་ལྟར་གདོད་མའི་ཆོས་དཔོན་སོ་ སོས་ངོས་འཛིན་བྱེད་སྟངས་དང་། འགྲེལ་བཤད་སྐྱོང་སྟངས་ཤིག་གིས་ཁྱད་པར་རེད། དེང་དུས་སྤྱི་ཚོགས་ནང་ལ་དེ་ཚོར་ཡིད་ཆེས་བྱེད་ མཁན་དང་། རྟོག་དཔྱོད་བྱེད་མཁན་འདྲེས་མར་འབྱུང་གི་ཡོད་པ་རེད། དེ་ཚོ་དགེ་སྡིག་ཇི་ལྟར་ཡིན་རུང་མདོར་ན་ཆོས་དང་ཆོས་དཔོན་ གཉིས་ཀས་སྐྱེ་འགྲོ་རྣམས་ལ་བདེ་བ་སྤྲོད་དགོས་ཀྱི་ཡོད་པ་མ་གཏོགས། སྡུག་ལ་སྦྱར་ན་རྩ་ནས་མི་འོས་པ་དང་། མི་འཚམས་པ་ཞིག་ཡིན་ པ་རེད། ཁ་ཅིག་ད་དུང་མནོ་བསམ་ཞིབ་ཏུ་མི་གཏོང་པར། ད་དུས་འཚོ་བའི་ཁྲོད་དུ་ཕན་ཐོགས་སྣེ་གཅིག་མེད་ཀྱང་འཆི་བའི་རྗེས་སུ་ ཕན་བདེ་སྐྲུན་པར་རློམ་གྱི་ཡོད། དེ་ནི་གདོད་མའི་ཆོས་དཔོན་རྣམ་པས་སོ་སོའི་ཁེ་སང་དང་། མི་ཡི་འདུ་ཤེས་སྟངས་འཛིན་བྱེད་པའི་ཆེད་ དུ་བཟོས་པའི་བཤད་སྲོལ་ཞིག་དང་། འདྲ་མཉམ་མིན་པའི་བྲན་གཡོག་གི་འདུ་ཤེས་ཐོག་ཏུ་སྲོལ་བཏོད་གནང་བའི་སྔོན་གྱི་བག་ཆགས་རྙིང་ པ་དེ་རང་ཡིན་པ་རེད། དེ་ལ་འདི་ལྟར་ཟེར་ན། དེ་དང་མཚུངས་པའི་བཤད་སྲོལ་ཁ་ཤས་ཤིག དྲང་པོ་མིན་པའི་གཡོ་སྒྱུ་འབའ་ཞིག་སྟེ། སྔོན་གྱི་གཞུང་ལུགས་རྩོམ་མཁན་ཕལ་ཆེ་བ། ཆོས་དཔོན་ཡིན་པས་ཁོ་ཚོའི་ཆེད་དུ་བྲིས། ཞེ་ན་ཇི་ལྟར་སྨྲ། དེ་ཚོ་ནི་དེང་དུས་ཀྱི་སྤྱི་ཚོགས་ སྤྱི་དང་། ཡུལ་དུས་ཀྱི་འགྱུར་འགྲོས་བཅས་ལ་བསྟུན་ན་འཚམ་པོ་ཞིག་གཏན་ནས་མེད་པ་རེད། དེ་ལ་དོན་དངོས་ཐོག་ཏུ་བསམ་བློ་ ཞིབ་ ཏུ་བཏང་ན་རང་གཞན་ཚང་མར་གསོན་པོའི་དུས་སུ་རང་དབང་ཡོད་པས་ཕན་ཚུན་གཅིག་གིས་གཅིག་ལ་ཕན་རོགས་ཡོད་ན། དེ་ནི་ འཚོ་བའི་ཁྲོད་དུ་ཧ་ཅང་དགའ་འོས་པའི་བྱ་བ་ཞིག་དང་། མི་ཆོས་དང་མཐུན་པ་ཞིག་ཀྱང་ཡིན་པ་སུ་ཡིས་བསྙོན་དུ་མེད་པའི་མངོན་སུམ་ ཚད་མར་ཡིན་པ་རེད། དེ་མིན་ལྐོག་ཏུ་ཕན་གྱི་ཡོད་པ་དང་། ཡང་ན་འབྱུང་འགྱུར་ཞིག་ལ་ཕན་པ་འམ། ཡང་ན་འཆི་བའི་རྗེས་སུ་ཁོ་ནར་ཕན་ཐོགས་ཡོད་པ་གཅིག་པུར་འཛིན་ན། འཇིག་རྟེན་གྱི་དཔེ་ལྟར། མི་ཤི་སྒུག་བསོད་ནམས་ཟད་སྒུག་ཟེར་བ་ལྟར་བྱེད་ན་ཤིན་ཏུ་ཐབས་སྡུག་ཤིག་གིས་བྱེད་ལས་ཤིག་མ་ ཡིན་ནམ་ཡིན་པ་རེད། ཤི་བའི་རྗེས་སུ་ཇི་འདྲ་ཡོད་མིན་ཤིན་ཏུ་ལས་ཀྱང་ལྐོག་གྱུར་ཡིན་པས་ན། ལྐོག་གྱུར་གྱི་ཆོས་དེ་སུས་ཀྱང་མངོན་ འགྱུར་བྱེད་མི་ཐུབ། དངོས་ལྐོག་གཉིས་ཀྱི་དངོས་པོའི་གནས་ཚུལ་ལམ། རང་བཞིན་དེ་ལ་སུས་ཀྱང་བསྒྱུར་བཅོས་བྱེད་རྒྱུ་མེད། དེར་བརྟེན་ ཤེས་པའི་རྒྱུན་དེ་ཡོད་ཀྱང་སུ་ཡིས་སུ་ལ་ཕན་ཐོགས་ཐུབ་མིན་བཤད་དུ་དཀའ། སྐྱེ་བ་སྔ་ཕྱི་ཡོད་པའི་དབང་དུ་བཏང་སྟེ་བཤད་ན་འཆི་རྗེས་ ཕན་རོགས་ཐུབ་ན་ད་ལྟར་དེ་བས་ལྟ་ཅི་དགོས། དོན་དུ་དང་པོར་མི་རྣམས་ཚེ་འདིའི་ཕན་བདེ་བསྐྲུན། དེ་ནས་ཕྱི་མར་བདེ་སྐྱིད་སྤྲོད་དགོས་ ཟེར་གྱི་ཡོད་པ་ཡིན། དང་པོར་རང་གཞན་ཚང་མའི་འཚོ་གནས་ཐད་ལ་དངོས་སུ་ཕན་ན། ད་གཟོད་གཞི་ནས་རྗེས་མའི་ལྐོག་ཏུའམ། ཡང་ ན་རྒྱབ་ལ་ཕན་ཐོགས་ཡོད་ཀྱང་སྲིད། དེ་མིན་ད་ལྟ་དངོས་སུ་འཚོ་བའི་ཁྲོད་དུ་ཕན་ཐོགས་སྣེ་གཅིག་མེད་པར་འབྱུང་འགྱུར་ཞིག་ལ་ཕན་ པར་ཇི་ལྟར་ཡོང་ཐུབ། འདི་ཚོའི་ཐད་དུ་ཐུགས་བསམ་ཞིབ་ཏུ་མ་བཏང་ན། མི་ཁ་ཅིག་རྟག་པར་ལྷ་གྲལ་ཡིན་ཤག་དང་། ཁ་ཅིག་ཁྱི་གྲལ་ལ་ འདུག་དགོས་བྱུང་གི་ཡོད་པ་རེད། མ་ཚད་སྤྱི་ཚོགས་ནང་དུ་གྱོང་གུན་དང་། བཀག་རྡོ་འཕྲད་ཀྱི་ཡོད་པས་གནད་དོན་འདི་ཚོར་ངེས་པར་ བརྟག་དཔྱད་དང་། ཞིབ་འཇུག་དཔྱིས་ཕྱིན་པ་ཞིག་བྱེད་དགོས་པ་དེ་ནི་གནད་ཀྱི་དམ་པ་ཞིག་ཡིན་པ་རེད། དེ་མིན་ཅི་མཛད་ལེགས་མཐོང་ ལྟ་བུར་བྱེད་ན་ནི། མི་རྣམས་འདྲ་མཉམ་མིན་པའི་བྲན་གཤིས་ལམ་ལུགས་དེ་ལས་ནམ་ཡང་ཐར་མི་ཐུབ། དེ་ལ་ཁ་ཅིག་གིས་ལས་ལ་ཁག་ དཀྲི་བྱེད་ཀྱི་ཡོད། དེ་ནི་རང་གི་ནུས་པ་དེ་ཉིད་ཉམས་དམན་གཏོང་བའི་ཐབས་སམ་གོམས་གཤིས་ངན་པ་ཞིག་ཏུ་ངེས། འོན་ཀྱང་སྐབས་ འགར་ལས་ཀྱིས་མི་རྣམས་སེམས་གསོ་གང་འཚམ་གཏོང་ཐུབ་ཀྱི་ཡོད། དཔེར་ན་རང་གི་ནུས་པས་མ་འདང་ས་ལ་སྔོན་གྱི་ལས་རེད་ཟེར་ ནས་རང་གཞན་སུ་ལ་སེམས་གསོ་བྱེད་ཀྱི་ཡོད། དེ་ལ་ཡིད་ཆེས་བྱས་ན་སེམས་ཀྱི་དཀའ་ངལ་གང་འཚམ་ཉུང་དུ་གཏོང་ཐུབ་ཀྱི་ཡོད་པ་རེད། དེ་ཡང་དགོས་མཁོ་ཞིག་དང་བེད་སྤྱོད་ཅིག་ཡིན་པ་རེད། དེར་བརྟེན་སྐྱེ་བོ་འགའ་རེས་ཡག་པོ་བྱུང་ན་ཆེ་གེ་མོ་ཞིག་གིས་བཀའ་དྲིན་ ཡིན་ཚུལ་དང་། སྡུག་པོར་བྱུང་ན་ལས་ལ་ཁག་དཀྲི་བྱེད་ཀྱི་ཡོད། དྲང་པོར་བཤད་ན་དེ་ཡང་རྒྱུ་མཚན་ཡོད་མེད་དཔྱད་པའི་གཞི་ཞིག་རེད། ཆོས་ལུགས་ཕལ་མོ་ཆེ་ནི་གནའ་དུས་ཀྱི་མིའི་བསམ་བློའི་འདུ་ཤེས་འཛིན་སྟངས་དེ་ལ་བརྟེན་ནས་བྱུང་བ་དེ་འདྲ་ཡིན་དུས། གཙོ་བོ་ཞིག་ གིས་རོགས་པ་བྱེད་པ་དང་། ལས་ཀྱིས་བཀོད་སྒྲིག་བྱེད་ཀྱི་ཡོད་པའི་འདོད་ཚུལ་དེ། ད་དུས་ཐུགས་བསམ་ཅུང་ཞིག་བཞེས་དགོས་པའི་དུས་ ལ་སླེབས་ཡོད། སྔོན་གྱི་དུས་དང་ད་དུས་མིའི་བསམ་བློའི་བར་ལ་ཧེ་བག་ཆེན་པོ་ཡོད་པར་བརྟེན། ད་དུས་དེང་སང་མིའི་བསམ་བློའི་འགྱུར་ ལྡོག་དང་བསྟུན་དགོས་ཀྱི་ཡོད་པ་རེད། དེར་བརྟེན་ལུགས་རྙིང་དེ་རྣམས་ལེགས་བཅོས་དང་། སྣོན་འཕྲི་གང་འཚམ་དགོས་པ་སྨོས་མེད་ཅིག་ ཡིན་པར་མཁས་དབང་རྣམ་པས་གསུངས་པ་ལྟར་རེད། དཔེར་ན་ཆོས་ཀྱི་ལམ་ལུགས་ནང་གི་ཡང་སྲིད་གསང་འཚོལ་བྱེད་པའི་ལམ་ལུགས་ དེ་ཡང་། ད་ལྟར་ཡོངས་གྲགས་སུ་མི་རྒྱུའི་ཆེད་དུ་རྩོད་ལེན་བྱེད་པའི་ལོ་རྒྱུས་གསར་པ་ཞིག་གི་ལམ་དུ་ཞུགས་ཟིན་པ་རེད། དེ་མིན་མ་རྩ་ རིང་ལུགས་སམ། ཕ་ཤུལ་བུ་འཛིན་བྱེད་པའི་སྲོལ་རྙིང་དེ་ཡང་ད་དུང་འགྱུར་བ་མི་གཏོང་པར། ཨུ་ཚུགས་མིག་འཚུམ་བྱེད་ནས་ཤུལ་འཛིན་ གང་ཐུབ་ཡོང་བའི་རེ་སྨོན་དང་། བུ་སྤུན་བར་ལ་རྩོད་ཅིང་འཐབ་པའི་ལམ་དུ་འཇུག་བཞིན་ཡོད། མི་རྒྱུད་རིང་ལུགས་དང་། ཡང་སྲིད་རིང་ ལུགས་གཉིས་ཀ་དུམ་བུར་ཆད་ནས་ཉིས་ལྡབ་སུམ་ལྡབ་འབྱུང་བཞིན་ཡོད་པ་རེད། ཁོང་ཚོར་སྐུ་གསུང་ཐུགས་སྤྲུལ་ཡང་སྲིད་ཟེར་ནས་ མིང་མང་པོ་འདོགས་དགོས་བྱུང་བར་མངོན། དེ་དང་མཉམ་དུ་ཚོགས་སྡེའང་དུམ་བུར་དུམ་བུར་རིས་སུ་ཆད་ནས་འཐོར་ཞིག་འགྲོ་གི་ཡོད། ཁོ་ཚོའི་གནད་དོན་དེ་ཚོ་ཤེས་ཡོན་ཅན་དང་། གོ་རྟོགས་ཡོད་པའི་དམངས་ཀྱི་རེ་འདོད་ལྟར། འཐུས་ཚང་ཅན་དུ་འགྱུར་བ་ཕྱིན་ཏེ། རྩོད་པ་མེད་པའི་ཞི་བདེ་དང་། དཀའ་རྙོག་མེད་པའི་ལྷིང་འཇག་ག་དུས་ཡོང་ཐུབ་ཀྱི་རེད། མི་རྣམས་ གོ་རྟོགས་སད་ཅིང་ཤེས་རྨོངས་གཡང་ལས་ཡོངས་སུ་ཐར་ན། རྩོད་གླེང་ཡོངས་རྫོགས་རང་བཞིན་མེད་པར་འགྲོ་རྒྱུ་རེད། རྩོད་གླེང་དེ་ཚོར་ མཐར་གཏུགས་ན་དཔལ་འབྱོར་དོན་དུ་ཡིན་པ་དང་། དེ་ཡང་མཐའ་ལ་གཏུགས་ནས་བཤད་ན་གྲོད་ཁོག་ཁོ་ནའི་ཆེད་དུ་ཡིན་པ་རེད། གྲོད་ཁོག་ལ་ནི་གྲོད་ཁོག་རང་ཡིན་པ་རེད། མི་གཙང་བའི་རྐྱལ་བ་འབའ་ཞིག་ཡིན་པས་དེ་ཡི་ཆེད་དུ་བྱས་པའི་འབྲས་བུ་དེ་ཡང་མི་གཙང་ བ་ཁོ་ནར་ངེས་ཀྱི་ཡོད། དེ་བཞིན་རང་ཉིད་ཆེན་པོར་རློམ་པ་རེ་ཟུང་ཞིག་གི་ཉེས་ཕྱོགས་ཅུང་ཞིག་གླེང་ན། རང་ལ་དཔལ་འབྱོར་གང་ འཚམ་ཐོབ་པའི་དུས་སུ་རང་གི་ནང་ཚང་ཉེ་འཁོར་དང་། དགའ་ཕྱོགས་ཁོ་ནའི་ཆེད་དུ་དད་རྫས་འཕོ་གཏོར་གཏོང་བ་དང་། སྤྱི་ཚོགས་ ནང་ལ་འདོད་རྔམ་ཅན་གྱི་མི་སྣ་བཞིན་དུ་སྤྲོས་ཆས་དང་། རང་ལ་མཁོ་རྒུས་རྒྱས་བསྐྲུན་བྱེད་ནས་དམངས་ལ་རྫིག་མདོག་གཏོང་གི་ཡོད། དེ་མིན་ཆོས་སྲིད་གང་ལའང་ཕན་པའི་བྱ་བ་སྣེ་གཅིག་བྱེད་ཀྱི་མེད་པ་རེད། མ་ཚད་ཆོས་དཔོན་ཆོས་ཀྱི་གོ་སར་མི་གནས་པར། བསྟན་པ་སྤྱི་ལ་བསམ་བློ་མི་གཏོང་པར། སོ་སོའི་སྒེར་དོན་ཁོ་ནའི་ཆེད་དུ་མངོན་ཤུགས་བརྒྱུད་ནས་མི་ཚོར་མགོ་སྐོར་གང་ཐུབ་དང་། བསླུ་བྲིད་ཅི་ཐུབ་གཏོང་ནས་གཉའ་གནོན་དང་། དབང་ཡོད་བྱེད་ནས་བཤུ་གཞོག་གཏོང་ཞིང་། རང་ཉིད་ཀྱི་ཁེ་ཕན་དང་། འདོད་ ཕྱོགས་མ་གཏོགས་གཞན་ལ་ཐུགས་བསམ་རྩ་ནས་མི་བཞེས་པར། རང་གི་སྒེར་ཕན་ཆུང་ངུ་ཞིག་གིས་དོན་དུ་སྤྱི་ཚོགས་དཀར་འཇམ་ཡུག་ གཅིག་ཏུ་གནས་པའི་སྐབས་སུ་དུམ་བུ་གཉིས་སུ་བགོ་བ་དང་། ཡང་ན་ཕྱི་དགྲ་འབྲེལ་བ་བྱེད་བཞིན་ནང་དུ་འཁྲིད་པ་དང་། ལྕེ་གཉིས་བརྐྱང་ཞིང་མགོ་གཉིས་འཁྲབ་སྟེ་རྐང་པ་གཉིས་བཙུགས་བྱེད། མིན་ན་ཚོགས་སྡེའི་ནང་དུ་ཆིག་སྒྲིལ་གཏོར་བཤིག་གཏོང་བའི་རྩ་བར་ནང་ཁུལ་ ཕན་ཚུན་ཕྱོགས་རིས་བྱེད་དུ་བཅུགས་པ་དང་། མི་ངོ་མཐོ་དམན་བྱས་ཏེ་མཐོ་ལ་དགའ་ཞིང་དམའ་ལ་སྡང་ནས་ལྐོག་ཟ་རུལ་སུངས་ཆེད་ དུ་བྱེད། དེ་བཞིན་ཉེ་དགའ་ཕྱོགས་ལྷུང་སོགས་ཀྱིས་དྲང་པོར་མིན་པའི་གཡོ་སྒྱུའི་ཕྱག་ལས་འདྲ་མིན་མང་པོ་གནང་གིན་ཡོད། དེ་ནི་ཧ་ ཅང་ཐབས་སྡུག་གི་བྱེད་ལས་ཤིག་དང་། མི་ཡི་ཆོས་དང་མི་མཐུན་པའི་སྤྱོད་ངན་རིང་ལུགས་ཤིག་ཀྱང་ཡིན་པ་རེད། ཁ་ནས་བཤད་དུས་ སྐྱེ་བ་ཕྱི་མའི་དོན་དུ་དགེ་བ་དང་། ལས་དང་རྒྱུ་འབྲས་བརྩི་སྲུང་དགོས་པར་བཤད་ཀྱི་ཡོད། དོན་དུ་རྒྱུ་འབྲས་རང་གིས་བརྩི་སྲུང་མི་བྱེད་ པར། ཚེ་འདིའི་གྲགས་འདོད་དང་། སྙན་བཀུར་རྗེས་སུ་འགྲོ་མཁན་མང་པོ་ཡོད། ཁོང་ཚོ་ལ་ལས་རང་ཉིད་ལ་མིང་དང་སྙན་གྲགས་ཡོང་རེའི་ཆེད་དུ་དཔལ་འབྱོར་གྱིས་འགྲན་རྩོད་བྱེད་ནས་རྒྱས་སྤྲོས་དང་། སྤྱི་ཚོགས་ནང་དུ་ཁ་མཆུ་དང་། འཁྲུག་སློང་སླད་དུ་འགྲོ་གྲོན་འཕང་ མེད་གཏོང་གི་ཡོད་པ་རེད། དེ་ཚོར་ཆོས་སྲིད་གང་ནས་སེམས་ཀྱང་ཉེས་པའི་རང་བཞིན་ཞིག་ཏུ་ཡིན་པར་བརྟེན། དེ་ཚོའི་རིགས་ལ་དད་ རྫས་ཕུལ་ན་རང་གཞན་ཚང་མར་ཕན་ལས་གནོད་ཚབས་ཆེ་བས་སྤྱི་ཚོགས་གཏོར་བཤིགས་ཀྱི་རྩ་བ་འགྲོ་གི་ཡོད། དེ་ནི་རང་གཞན་ཚང་ མའི་ཞི་བདེ་དང་། ཐོབ་ཐང་འདྲ་མཉམ་མེད་པར་བཟོ་བའི་ཉེས་པའི་རྩ་བ་ཞིག་ཡིན་པར་མ་ཟད། དབང་སྒྱུར་བྲན་གཡོག་གི་ལུགས་ངན་ཞིག་ཀྱང་རེད། མི་ཚོས་མཐོང་རྒྱུ་ཡོད་ཅིང་རིག་བཞིན་པའི་ཀུན་སྤྱོད་ཀྱི་ཐད་ལ་བལྟས་ན་ཡང་། སྡོད་སྐབས་ཞི་མི་སྡོད་སྡོད། འགྲོ་དུས་སྟག་གཟིག་མཆོང་མཆོང་། ཟ་ཚེ་སྤྱང་ཀིས་ཟ་ཟ། ཉལ་དུས་ཕྱི་བ་ཉལ་ཉལ། རང་སྐྱོན་ཞི་ལུད་སྦས་སྦས། གཞན་སྐྱོན་དར་ཆ་སྒྲེང་སྒྲེང་བྱེད་ཀྱི་ཡོད། དེ་ལྟར་བྱེད་མཁན་ཞིག་གིས་སྤྱི་ཚོགས་སྣེ་འཁྲིད་དམ། ཡང་ན་གཞན་དོན་བྱེད་དུ་ཐུབ་བམ་ཅི། དེ་མིན་དངོས་སུ་མཐོང་རྒྱུ་མེད་པའི་ལྟ་བ་ དང་། ལྐོག་གི་སྤྱོད་ལམ་ཇི་ལྟར་གནང་གི་ཡོད་མེད་ཐད་ལ་ནི། སུས་ཀྱང་ཚོད་དཔག་དཀའ་བ་ཞིག་རེད། གོང་དུ་བཤད་པ་དེ་ལྟར་བྱས་ རྐྱེན་མི་རྣམས་ཡིད་ཆེས་འཕྲོ་བརླག་དང་། དད་རྫས་ཆུད་ཟོས་ཁོ་ན་གཏོང་གི་ཡོད་པ་རེད། དེ་ཚོར་ཆོས་ཕྱོགས་ནས་བཤད་ན་སྡིག་པའི་ རང་བཞིན་ཞིག་དང་། སྤྱིར་བཏང་སྤྱི་ཚོགས་ནང་ནས་བཤད་ན་ཉེས་ཅན་ཞིག་ཀྱང་ཡིན་པ་རེད། གང་ལྟར་རྙོག་སྒྲའི་རྩ་བ་དང་། གཏོར་ བཤིག་གི་རང་བཞིན་ཞིག་ལས་མ་འདས་པས་དེ་ཚོའི་རིགས་ལ་ཚང་མས་གཟབ་པར་འཚལ། དེ་ཚོ་སྔོན་གྱི་ལོ་རྒྱུས་ཁག་དང་ད་ལྟའི་སྤྱི་ ཚོགས་ནང་ལ་དཔེ་མཚོན་མང་པོ་ཡོད་པར་བརྟེན། འདི་རུ་རྒྱས་བཤད་ཞུ་དགོས་མེད་པར་ཀུན་གྱི་ཐུགས་ལ་ངེས་བཞིན་ཡོད། དེ་ཉིད་ ཕྱི་ལ་མངོན་ཐུབ་མིན་ཇི་ལྟར་ཡང་། སོ་སོའི་སེམས་ཀྱི་ནང་ལ་གསལ་ཆ་ཁྲིགས་གེར་ཡོད་པ་རེད། དེ་སྔོན་མི་དམངས་ཕལ་མོ་ཆེ་ཡི་བདེ་ སྡུག་ཆོས་དཔོན་རྣམ་པས་ཐག་གཅོད་བྱས་ཡོད་ལ། ད་རེའི་ཁོང་རྣམ་པས་དེ་སྔོན་མི་དམངས་རྣམས་ལ་བཀའ་དྲིན་ཇི་ཙམ་བསྐྱངས་ པ་དང་། ད་ལྟའི་གནས་སྟངས་ག་འདྲ་ཞིག་ལ་སླེབས་ཡོད་མེད་དང་། མ་འོངས་པའི་རེ་འདུན་གྱི་ཁ་ཕྱོགས་ག་པར་ཕྱིན་མིན་སོགས་ཀྱི་ ཐད་ལ། མི་དམངས་རྣམས་ཀྱིས་ཐུགས་བསམ་ཞིབ་ཏུ་གཏོང་དགོས་པའི་དུས་ཚོད་ཀྱི་འགག་རྩ་ངེས་ཅན་ཞིག་ལ་སླེབས་ཡོད། མདོར་ན་ ང་ཚོའི་འཚོ་བའི་ཁྲོད་དུ་ཇི་ཙམ་ཕན་ཐོགས་ཡོད་མཁན་ཉིད་ལ་དེ་ཙམ་བརྩི་བཀུར་དང་། ཇི་ཙམ་གནོད་འཚེ་ཡོད་མཁན་ཉིད་ལ་དེ་ཙམ་ འགོག་རྒོལ་བྱེད་དགོས་ཀྱི་ཡོད། དུས་རབས་ཉེར་གཅིག་ནང་ལ་མི་རྣམས་བསམ་བློ་གོང་འཕེལ་ཕྱིན་ཏེ་བློ་སྐྱེད་མང་པོ་ཞིག་རགས་པར་ བརྟེན། དེང་སང་སྔོན་གྱི་དུས་དང་གཏན་ནས་མི་འདྲ་བར། ཀླད་གསར་དཔལ་གྱིས་གསར་རྗེའི་ལམ་དུ་ཞུགས་ཏེ་མི་རྣམས་རིགས་རུས་ མཐོ་དམན་དང་། ཕོ་མོ་མཆོག་དམན་གྱི་ཁྱད་པར་མེད་པར་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཐོབ་ཐང་འདྲ་མཉམ་ཡོད་པ་དང་། རང་ལ་རྣམ་དཔྱོད་ཡོད་ན་ཐོད་བརྒལ་ལ་ཡང་འཇུག་ཆོག་གི་ཡོད། དེ་བཞིན་གསར་གཏོད་དང་། ལེགས་བཅོས། སྣོན་འཕྲི་སྤར་གཅོག་ལ་སོགས་དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས་བྱེད་ཀྱི་ཡོད། སྔོན་དུས་ཀྱི་ལུགས་སྲོལ་ནང་ལ་མ་རྟོགས་པ་དང་། ནོར་འཛོལ་ཇི་སྙེད་བྱུང་བ་དེ་རྣམས་ཇི་བཞིན་ཡོ་སྲང་གནང་དང་གནང་བཞིན་ཡོད། དེར་བརྟེན་རང་རེའི་ཆོས་ལུགས་ལས་བྱུང་བའི་གདུང་རྒྱུད་དང་། ཡང་སྲིད་ངོས་འཛིན་དང་། ཡང་ན་ཆོས་དཔོན་ནམ་བླ་མའི་མཚན་ཐོག་ནས་ཕྱག་ལས་གནང་བཞིན་པའི་མི་སྣ་འདི་ཚོས་རང་རེའི་སྤྱི་ཚོགས་ནང་ལ་འོས་ཤིང་འཚམ་པའི་ཕྱག་ལས་གནང་སྟེ་དམངས་ལ་ཕན་ཐོགས་དང་། དུས་རབས་ཀྱི་འཕེལ་འགྱུར་ཐད་ལ་དགོས་མཁོ་ཡོད་ཚེ་མི་དམངས་ཀྱིས་ངེས་པར་རྒྱུད་འཛིན་དང་། རྗེས་ཤུལ་མཐའ་སྐྱོང་བྱེད་དགོས་པ་ཞིག་རེད་ལ། བྱེད་ཀྱང་ཆོག་པ་དང་། འོས་ཤིང་འཚམ་པ་ཞིག་ཀྱང་རེད། མི་དམངས་ཡོངས་ཀྱིས་ཁོང་རྣམ་པར་གོང་དུ་བཀུར་ཞིང་ཅི་གསུང་བཀའ་བཞིན་བསྒྲུབས་ཏེ། འཛམ་གླིང་འདི་རུ་འགྲོ་བ་མིའི་རིགས་ནམ་གནས་ཀྱི་བར་དུ་ཁོ་ཚོའི་ཐོབ་ཐང་དེ་ཡང་ཡུན་གནས་ཡོང་བ་ངེས་པར་བྱེད་ དགོས་ཀྱི་ཡོད་པ་རེད། དེ་ཡང་ཁོ་ཚོའི་ཐོབ་ཐང་མཐོ་དམན་ཐད་ལ་དེང་སང་ཕན་ཚུན་རྙོག་འཛིང་དང་། རྩོད་ལེན་ཡང་ཡང་བྱེད་ཀྱི་ཡོད། ཁ་ཤས་ཀྱིས་སྔོན་དུས་ཀྱི་སྐྱེས་ཆེན་ཆེ་གེ་མོ་ཞིག་གི་རྣམ་སྤྲུལ་ཡིན་པར་སྒྲོག་ཅིང་ཐོབ་ཐང་ཆེན་པོར་ཡོད་དགོས་ཟེར། ལ་ལས་སྔོན་གྱི་མི་དབང་སྟོབས་པོ་ཆེ་ཡི་རྒྱུད་འཛིན་ཡིན་པས་གོ་ས་མཐོ་པོར་ཡོད་པ་གླེང་། གང་ལྟར་ལ་བཤད་ལུང་བཤད་བྱེད་ནས་དཀའ་རྙོག་ལུང་ པ་གང་བཟོ་ཡི་ཡོད་པ་མ་ཚད། བཤད་རྒྱུ་གླེང་རྒྱུ་རྫོགས་མཐའ་མེད་པར་སློང་ཞིང་མི་དམངས་རྣམས་ཀྱི་མགོ་བོ་རྨོངས་སུ་འཇུག་གི་ཡོད་པ་རེད། དེར་རྟེན་གསེར་རྟ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས། གཞན་དུ་སངས་རྒྱས་ཀྱི་བསྟན་པ་སྤྱིའི་འགྲོ་ལུགས་ལ་གོ་བ་ཙམ་ཡང་མ་ཆགས་པའི་གཞོན་ནུ་རེ་ལ་སྐྱེས་བུ་དམ་པ་རེའི་མཚན་གསོལ་ནས། ཡུལ་དགོན་གཉིས་ཀ་ལ་དབང་སྒྱུར་དུ་འཇུག་པ་འདི་ནི་ལོང་བས་ལོང་བ་ཁྲིད་པ་ལྟར་དུ་འགྱུར་སྲིད་དེ། གཞན་ཡང་དེང་དུས་སུ་ཡུལ་གྲུ་གཞན་དག་ན་མུན་སྤྲུལ་མཁན་མང་པོས་རང་ཉིད་སངས་རྒྱས་དང་བྱང་སེམས་སོགས་ག་གེ་མོ་རེའི་སྤྲུལ་བར་སྒྲོ་བཏགས་ཏེ། ཆོས་ལུགས་ཀྱི་གྲུབ་མཐའ་གསར་པའི་སྲོལ་འབྱེད་ཁུལ་བྱེད་ཅིང་། རྩ་རླུང་གི་ནུས་པ་ཅུང་ཟད་རེ་དང་ལྷ་འདྲེའི་ཆོ་འཕྲུལ་ཕྲན་བུ་རེ་ལ་བརྟེན་ནས་ནད་འཆོས་པ་དང་མངོན་ཤེས་འཆད་པ་སོགས་སྣང་བ་ཆལ་ཆོལ་སྣ་ཚོགས་པ་ཐར་པའི་ལམ་སྣ་ཟིན་པ་ལ་ཕན་པ་སྤུ་ཙམ་ཡང་མེད་པ་དག་དར་སྤེལ་བྱེད་པ་མང་པོ་ཡོད། ཅེས་གསུང་འདུག་པའི་འདི་ཚོའི་རིགས་ལ་རྒྱུ་མཚན་ཡོད་མེད་མི་དམངས་ཡོངས་ཀྱིས་བརྟག་དཔྱད་ཅིག་གྱིས་དང་། དྲང་པོར་བཤད་ན་དེང་སང་སྔོན་གྱི་དུས་དང་འདྲ་ཡི་མེད་པར་བརྟེན། ཆོས་དཔོན་སུ་འདྲ་ཞིག་ཡིན་ཡང་རུང་། སྐབས་སུ་བབ་པའི་སློབ་སྦྱོང་ཆེ་ཆུང་དང་། འཇོན་ཐང་བཟང་ངན། སྤྱི་ཚོགས་ནང་ལ་ཕན་ནུས་ཆེ་ཆུང་བཅས་ལ་ཞིབ་འཇུག་བྱས་ནས་ཐོབ་དང་། གོ་ས་མཐོ་དམན་སྤྲོད་དགོས་པ་ཞིག་ཡིན་པར་དངོས་དོན་དང་མཐུན་པ་ཡིན་པས་ཀུན་གྱི་ཐུགས་ལ་འཇག་པར་འཚལ། དེ་ཡང་འཇིག་རྟེན་གྱི་ཁ་དཔེ་ལྟར། བུ་ཡིས་འཇོན་ན་རྒྱལ་པོ་ཡིན། བུ་མོས་ འཇོན་ན་རྒྱལ་མོ་ཡིན། ཟེར་བ་ལྟར་རེད། དེ་མིན་ཐོབ་དང་གོ་ས་ཟེར་བ་དེ་ཚོར་གནམ་གྱིས་བཀོད་སྒྲིག་བྱེད་པ་འམ། ཡང་ན་དང་པོ་ཉིད་ནས་བྱུང་བ་དེ་འདྲ་རྩ་ནས་མ་རེད། དེ་ཚོ་ཚང་མར་མི་ཡི་སྤྱི་ཚོགས་ནང་ལ་མི་ཡིས་གཏན་ལ་ཕབ་ཅིང་མི་ཡིས་ཐག་ཆོད་བྱས་པ་ཤ་སྟག་ རེད། དེར་བརྟེན་དེ་ལ་བསམ་གཞིག་བྱས་ཏེ་དབང་ཆའི་ཐོབ་ཐང་དང་། ལས་འགན་མཐོ་དམན་སོགས་ནི་སྐབས་དོན་ཆོས་དཔོན་སོ་སོའི་ཀུན་སྤྱོད་དང་། འཇོན་ཐང་བཟང་ངན་ལྟར་དུ་སྤྲོད་དགོས་ཀྱི་ཡོད། དེ་ལྟར་བྱས་ན་དམངས་ཀྱི་དཀའ་རྙོག་མང་པོ་ཞིག་རང་བཞིན་གྱིས་ཡལ་འགྲོ་གི་རེད། མ་ཚད་ཞི་བདེ་དང་གཏན་ལྷིང་ཡག་ཏུ་འགྲོ་བ་དང་། ཕན་ཚུན་རྩོད་རྙོག་དེ་ཡང་ཉུང་དུ་འགྲོ་བ་དངོས་པོའི་ཆོས་ཉིད་ ཅིག་རེད། འགྲོ་བ་མིའི་སྤྱི་ཚོགས་ནང་དུ་རང་གཞན་སུ་ལ་རྩོད་གླེང་མེད་ན་བདེ་སྐྱིད་ཅིག་ཡིན། དེ་སྔོན་ཆོས་དཔོན་རྣམས་ནི་ཐོས་བསམ་སྒོམ་གསུམ་གྱིས་ཐོན་པ་ཁག་ཅིག་དང་། ཡང་ན་མ་རྩ་རིང་ལུགས་ཀྱི་རྒྱུད་འཛིན་ནམ། ཡང་ན་ ཡང་སྲིད་ངོས་འཛིན་རིང་ལུགས་སོགས་ཀྱི་ལུགས་སྲོལ་འདྲ་མིན་མང་པོ་ཡོད་པ་རེད། སྔོན་གྱི་དུས་སུ་ཆོས་དཔོན་རྣམས་ནི་ལྷ་ཡི་རྒྱུད་ པ་དང་། གནམ་ལས་བབས་པ་འམ། ཡང་ན་ཡང་སྲིད་ངོས་འཛིན་བྱས་ཏེ་ལྷ་ཡི་རྣམ་འཕྲུལ་ཡིན་པར་སྒྲོག་གི་ཡོད། དེ་ལྟར་སྒྲོག་པའི་ རྒྱུ་མཚན་ནི། མི་རྣམས་དབང་སྒྱུར་ཆེད་དུ་ཡིན་པ་རེད། གདོད་མའི་མི་ཡི་བསམ་བློར་བསྟུན་ནས་བཤད་ན་ཕལ་ཆེར་འགྲིག་གི་ཡོད་ས་རེད། ཡིན་ནའང་དེང་དུས་དེ་ཚོ་ཚང་མ་ལེགས་བཅོས་བཏང་ན་དགེ་མཚན་ཆེ་བར་ཀུན་གྱིས་མཐོང་གི་ཡོད། དེ་ཡང་ཆོས་དཔོན་ཞིག་ལ་ངེས་ པར་དུ་ཚང་དགོས་པའི་ཆ་རྐྱེན་ནི། དང་པོར་ཐོས་བསམ་སྒོམ་གྱི་འགག་སྒོ་མཐའ་དག་རིམ་བཞིན་བརྒྱུད་ནས་ཡོན་ཏན་ཅན་དུ་ཐོན་ ཐུབ་པ་དང་། དེ་ནས་ཀུན་སྤྱོད་ཐོག་ཏུ་ཡིན་ནའང་མཁས་བཙུན་བཟང་གསུམ་ལྡན་པ་དེ་འདྲའི་སྐྱེ་བོ་ཞིག་ལ་དམངས་ཀྱིས་འདམ་ཐོན་ བྱས་ན་ཤིན་ཏུ་འཐུས་ཚང་ཅན་དུ་གྱུར་གྱི་ཡོད། དེ་ལྟར་བྱེད་དུ་ཐུབ་ན་ད་གཟོད་མི་རྣམས་ཤིན་ཏུ་རིན་ཐང་ཆེ་བའི་མི་ཚེའི་མདུན་ལམ་ དེ་ཉིད་དགེ་ལེགས་ཅན་དུ་དངོས་སུ་འགྱུར་རྒྱུ་ཡོད་པ་རེད། ང་ཚོའི་འཇིག་རྟེན་སྟེང་གི་བྱ་དངོས་ཚང་མར་མི་རྟག་འགྱུར་བའི་ཆོས་ ཅན་ཡིན་པར་བརྟེན། ཡང་སྲིད་རིང་ལུགས་གཙོ་བོར་བྱས་པའི་སྲོལ་རྙིང་མང་པོ་ཞིག ད་ལྟ་ནས་ང་ཚོ་རང་གིས་མནོ་བསམ་བཞེས་ཏེ་ དཔྱད་ཞིབ་དང་། མདུན་སྐྱོད་བྱས་ཏེ་ལེགས་སྒྱུར་མ་བཏང་ན། ཉིན་ཞིག་རང་བཞིན་འགྱུར་བའི་སྐབས་སུ་ལེགས་ཉེས་ཅི་འདྲ་འགྱུར་མིན་ ཚོད་དཔག་དཀའ། གལ་སྲིད་མགོ་མཇུག་ལོག་ན་ཇི་ལྟར་བྱེད། དེ་དུས་འགྱོད་པ་སྐྱེས་ཀྱང་ཚང་མ་ཕྱི་ཚར་བ་རེད། འཇིག་རྟེན་གྱི་དཔེ་ལྟར། བསམ་བློ་སྔོན་དུ་འཁོར་ན་མཁས་པ་ཡིན། བློ་འགྱོད་རྗེས་ལ་བྱས་ན་གླེན་པ་རེད། ཅེས་པ་ལྟར་རེད། ད་དུང་གཞན་ཡང་རང་གཞན་ཚང་ མས་ཤེས་སུ་དགོས་པའི་གནད་དོན་གཞན་ཞིག་ཡོད་པ་ནི། སྤྱི་ཚོགས་ཀྱི་དགོས་མཁོ་དང་། འགྱུར་འགྲོས་བཅས་ལ་མ་བསྟུན་ཚེ། ལྟ་སྤྱོད་ གང་འདྲ་ཞིག་ཏུ་ཡིན་ཀྱང་རུང་། གསོན་ཞིང་དར་རྒྱས་གོང་འཕེལ་ཡོང་བའི་སྟོབས་ཤུགས་མེད་ལ། གསོན་ཡང་ཕན་ཐོགས་ནམ་ཡང་ ཡོང་གི་མེད། རིག་གཞུང་གང་ཞིག་ཡིན་རུང་དངོས་སུ་འཚོ་བའི་ཁྲོད་དུ་གཙོ་བོར་འགྲོ་བ་མི་ཡི་རིགས་ལ་ཕན་རོགས་ཐུབ་པ་དང་། དགོས་མཁོ་ཏན་ཏན་ཡོད་པ་ཞིག་ཏུ་ཡིན་དགོས་ཀྱི་ཡོད། དེ་ལྟར་མིན་ཚེ་ཇི་ལྟར་ཟེར་ཡང་དངོས་དོན་ཉིད་དང་མི་མཐུན་པ་ཞིག་རེད། དེས་ན་ཁ་ལྕེ་བདེ་མོས་ཉག་ཉོག་ཇི་ལྟར་བཤད་ཀྱང་རུང་། མི་ལ་མགོ་སྐུར་གཏོང་ཡས་ཤིག་ལས་མེད་པ་ཀུན་གྱིས་ཤེས་སུ་འཇུག་དགོས་པའི་གནད་ཀྱི་དམ་པའོ། འཛམ་གླིང་འདི་ཡི་ཐོག་ཏུ་མི་རྣམས་དམིགས་ཡུལ་དང་། རེ་འདོད་གཅིག་མཚུངས་དེ་བས་ཡོང་གི་མེད། དེ་ནི་འཚོ་བའི་ཁྲོད་དུ་སོ་སོས་རྟོག་དཔྱོད་མ་བྱས་པའི་སྐྱོན་དང་། བྱས་ཀྱང་ཇི་བཞིན་མ་རྟོགས་པའི་དབང་གིས་ཡིན་པ་རེད། ད་དུས་དངོས་གཙོ་རྩོད་སྒྲུབ་སྨྲ་བ་དང་། སེམས་གཙོ་གཟུགས་འདས་སྨྲ་བ་གཉིས་ཀ་ཟུང་སྦྲེལ་བྱས་ནས་འགྲོ་དགོས་པ་ཞིག་ཡིན་པ་ལས། དེ་མིན་ཡ་ རྒྱལ་ལྟ་བུ་ཞིག་གིས་དེང་དུས་ཀྱི་འཚོ་བའི་ཁྲོད་དུ་དགོས་མཁོ་ཇི་བཞིན་སྐོང་མི་ཐུབ། ཡ་མཚན་དགོས་པ་གཞན་ཞིག་ཡོད་པ་ནི། སྤྱི་ཚོགས་ ནང་དུ་ལྐོག་གྱུར་མཁྱེན་གྱི་ཡོད་པར་སྨྲ་ཞིང་དོན་དངོས་དང་། མི་མཐུན་པའི་ཕྱག་ལས་གནང་མཁན་དེ་ཚོ་རེད། དེ་ཚོ་སྤྱི་ཚོགས་ཀྱི་ ཁུར་པོ་ཡིན་པས་མི་དམངས་རྣམས་ཀྱིས་དོ་ཁུར་ངེས་པར་གནང་དགོས་ཀྱི་འདུག གལ་སྲིད་ཁོ་ཚོས་ལྐོག་གྱུར་དངོས་སུ་མཁྱེན་གྱི་ཡོད་ན། མི་རྣམས་འཚོ་བའི་ཁྲོད་ཀྱི་དཀའ་རྙོག་དེ་ཚོར་མ་བྱུང་གི་སྔོན་དེར། མ་འོངས་སྔོན་འགོག་གིས་ཚུལ་དུ་ལུང་བསྟན་གསལ་པོར་གསུང་ དགོས་པ་རེད། དེ་ནི་འཚོ་བའི་ཁྲོད་དུ་ཧ་ཅང་དགོས་མཁོ་ཆེ་ཞིང་ཕན་རླབས་ལྡན་པས་ཡོད་ན་ཤིན་ཏུ་ལེགས། དེ་མིན་འཇིག་རྟེན་གྱི་ ཁ་དཔེ་ལྟར། བོང་བུ་སྔོན་ལ་གཏོང་ནས་ས་ལམ་རྗེས་སུ་གཏོད། མི་རོ་སྔོན་དུ་ཕུད་ནས་གཟའ་སྐར་རྗེས་ལ་བལྟ། ཟེར་བའི་དཔེ་ལྟར་ སོང་ན་ཤིན་ཏུ་མི་འོས་པ་ཞིག་རེད། མཛད་འཕྲིན་དེ་འདྲ་ལྟ་བུར་ཡིན་ན་དགོས་མཁོ་དེ་ཙམ་མེད། གང་ལྟར་མི་དམངས་ཚང་མས་ ཆོས་དཔོན་རྣམ་པའི་དགེ་སྐྱོན་དང་། ཕན་གནོད་ཇི་ཡོད་ཞིབ་འཇུག་བྱས་ཏེ། སྤྱི་ཚོགས་ཀྱི་ཁྲོད་དུ་དགོས་མཁོ་ཡོད་མེད་ ཤེས་རྟོགས་གསལ་པོར་ཐུབ་པར་བྱེད་དགོས་པའི་དུས་ལ་བབ་ཡོད། མི་རྣམས་ཤེས་རིག་ཉིན་རེ་བཞིན་དུ་གོང་འཕེལ་ཡོང་གི་ཡོད། དེར་བརྟེན་ཆོས་དཔོན་རྣམས་ཀྱང་ངེས་པར་དུ་བསྒྱུར་བཅོས་དང་། འཐུས་ཚང་ཅན་དུ་ལེགས་བཅོས་བྱེད་དགོས་པ་གཏན་འཁེལ་རེད། མ་ཚད་མཇུག་སྡོམ་རྒྱག་དགོས་བྱུང་ན་རྒྱག་རྒྱུ་རང་ཡིན་པ་རེད། དེ་ཚོ་ཚང་མའི་ལས་འགན་དང་། ཐོབ་ཐང་དམངས་ལ་ཡོད། གལ་སྲིད་ལེགས་བཅོས་ལ་སོགས་བྱེད་དགོས་བྱུང་ན་ལས་སླ་པོ་ཞིག་གཏན་ནས་མེད། མངོན་ཤུགས་བརྒྱུད་ནས་མི་རབས་ནས་མི་རབས་བར་དུ་རྩོད་ལེན་བྱེད་དགོས་ཀྱང་སྲིད་ཀྱི་རེད། དེ་ལ་ཞེད་སྣང་དང་། ངོ་གནོང་གང་ཡང་མེད་པར་དུས་རབས་དང་། སྤྱི་ཚོགས་ནང་ལ་ཡུལ་དུས་དང་མི་འཚམས་པའི་བྱ་སྤྱོད་རིགས་ལ་འགོག་རྒོལ་དང་། གདོང་ལེན་མཐའ་ཅིག་ཏུ་བྱས་ཏེ་རང་ཉིད་ཀྱི་བསམ་བློ་ཐོད་ བརྒལ་དང་། རྒྱང་རིང་དུ་འགྲུལ་བཞུད་བྱས་ནས་ཁ་གཏད་བཅར་ཐུབ་པ་བྱེད་དགོས་ཀྱི་རེད། དེ་ལྟར་བྱས་ན་རྗེས་སུ་སྤྱི་ཚོགས་འཐུས་ཚང་ཅན་དུ་འགྱུར་བ་དང་། གཏན་ལྷིང་ཡོང་བ་སྨོས་མེད་རེད། གང་ཡིན་ཟེར་ན་དངོས་དོན་དང་མཐུན་པའི་རང་བཞིན་ལ། སུས་ཀྱང་བཀག་འགོག་ཐུབ་ཀྱི་མེད་པ་ཀུན་གྱིས་ཤེས་གསལ་ལྟར་དུ་ཐུགས་ལ་འཇོག་པར་རིགས། བརྟན་གཡོའི་དངོས་པོ་ཚང་མར་འགྱུར་བའི་ཆོས་ཅན་ཞིག་ཏུ་ཡིན་པར་བརྟེན། ང་ཚོའི་འགྲོ་བ་མི་ཡི་སྤྱི་ཚོགས་ནང་གི་ཕན་གནོད་དང་། དགེ་སྐྱོན་ཐད་ལ་དགོས་མཁོ་དང་། གནས་ དུས་བཅས་ལ་བསྟུན་ཏེ་ཆོས་དཔོན་རྣམ་པར་ལེགས་བཅོས་གང་འཚམས་ཤིག་མ་བཏང་ཚེ། སྔོན་དུས་དང་། ད་ལྟའི་དུས་སུ་ཆོས་དཔོན་ རྣམ་པར་འབངས་ཀྱིས་བརྩི་མཐོང་གང་འཚམ་ཡག་པོ་བྱེད་བཞིན་ཡོད། ཡིན་ན་ཡང་འབྱུང་འགྱུར་ཞིག་ལ་ཆོས་དང་ཆོས་དཔོན་ཟེར་ ནས་གཉིས་ཀ་ལ། ཀུན་གྱིས་མཐོང་ཐོས་དྲན་རེག་བྱུང་བ་ཙམ་གྱིས་མི་དགའ་བར་ཆགས་ནས་མཐོང་ཆུང་དང་། ཁྱད་གསོད་བྱེད་པའི་དུས་ཤིག་མི་ཤར་བའི་ངེས་པ་གཏན་ནས་མེད། དེས་ན་ད་ལྟའི་དུས་ནས་མགོ་བརྩམས་ཏེ་ལེགས་བཅོས་བཏང་ན་དགེ། ལེགས་བཅོས་ཟེར་ན་བཟང་ངན་དབྱེ་འབྱེད་བྱས་ཏེ་ངན་པ་དོར་ནས་ཆད་གཅོད་དང་། བཟང་པོ་བླངས་ཤིང་གཟེངས་བསྟོད་བཏང་སྟེ་སྤྱི་ཚོགས་ ཕན་བདེ་སྐྲུན་པ་ཞིག་ལ་ཟེར་གྱི་ཡོད། སྤྱི་ཚོགས་འཚོ་བའི་ཁྲོད་དུ་བཟང་པོར་གཟེངས་བསྟོད་དང་། ངན་པ་ཆད་གཅོད་ངེས་པར་དགོས་ཀྱི་ཡོད། གལ་ཏེ་དེ་ལྟར་མ་བྱས་ཚེ། འཇིག་རྟེན་གྱི་དཔེ་ལྟར། ངན་པ་ཆད་པ་མ་བཅད་ན། ངན་པ་མང་ནས་མང་དུ་འགྲོ། བཟང་པོ་གཟེངས་བསྟོད་མ་བྱས་ན། བཟང་པོ་ཉུང་ནས་ཉུང་དུ་འགྲོ་ཟེར་བ་ལྟར་རེད། གནད་དོན་འདི་ནི་དེང་དུས་སྤྱི་ཚོགས་ནང་དུ་ཧ་ཅང་གིས་ཉེན་ཁ་ཆེན་པོ་འདུག་པས་ཇི་ལྟར་བྱེད། མགོ་བོ་ཀྱོག་ཙམ་བྱས་ཏེ་ཐུགས་བསམ་ཅུང་ཙམ་བཞེས་མི་དགོས་སམ། སྔོན་གྱི་དུས་སུ་ཆོས་དཔོན་གོ་ས་ཆེན་པོ་ཡོད་ཀྱང་ད་ལྟའི་སྤྱི་ཚོགས་ཁྲོད་དུ་འཇོན་ཐང་དང་། ཕན་ནུས་དེ་ཙམ་མེད་ན་དབང་ཆ་སྤྲད་ཀྱང་གོ་ས་བཀག་བྱེད་ལྟ་བུར་ཡིན་པས་དགོས་པ་དེ་ཙམ་མེད། སྔོན་དུས་ཐོབ་ཐང་དེ་ཙམ་མེད་ཀྱང་ད་ལྟའི་དུས་སུ་འཇོན་ཐང་དང་། ཕན་ནུས་ཆེན་པོ་ཡོད་ན་གོ་ས་གོང་ནས་གོང་དུ་གནས་སྤར་བྱས་ན་སྤྱི་ཚོགས་གོང་འཕེལ་དང་། ཞི་བདེ་ཡོང་བའི་དགོས་པ་དང་རྒྱུ་མཚན་མང་པོ་ཡོད། དོན་དུ་རྔ་ བརྡུང་བལྟ་བཞིན་གར་འཆམས་རྒྱག ཟེར་པའི་དཔེ་ལྟར་བྱེད་དགོས་ཀྱི་ཡོད། ཡིན་ནའང་དེ་ལ་འགོག་རྐྱེན་དང་། ཕོག་ཐུག་ཇི་སྙེད་ཅིག་ཡོང་བ་སྨོས་མེད་རེད། དེར་བརྟེན་དཀའ་ཚེགས་ཆེད་དུ་བསད་ཅིང་འགག་སྒོ་བརྒྱ་ཕྲག་བརྒྱུད་ནས་འགྲོ་དགོས་སྲིད་ཀྱི་རེད། ལས་ཀ་གང་འདྲ་ཞིག་ཡིན་ཀྱང་རུང་། འགོག་རྐྱེན་སྣ་ཚོགས་ཤིག་འཕྲད་སྲིད་པ་དེ་ནི་འཇིག་རྟེན་ཆོས་ཉིད་ཅིག་རེད། ཡིན་ན་ཡང་གདོང་ལེན་དང་འགོག་རྒོལ་བྱེད་དགོས་ཀྱི་ཡོད། བྱ་བ་གང་ལ་རྩོད་ལེན་སྐབས་སུ་རང་གིས་རང་ལ་ཡིད་ཆེས་བྱས་ཏེ། དཔའ་སྤོབས་ཆེན་པོའི་གདེང་ཚོད་དང་། དམ་བཅའ་བརྟན་པོར་བཟུང་དགོས་པ་རེད། དེ་ལྟར་དགོས་པའི་རྒྱུ་མཚན་ནི། མཐའ་མཇུག་བདེན་མཐའ་གསལ་ཏེ་རྣམ་པར་རྒྱལ་དགོས་པའི་ཕྱིར། དེ་ཡང་ཇི་སྐད་དུ། མི་ནི་བརྩོན་འགྲུས་དག་ལ་འབད་གྱུར་ན། མི་འགྲུབ་པ་ཡི་བྱ་བ་གང་ཡང་མེད། ཞེས་གསུངས་པ་ལྟར་རེད། ལྷག་དོན་དུ་རང་ཉིད་ཀྱི་དཔྱོད་ཤེས་དེ་ཡིས་བདེན་དོན་ཉིད་ལ་རྒྱབ་ སྐྱོར་བྱས་ཏེ་བཟང་ངན་ཚང་མར་མཐོང་ཐུབ་དགོས་པ་ཡིན། དེ་སྔོན་ལོ་རྒྱུས་ཐོག་ཏུ་འགྲོ་བ་མིའི་རིགས་ནང་ལ་ཆོས་དཔོན་མང་པོ་ ཞིག་གིས་ཕན་ཐོགས་ཇི་སྙེད་ཅིག་བསྐྲུན་ཡོད་ལ། གནོད་སྐྱོན་ཡང་མང་པོ་ཞིག་བྱུང་ཡོད་པའི་གནད་དོན་དེ་ཚོར་ངེས་པར་ཤེས་དགོས་ ཀྱི་ཡོད། སྤྱི་ཚོགས་ནང་གི་སྐྱེ་བོ་ཆེ་ཆུང་སུ་འདྲ་ཞིག་ཡིན་རུང་དགེ་ཕན་དང་། གནོད་སྐྱོན་གཉིས་པོ་བླང་དོར་མ་ནོར་བ་བྱེད་རྒྱུ་ཤིན་ ཏུ་གལ་ཆེན་པོ་ཡིན་པ་རེད། དེ་ཡང་ཆོས་དཔོན་རྣམ་པའི་ངོ་ལ་བལྟས་ཏེ་བཤད་ན། འཇིག་རྟེན་ཁ་དཔེ་ལྟར། རང་ལུས་གར་འགྲོ་མ་ ཤེས་ཀྱང་། ཚེ་འདས་རྣམས་ལ་ལམ་སྟོན་མཛད་ཟེར་བ་ལྟ་བུར་གྱུར་ན། དེ་ནི་ཧ་ཅང་དགོད་དུ་བྲོ་བ་དང་། ཡང་ན་ངུ་རུ་བྲོ་བའི་གནད་དོན་ ཞིག་ལས་གཞན་པའི་རྒྱུ་མཚན་གང་ཡང་མེད་པ་རེད། དཔེར་ན་ལོང་བས་ལོང་བ་འཁྲིད་པ་ལྟ་བུ་ཡིན། གང་ལྟར་སྐྱབས་སུ་བཅོལ་ཡུལ་ ཆོས་དཔོན་རྣམ་པ་དང་། བཅོལ་མཁན་གང་ཟག་གཉིས་ཀས་ཐོབ་ཤོར་དང་། ལེགས་ཉེས་མ་ནོར་བཞིན་དུ་ཕན་ཚུན་འདྲེས་འབྲེལ་དང་། ལས་ལ་འཇུག་སྟེ་མཉམ་རོགས་དགོས་པ་དེ་ནི་འཚོ་བའི་ཁྲོད་ཀྱི་སོ་སོའི་དགོས་མཁོ་ཞིག་ཡིན་པ་རེད། འགྲོ་བ་མི་ཡི་སྤྱི་ཚོགས་ནང་དུ་ སྔོན་གྱི་དུས་དང་། ད་ལྟའི་དུས་སུ་སྲིད་དོན་མཁས་ཆེན་དེ་ཚོས་མི་དམངས་དབང་སྒྱུར་ཆེད་དུ་ཆོས་དཔོན་ཆེན་པོ་རྣམས་ལ་མིང་གི་གོ་ས་ དང་། དཔལ་འབྱོར་གང་འཚམ་སྤྲད་ནས་བེད་སྤྱོད་འདྲ་མིན་གཏོང་གི་ཡོད། ཁོང་ཚོའི་ཁེ་ཕན་དང་མཐུན་ཚེ། ཆོས་ལ་དད་གུས་ཡོད་པའི་ ཟོལ་སྟོན་ཏེ། སྦྱིན་བདག་ཐོན་ནས་རོགས་དངུལ་གང་འཚམས་སྤྲོད་ཀྱི་ཡོད། གལ་སྲིད་ཁོ་ཚོའི་ཁེ་ཕན་དང་མ་མཐུན་ཚེ། དེ་སྔོན་ཅི་དང་གང་ཡང་བྱས་ཡོད། ད་དུང་ཁོ་ཚོས་ཆབ་སྲིད་ཀྱི་དགོས་མཁོར་དམིགས་ཏེ་གང་ཡང་བྱེད་སྲིད། ལག་པ་ཚིག་དུས་སྐམ་པས་འཇུ་ཟེར་བ་ལྟར་ བྱེད་ཀྱི་ཡོད་པ་རེད། དེ་ནི་གཙོ་བོར་ཆོས་དཔོན་ཆེན་པོ་རྣམ་པས་ཅི་ནས་གཟབ་གཟབ་དགོས་པའི་གནད་དོན་ཞིག་རེད། རང་རེའི་བོད་བརྒྱུད་ནང་བསྟན་གྱི་ཐུན་མིན་ལུགས་སྲོལ་གཞན་ཞིག་ཡོད་པ་ནི། ཡང་སྲིད་རིང་ལུགས་འདི་ཉིད་ཡིན་པ་རེད། ཡང་སྲིད་ངོ་འཛིན་བྱེད་ཕྱོགས་སྐོར་གྱི་གནས་ཚུལ་འདི། དུས་རབས་བཅུ་གསུམ་པའི་སྐབས་སུ་ཆབ་སྲིད་ཀྱི་དགོས་མཁོར་དམིགས་ཏེ། སྲོལ་གཏོད་མཛད་ནས་གསང་བའི་ཐོག་ཏུ་གཏེར་ལ་སྦས་ཏེ་བཞག་ཡོད། གཏེར་བསྲུང་ཡང་གསང་མཁའ་འགྲོའི་རིང་ལུགས་ལ་བཅོལ་ནས་མི་མིག་པས་རྒྱས་བཏབས་ཡོད། འོན་ཀྱང་དེ་ཉིད་དུས་རབས་ཉེར་གཅིག་པ་ཡི་སྐབས་འདིར་མི་དམངས་ཕལ་མོ་ཆེ་ཡི་ བློ་མིག་གསལ་བས་གཏེར་གྱི་ཁ་བྱང་དང་། གཏེར་གྱི་ལྡེ་མིག་ལག་བརྙེད་བྱུང་བར་བརྟེན། གསང་བའི་མཐིལ་རྣམས་བརྟོལ་ནས་གཏེར་ ལས་ཀུན་གྱིས་བཞེས་བཞིན་ཡོད་པའི་རྒྱུ་མཚན་འདི་ནི་ངོ་མཚར་འོས་པ་དང་། གད་མོ་ཤོར་དུ་རུང་བའི་གནས་ཚུལ་ཞིག་ཏུ་གྱུར་ཡོད། དེ་ཡང་འཇིག་རྟེན་གྱི་དཔེ་ལྟར། མེ་ཏོག་ཕལ་ཆེར་ཆུ་བོའི་འགྲམ་དུ་སྐྱེ། ཡང་སྲིད་ཕལ་ཆེར་ཕྱུག་པོའི་བུ་ལ་འཁྲུང་། ཞེས་པ་འདི་ནི་ལུང་ བསྟན་ཁ་དཔེའི་ཚུལ་དུ་གསུངས་པ་དེ་འདྲ་ཏན་ཏན་ཡིན་ཡང་སྲིད། སྔོན་གྱི་ལུང་བསྟན་འདི་ཉིད་ད་ལྟར་གསལ་པོར་མངོན་གྱུར་ཐུབ་ ཡོད། དེ་སང་སྤྱི་ཚོགས་ནང་དུ་སྡེ་དགོན་གཉིས་ཀའི་རེ་སྨོན་ལྟར། གོང་མ་རྣམ་པ་ཚོས་ཀྱང་ཐོབ་དང་དཔལ་འབྱོར་སོགས་ཀྱིས་རྒྱབ་སྐྱོར་ འཐོབ་རེ་བྱེད་ནས་མི་དྲག་རྣམ་པའི་རྒྱུད་ལ་ཡང་སྲིད་ངོས་འཛིན་གནང་གི་ཡོད། དེ་ནི་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་བསྟུན་པའི་ཐབས་ ཤེས་ཁྱད་པར་བ་ཞིག་རེད། ཡིན་ན་ཡང་གཙོ་བོར་ཡང་སྲིད་ཁོ་རང་ཕྱི་ཡི་དབང་པོ་ཆ་ཚང་ཚད་ལྡན་ཡོད་པ་དང་། ནང་གི་དབང་རྩ་ཚང་ ཞིང་རྣམ་རིག་གསལ་པས་སློབ་ལ་སྤྲོ་སྣང་ཡོད་པའི་ཐོག་ཏུ་གཞན་ལ་ཕན་སེམས་ལྡན་པ། ཀུན་གྱི་ཡིད་དུ་འོང་བ་ཞིག་དགོས་ཀྱི་ཡོད། དེ་འདྲ་ཞིག་གིས་སྤྱི་ཚོགས་འཚོ་བའི་ཁྲོད་དུ་དགེ་ཕན་ཏན་ཏན་ཡོད། དེ་མིན་ཕན་གནོད་གང་ཡོང་ཏན་ཏན་མེད་པ་རེད། དཔེར་ན་ཕྲུ་གུ་ ཞིག་ལ་བཞུགས་ཁྲི་མཐོ་པོར་ཞིག་གི་ཐོག་ཏུ་བཞག་སྟེ་དར་དང་། གོས་ཆེན་སོགས་ཀྱིས་བཏུམས་ནས་སྡེ་དགོན་དབང་སྒྱུར་བྱེད་དུ་བཅུགས་ཀྱང་དགེ་ལས་གནོད་ཚབས་ཆེ་བ་རྗེས་སུ་མངོན་གྱི་ཡོད་པ་རེད། དེ་ཡང་དབྱངས་ཅན་གྲུབ་པའི་རྡོ་རྗེས། ཝ་སྐྱེས་སེང་ལྤགས་ གྱོན་པ་བཞིན། ནམ་ཞིག་རྗེས་ངན་གསལ་བར་འགྱུར། ཞེས་གསུང་པ་ལྟ་བུར་གྱུར་ན་ཡང་སྲིད་ཁོ་རང་ལྟ་ཅི། ངོས་འཛིན་བྱེད་མཁན་དེ་ཡང་ག་བར་སླེབས་མིན་དང་། མཁྱེན་དཔྱོད་ཅི་འདྲ་ཡོད་མེད་ཟུར་བལྟས་ལེབ་མོར་གསལ་བ་མ་ཡིན་ནམ། ཧ་ཧ་སྤྱིར་བཏང་ཆོས་དཔོན་ཆུང་ངུ་དེ་ཚོའི་ལས་དབང་ཚང་མར་ཆོས་དཔོན་ཆེན་པོ་རྣམ་པས་ལམ་སྟོན་དང་། ཐག་གཅོད་ཆ་ཚང་བྱེད་ཐུབ་ཀྱི་ཡོད། ཡིན་ན་ཡང་། ཆེན་པོ་ཁོ་ཚོའི་ལས་དབང་དཀོན་མཆོག་གམ། ལྷ་ཡིས་ལམ་སྟོན་ཐག་གཅོད་བྱེད་པའི་རེ་སྒུག་བྱེད་ཀྱི་ཡོད། དེ་ནི་ཅི་འདྲའི་ཡ་མཚན་ཅན་ཞིག་ཡིན་པ་འདྲ། བསམ་ཞིང་བསམ་བཞིན་ངོ་མཚར་ཆེ། དཔྱད་ཅིང་དཔྱོད་དུས་གད་མོ་ཤོར་གྱི་འདུག སྤྱིར་བཏང་སྐྱེ་བོ་སུ་ཞིག་ཡིན་རུང་ ཤེས་ཡོན་ཀུན་སྤྱོད་བཟང་རྒུ་འཛོམ་ན་ཆོས་དཔོན་དང་། སྲིད་དཔོན་གང་བྱས་ཀྱང་འགྲིག་པ་རེད། རྣམ་ཀུན་སྤྱི་སྒེར་ཡོངས་ལ་ཕན་བདེ་ སྐྲུན་གྱི་ཡོད་པའི་ཕྱིར། དེ་ལས་ལྡོག་ན་གཉིས་ཀར་གནོད་ཀྱི་ཡོད་པར་བརྟེན། ཐེར་འདོན་ངེས་པར་བྱེད་དགོས་པ་ཡིན། གཞན་ཡང་དུས་ རབས་ཉེར་གཅིག་འདི་ནི་དཔལ་འབྱོར་འཕེལ་རྒྱས་ཤིན་ཏུ་ཆེ་བར་བརྟེན། ཚོང་ལས་ཀྱི་དུས་རབས་ཤིག་ཏུ་གྱུར་གྱི་ཡོད་པ་རེད། དེས་ན་དེང་གི་དུས་སུ་ཆོས་དཔོན་ཕལ་མོ་ཆེ་ཡི་སྤྱོད་ལམ་དང་། བྱེད་སྟངས་ཐད་ལ་ཐུགས་བསམ་བཞེས་ཏེ་ཅུང་ཙམ་བརྟག་དཔྱད་དང་། ཞིབ་འཇུག་གཟབ་ནན་བྱས་པའི་ན། ཁོང་རྣམ་པས་ཕྱག་ལས་དེང་དུས་དང་མཐུན་པའི་ཚོང་གི་ཕྱོགས་སུ་ཁ་ལོ་འགྱུར་བཞིན་རེད། དཔེར་ན་ཁོང་ ཚོའི་ཆོས་ལ་ཟོན་གྱི་འདུ་ཤེས་དང་། ཆོས་དཔོན་ཁོ་རང་རྣམ་པར་ཚོང་དཔོན་གྱི་འདུ་ཤེས། ཆོས་དཔོན་ཕན་ཚུན་ཐུག་འཕྲད་བྱེད་པ་ལ། ཚོང་འབྲེལ་བྱེད་པའི་འདུ་ཤེས། ཞབས་འཁོར་རྣམ་པར་ཚོང་ཕྲུག་གི་འདུ་ཤེས། ཆོས་སྒར་དང་ཆོས་ཚོགས་ཁག་ནི་དཔལ་འབྱོར་འདུ་ འགོད་བྱེད་སའི་ལྟེ་གནས་ལྟ་བུའི་འདུ་ཤེས། ཆོས་འཁོར་དང་ཆོས་ར་ལ་ཚོང་རའི་འདུ་ཤེས། ཆོས་ཁང་ལ་ཚོང་ཁང་གི་འདུ་ཤེས། ཆོས་ ཀྱི་དུས་ཆེན་ཁག་ལ་ཚོང་འདུས་ཀྱི་འདུ་ཤེས། ཆོས་ལུགས་ཀྱི་རྗེས་འབྲང་པ་རྣམས་ལ་སྒོ་ཟོག་གི་འདུ་ཤེས་སྐྱེ་གི་ཡོད་པ་རེད། དེ་ལྟར་སྐྱེ་གི་ཡོད་པ་ཇི་ལྟར་ཤེས་ཤེ་ན། དེ་ཡང་། ཆུ་སྐྱར་ལས་ནི་ཆུ་ཤེས་དང་། དུ་བ་ལས་ནི་མེ་ཤེས་ལྟར། ཞེས་གསུངས་པ་ལྟར། ཕྱི་ཡི་སྤྱོད་ ལམ་རྟགས་ལ་བརྟེན་ཏེ་ནང་གི་བསམ་བློའི་འདུ་ཤེས་འཛིན་སྟངས་དེ་ཉིད་ནི། རྗེས་དཔག་ཚད་མས་གྲུབ་ཟིན་འདི་ལ་སུ་ཡིས་བཅོས་སུ་ མེད་པ་ཀུན་གྱི་ཤེས་གསལ་ལྟར་རེད། དེ་ལྟར་ཡིན་པ་ཀུན་གྱིས་གསལ་པོར་ཤེས་ཀྱི་ཡོད། ཡིན་ན་ཡང་ལྟ་སྲོལ་རྙིང་པའི་སྒྲིག་ཁྲིམས་དང་། དབང་སྒྱུར་གྲལ་རིམ་གྱིས་དབང་ཤེད། དཔལ་འབྱོར་གྱིས་གནོན་ཤུགས། ཡང་ན་ལ་ཞེན་གྱིས་བག་ཆགས་ སོགས་ལ་བརྟེན་ནས་སུས་ཀྱང་ཕྱི་ལ་བཤད་ཕོད་ཀྱི་ཡོད་པ་མ་རེད། དེ་ནི་མི་རྣམས་འདྲ་མཉམ་དང་། རང་ཚུགས་མེད་པའི་རྟགས་ཤིག་ རེད། དེང་གི་དུས་སུ་འཛམ་གླིང་ཡོངས་རྫོགས་དཔལ་འབྱོར་རམ། ཚོང་གིས་ཁ་ལོ་སྒྱུར་གྱི་ཡོད། དེས་ན་ཆོས་ཀྱང་ཚོང་ལས་ཕྱོགས་སུ་གཉེར་ ན་ཤིན་དུ་འཚམས་པོ་ཡིན་སྲིད། དེ་ཡང་རིག་དངོས་ཅི་འདྲ་ཞིག་ཏུ་ཡིན་རུང་རིན་ཐང་འཇལ་དུ་ཡོད་ན་དེ་ཉིད་ཚོང་རྫས་ཡིན་པ་གཞིར་བཞག་རེད། ཆོས་ཀྱི་གདམས་ངག་རྣམས་ནི། ཚོང་རྫས་ལྟ་བུར་རིན་ཐང་འཇལ་དུ་རུང་བའི་ཤེས་བྱ་ཞིག་ཏུ་ཡིན། དེར་བརྟེན་ཆོས་ཀྱི་གནད་ དོན་དེ་ཡང་ཚོང་དོན་གྱི་ཁྱད་ཆོས་ཡོད་པའི་རིང་ལུགས་ཤིག་ཏུ་གྱུར་ཡོད། ཆོས་ཀྱི་ལྟ་སྤྱོད་འདི་ཡང་ཅ་ལག་ཉོ་ཚོང་བྱེད་པ་ནང་བཞིན་ཉོ་མཁན་དང་། འཚོང་མཁན་གཉིས་ཀས་སོ་སོའི་དགོས་མཁོ་དང་། ཁེ་སང་ཆེད་དུ་དམིགས་ཏེ་མི་ཆོས་དང་། ལྷ་ཆོས་གང་འདྲ་ཞིག་ཡིན་ཡང་རུང་། ཉོ་ཚོང་འཐབ་དུས་རིན་གོང་རན་ཚོད་ཅིག་ཏུ་སྤྲོད་ལེན་བྱེད་དགོས་ཀྱི་ཡོད། དེ་མིན་ཧ་ཅང་ཐལ་ན་དགེ་ལས་གནོད་ཚབས་ ཆེ་ཡི་ཡོད་པ་རེད། ཆོས་ཕྱོགས་ཀྱི་ཅ་དངོས་དང་། གདམས་པའི་ཟབ་ཆོས་ཅི་འདྲ་ཞིག་ཏུ་ཡིན་ཡང་རུང་། དེང་དུས་སྒོར་མོས་ཉོ་ཚོང་བྱེད་ཐུབ་ཀྱི་ཡོད། དེ་ནི་དུས་རབས་དང་འཚམ་པ་མ་རེད་སུས་ཀྱང་བཤད་དུ་དཀའ། གང་ལྟར་ཆོས་ཚོང་གཉེར་བ་དེ་ནི་མི་འོས་པ་ཞིག་ དང་། མི་འཚམས་པ་ཞིག་གཏན་ནས་མིན་པར། མ་ཚད་སོ་སོར་དགོས་མཁོ་ཡོད་པའི་མི་ཆོས་རིང་ལུགས་ཀྱི་བསྐུལ་བསྐྱོད་ཅིག་ཡིན་པ་རེད། ལྷ་ཆོས་དེ་ཉིད་མི་ཆོས་ལ་སྦྱར་ཞིང་འཚོ་བའི་ཁྲོད་དུ་མི་ཡི་དགོས་མཁོ་སྐོང་བའི་ཆེད་དུ་སྲིད་འབྱོར་རིག་གསུམ་བསྐྲུན་ན། དེ་ནི་ཆོས་ སྲིད་ཟུང་འབྲེལ་མཚན་ཉིད་ལྡན་པ་ཞིག་ཏུ་ངེས། དེ་མིན་ཇི་ལྟར་ཡིན་མིན་སུ་ཡིས་བཤད་ཚོད་ཐིག་པ་མིན། ང་ཚོ་མི་ཞིག་ཡིན་པའི་ཆ་ ནས་འཇིག་རྟེན་ཕུན་ཚོགས་འཛིན་པའི་རིག་པ་དར་སྤེལ་གཏོང་ཞིང་རང་ཉིད་འཇིག་རྟེན་འདིར། ཡུན་རིང་འཚོ་གནས་ཐུབ་པའི་རྩོད་ ལེན་བྱེད་དགོས་པ་ཤིན་དུ་གལ་ཆེན་ཞིག་རེད། གལ་སྲིད་དེ་ལྟར་མ་བྱས་ཚེ། རང་གི་མི་རིགས་རྩ་བརླག་འགྲོ་རྒྱུའི་ཉེན་ཁ་ཤིན་དུ་ཆེན་ པོ་ཡོད། ཉེན་ཁ་དེ་ལས་སྐྱོབ་པའི་ཐབས་ཤེས་རང་གིས་འགན་ཁུར་དང་། རྣམ་ཀུན་རྩོད་ལེན་རྒྱུན་སྐྱོང་བྱེད་དགོས་ཡོད། དེ་ནི་ཆོས་དང་ཚན་རིག་གཉིས་ཀའི་སྙིང་དོན་བསྡུས་པའི་གཏན་ཚིགས་བླ་ན་མེད་པའོ། སྤྱིར་བཏང་བྱས་ན་མི་ཚོའི་མི་ཚེའི་འགྲོ་སྟངས་དང་། འཚོ་གནས་ཐད་ལ་གཙོ་བོར་སོ་སོ་རང་གིས་འགན་ཁུར་གནང་སྟེ་བདེ་སྐྱིད་ཡོང་ཐབས་རྩོད་ལེན་བྱེད་དགོས་པ་མ་གཏོགས། དེ་མིན་ཐོག་ནས་མར་ལ་གནང་རྒྱུ་ཡོད་པ་ཞིག་དང་། འོག་ནས་ཡར་ལ་འབུལ་ཡག་ཡོད་པའམ། ཡང་ན་བར་ནས་ཚུར་ལ་སྤྲོད་རྒྱུ་ཡོད་པ་དེ་འདྲ་ཞིག་གཏན་ནས་ མ་རེད། ང་ཚོའི་སྤྱི་སྒེར་གཉིས་ཀྱི་གནས་ཚུལ་མང་པོ་ཞིག་ནི་ང་ཚོ་ཤེས་རྨོངས་དང་། སྤྱི་བརྟོལ་གཡང་ལས་ཐར་ན་རང་བཞིན་ཐག་གཅོད་ ཐུབ་ཀྱི་ཡོད། དེར་བརྟེན་རྟོགས་སད་པ་ཡི་མི་རིགས་ཚོས། འགྲུལ་བཞུད་རིག་པས་འཚོལ་སྙེག་དང་། མདུན་བསྐྱོད་རིག་པས་གསར་གཏོད། ཐོད་བརྒལ་རིག་པས་སྣོན་འཕྲི། དཔྱོད་ཤེས་རིག་པས་ལེགས་བཅོས་ལ་སོགས་བརྒྱུད་དེ། སྙིང་སྟོབས་ཆེན་པོས་ཤེས་རིག་དར་སྤེལ་བཏང་ ནས་མི་རྣམས་འདྲ་མཉམ་ཐོག་ཏུ་འཚོ་གོས་དགྱེས་རོལ་ཐུབ་པའི་རྩོད་ལེན་ཡང་ཡང་བྱེད་ཀྱི་ཡོད། བྱེད་ཀྱང་དགོས་པ་ཞིག་ཡིན། གལ་སྲིད་ དེ་ལྟར་མ་བྱས་ཚེ། ཕྱི་རུ་མི་གཟུགས་ཡིན་ཡང་དོན་དུ་དུད་འགྲོ་ཅིག་པ་ཡིན་པར་རེད། དེང་སང་འཛམ་གླིང་ཧྲིལ་པོར་ཧ་ཅང་གི་འཁྲུག་ཆ་ དོད་པ་དང་། ལྷ་འདྲེ་མི་གསུམ་བར་གྱི་མྱོང་ཚུལ་མངོན་པ་དང་། འགྱུར་ལྡོག་མྱུར་ཞིང་ལོ་རྒྱུས་ཀྱི་རྩོད་གཞི་མང་བ་དང་། ཆོས་སྲིད་གཉིས་ ཀྱི་ཞི་དྲག་འདྲེས་ཏེ་རྩོད་རྙོག་འབེལ་བར་བརྟེན། མི་རྣམས་གོ་རྟོགས་སད་ཅིང་གསར་གཏོད་དང་། གསར་བརྗེ་ལམ་དུ་རང་བཞིན་འཇུག་ གི་ཡོད། སྣང་ཚུལ་འདི་དག་ནི། འགྲོ་བ་མི་ཡི་སྲིད་དོན་མཁས་པ་དང་། ཡོན་ཏན་ཅན་གྱི་སྐུ་རུ་བཞེངས་པ་རྣམ་པའི་དཀའ་དྲིན་རེད། དེར་བརྟེན་ཁོང་རྣམ་པར་གུས་བརྩི་ཞུ། འདིའི་ཐད་དུ་དགའ་མཁན་རྣམས་ལ་ཅུང་ཟད་དགོད་རྒྱུ་ཡོད་པ་དང་། སྡུག་མཁན་ཡོད་ན་ཏོག་ ཙམ་ངུ་དགོས་སྲིད་པ་རེད། དེ་ནི་འགྲུལ་བཞུད་བྱས་ཏེ་ཐོད་བརྒལ་ཉིད་དུ་བསྐྱོད་པའི་དུས་རབས་གསར་བའི་བསམ་བློ་པ་ཡི་འབོད་ སྒྲ་མིན་ནམ་ཅི། བསམ་བློ་པ་ཡིས་ཚན་རིག་ལམ་ནས་སྤྱི་ཚོགས་མདུན་ནས་མདུན་དུ་འཁྲིད་ངེས་རེད། དེ་ལ་བཀག་འགོག་དང་། ངོས་ རྒོལ་ཇི་ཙམ་བྱས་པ་དེ་ཙམ་གྱིས་བྱེད་མཁན་ཁོ་རང་ཉེས་ཅན་མི་སྣའི་གྲལ་དུ་འགྱུར་རྒྱུའི་རྒྱུ་རྩ་ཞིག་ལས་དེ་མིན་ཕན་གནོད་གང་ཡང་ ཡོང་མི་ཐུབ། དེང་དུས་སྤྱི་ཚོགས་འགའ་རེའི་ནང་དུ་དགེ་སྐྱོན་འདི་ཡི་སོ་མཚམས་དང་། དཀར་ནག་བར་གྱི་ཕན་གནོད། བདེན་རྫུན་ གཉིས་ཀྱི་འགལ་འབྲེལ། དགྲ་གཉེན་བར་གྱི་ཕྱི་ནང་། ལྷ་མི་བར་གྱི་འབྲེལ་འདྲེས། ཆོས་སྲིད་གཉིས་ཀྱི་ལམ་བུ། འདི་དང་ཕྱི་མའི་དམིགས་ ཡུལ། བླང་དོར་གཉིས་ཀྱི་འཇུག་ལྡོག ཡག་སྡུག་བར་གྱི་ཐོབ་ཤོར་ལ་སོགས་གོ་ལྡོག་གྱུར་ཏེ་ཧ་ལམ་དབྱེ་འབྱེད་དཀའ་བའི་གནས་སུ་གྱུར་ ཡོད། དེ་ནི་ཧ་ཅང་ཉེན་ཁའི་རང་བཞིན་དང་། བློ་ཕམ་སྐྱེ་དགོས་པ་ཞིག་ཏུ་འགྱུར་གྱི་ཡོད་པ་རེད། དེ་བཞིན་སྐྱེ་བོ་རེ་ཟུང་ངམ་མི་རིགས་འགའ་རེ་ནི། ད་དུང་བསམ་ཤེས་དྲན་ཤེས་མེད་པའི་གླེན་འཐུམ། ཤེས་ཡོན་ཀུན་སྤྱོད་དབུལ་བའི་དམུ་རྒོད། རྟོགས་སད་གོ་རྟོགས་དབེན་པའི་མགོ་སྒུར། ལྟ་མྱོང་མཐོང་རྒྱ་མེད་པའི་བག་འཁུམས། སྒྱིད་ལུག་རང་ཉིད་བརྙས་པའི་ངན་ཚུགས། རྩོད་ལེན་སྙིང་སྟོབས་དབེན་པའི་བྲན་གཤིས། ཚོར་ཤེས་དཔྱོད་གླེང་མེད་ལ་འབུ་སྲིན་ལྟ་བུར་གནས་ཤིང་ཡོད། མདོར་ན་དུད་འགྲོ་ལྟ་བུའི་ཚུགས་ཀ་རང་གཤིས་ངན་པ་དེ་ག་རང་ལ་འགྱུར་བ་མི་འདུག དེ་ཡི་རྒྱུ་མཚན་བཤད་ན་རང་མགོ་རང་གིས་འཐུམ་བཞིན་དུ། རང་སྣ་རང་གིས་གཅོག་གི་ཡོད་པ་རེད། དེ་མིན་རྒྱུ་མཚན་ཅི་ཡང་མེད། སྐྱེ་བོ་ཚང་མས་བྱ་བ་ཆེ་ཕྲ་གང་ལའང་ཅིས་ཀྱང་གཟབ་ནན་དགོས་པ་གནད་ཀྱི་དམ་པ་ཡིན། གལ་སྲིད་ཆོས་དང་ཚན་ རིག་གཉིས་ཀྱི་རིག་པའི་གཞུང་གི་རྣམ་གཞག་ཐད་ཀྱི་བླང་བྱ་དང་། འདོར་བྱའི་རིགས་ལ་ནོར་སྐྱོན་དང་། འགལ་རྐྱེན་ཤོར་ཏེ་ཡུན་དང་དུས་ཀྱི་དགོས་མཁོ་སྟབས་བསྟུན་མ་ཤེས་ན། མི་རིགས་རྩ་བརླག་འགྲོ་རྒྱུའི་རྒྱུ་རྩ་ངོ་མ་དེ་ཉིད་ཡིན་པ་རེད། གང་ལྟར་རིག་པའི་གཞུང་ལུགས་དེ་ཉིད་འཛིན་སྐྱོང་ཤེས་ན་སྤྱི་ཚོགས་བདེ་རྩ་དང་། ཡར་ཐོན་ཀུན་གྱི་རྩ་བ་ཡིན། དེ་ལས་ལྡོག་ན་མི་རབས་ཚ་རྒྱུད་རྣམས་ལ་བག་ཆགས་ངན་པ་དང་། ཉམ་ཉེས་ཚབས་ཆེན་གཏོང་བྱེད་ལག་ཆ་ལྟ་བུར་རང་བཞིན་འགྱུར་གྱི་ཡོད། མ་ཚད་མི་རིགས་ཡོངས་རྫོངས་མི་དམིགས་པས་རྒྱས་འདེབས་མཁན་ཡིན་པ་རེད། དེ་མིན་ཕ་རོལ་པོ་ཡིས་ཇི་ལྟར་བྱས་ཀྱང་རྩ་མེད་གཏན་ནས་གཏོང་ཐུབ་ཀྱི་མེད། དཔེར་ན་ དམག་ཆེན་གཉིས་པའི་སྐབས་སུ་ཨ་རིས་འཇར་པན་ལ། རྡུལ་ཕྲན་འབར་རྫས་གཡུགས་ཏེ་ཕྱི་ཡི་ཁོར་ཡུག་གཏོར་བཅོམ་དང་། ནང་གི་མི་དམངས་འབུམ་ཕྲག་མང་པོའི་ཚེ་སྲོག་འཕྲོག་སྟེ་མི་རྒྱུ་གཉིས་ཀའི་ཐད་ལ་ཕམ་ཉེས་ཚབས་ཆེན་བཏང་ཡོད། སྐབས་དེ་དུས་འཇར་པན་ཟེར་ན་ཡ་ང་དགོས་པ་དང་། ཡིད་མུག་སྐྱེ་སའི་གནས་ཤིག་བཟོས་ཡོད། ལོ་ངོ་ལྔ་བཅུའི་སྔོན་དུ་རྡུལ་ཕྲན་གཡུགས་པའི་དུག་བརླང་དེའི་ནུས་པས་ད་ལྟ་ལ་ཡང་ས་ལ་རྩི་ཤིང་སྐྱེ་གི་མེད་པ་དང་། ཨ་མར་ཕྲུ་གུ་སྐྱེས་པའི་སྐབས་སུ་དབང་པོ་མ་ཚང་བ་མང་དུ་སྐྱེ་གི་ཡོད་པ་རེད། མདོར་ན་ཨ་རི་གཙོ་བའི་ནུབ་ཕྱོགས་པ་ཚོས་འཇར་པན་མེད་པ་བཟོ་བའི་ཆེད་དུ་བྱེད་རྒྱུ་ཅི་ཡོད་གང་ཡོད་ད་ལྟའི་བར་དུ་བྱེད་བཞིན་ཡོད། ཡིན་ན་ཡང་འཇར་པན་པ་ཚོའི་སེམས་ཤུགས་མ་ཆགས་པར་རིམ་གྱིས་འགོག་རྐྱེན་དང་། དཀའ་ཚེགས་མཐའ་དག་ཁྱད་དུ་བསད་ནས་མདུན་སྐྱོད་བྱས་པར་བརྟེན། ད་ལྟར་འཇར་པན་ཟེར་དུས་འཛམ་གླིང་ནང་གི་སྟོབས་ཆེན་གྱི་རྒྱལ་ཁབ་ཞིག་ཏུ་གྱུར་ཚར་ཡོད། གང་ལྟར་སྐྱེ་བོ་ཀུན་གྱིས་ཡིད་སྨོན་སྐྱེ་ས་ཞིག་ཏུ་ཆགས་ཟིན་པ་རེད། མ་ཚད་ད་དུང་མ་འོངས་པ་ལ་ཁོང་ཚོས་ག་རེ་བྱེད་རྩིས་ཡོད་མེད་སུས་ཀྱང་དཔག་ཏུ་དཀའ། འཇར་པན་པ་ནི་ཅི་འདྲའི་རིག་པ་ཚ་བ་དང་། གང་འདྲའི་སེམས་ཤུགས་ཆེ་བ་ལ། ཧ་ཅང་ངོ་མཚར་དགོས་པ་དང་། ཡིད་སྨོན་སྐྱེ་སའི་གཞི་ཞིག་དངོས་གནས་ཡིན་པ་རེད། དཔེ་མཚོན་དེ་ཚོར་བལྟས་ཏེ་རྗེས་ལུས་པ་ཚོས་སེམས་ཤུགས་སྐྱེད་རྒྱུ་ཅིས་ཀྱང་རེམ། མི་འུ་འགའ་རེའི་རིགས་ནི་འོབ་དོང་དུ་ཇི་ལྟར་ལྷུང་ན་ཡང་། དེ་ནི་སྔོན་གྱི་ལས་ཡིན་བསམ་སྟེ་བཟོད་སྒོམ་འབའ་ཞིག་བྱེད་པ་མ་གཏོགས། འགལ་རྐྱེན་གང་ཡིན་བཙལ་ཏེ་དེ་ཉིད་མཐའ་བསྐྲོད་གཏོང་བའི་ཐབས་ཤེས་རྩ་ནས་འཚོལ་གྱི་མེད། འདི་ནི་སོ་སོའི་སེམས་ཀྱི་སྟེང་དུ་ཡོད་པའི་ཅི་འདྲའི་བག་ཆགས་ངན་པ་ཞིག་ཏུ་རེད། སྐྱེ་བོ་སུ་ཞིག་ཡིན་རུང་དང་པོར་སོ་སོའི་བསམ་བློའི་སྟེང་གི་བག་ཆགས་དེ་ཉིད་ལེགས་སྒྱུར་གཏོང་ཞིང་དེ་ནས་ཕྱི་རྐྱེན་བཀག་འགོག་དགོས་ཀྱི་ཡོད། དེ་དང་འབྲེལ་བའི་ཆོས་དང་ཚན་རིག་བར་གྱི་ཞིབ་དཔྱོད། རང་གཞན་གཉིས་ཀྱི་ཁྱད་པར། ལེགས་ཉེས་བར་གྱི་བླང་འདོར། ཕན་གནོད་བར་གྱི་དབྱེ་འབྱེད། འདི་ཕྱི་གཉིས་ཀྱི་དགོས་མཁོ། དུས་རབས་འཚམ་པའི་བཅོས་སྒྱུར་བྱེད་རྒྱུ་བཅས་ནི། ཧ་ཅང་གིས་དགོས་གལ་ཆེན་པོ་ཡིན། དེས་ན་ཕྱི་ནང་བར་གསུམ་དང་། རྒྱབ་མདུན་ཟུར་གསུམ། སྟེང་འོག་བར་གསུམ། མངོན་ཤུག་བརྒྱུད་གསུམ་གང་ལ་ཞིབ་འཇུག་བྱས་ཏེ། ཕྱོགས་ཚང་མ་ཅི་ནས་མཐོང་ཐུབ་པར་བྱེད་དགོས་པ་དེ་ནི་གནད་ཀྱི་དམ་པ་འོ། བསམ་བློ་པ་ཡི་བདེན་པའི་འོད་སྣང་དེ། འོད་སྟོང་ལྡན་པའི་མདུན་ལམ་ཡིན་ན་ཡང་། གདོད་མའི་བག་ཆགས་ཟབ་པའི་སྐྱེ་བོ་ཡི། མིག་ལ་ཕོག་ན་ཅུང་ཙམ་ཟན་པར་སྙམ། མཚན་ཉིད་ལྡན་པའི་ཆོས་དཔོན་མ་འཕྲད་ན། རང་གཞན་ཚང་མ་ལོག་པའི་ལམ་ལ་འཁྲིད། དེས་ན་ཚད་ལྡན་ཆོས་དཔོན་དམ་པ་ཞིག འཕྲད་པའི་ཐབས་ཤེས་ཡོད་རྒུ་བརྩོན་ན་དགེ། ཆོས་དཔོན་རྣམ་པའི་མཐུ་དང་ནུས་པ་དེས། དང་པོར་ཚེ་འདི་ཉིད་ལ་ཕན་གྱུར་ན། དེ་ནས་ ཕྱི་མར་ཕན་པའི་རེ་བ་ཡོད། དེ་མིན་ཅི་ཡོང་ཆ་རྒྱུས་སུ་ལའང་མེད། མིང་འབྱོར་དབང་གསུམ་ལྡན་པའི་མི་གྲག་ལགས། བསྟན་པ་སྤྱི་དང་མི་དམངས་ཡོངས་རྫོགས་ལ། ཐུགས་བསམ་བཞེས་ནས་ཕྱག་ལས་གནང་ན་དགེ། དེ་ནི་དུས་རབས་གསར་བའི་འབོད་སྒྲ་རེད། དཔྱད་གླེང་འདི་ཉིད་ཀུན་གྱི་ཐོས་གྱུར་ཅིག། ཐོས་ནས་ནང་དོན་ཇི་བཞིན་རྟོགས་གྱུར་ཅིག། རྟོགས་ནས་ལེགས་ཉེས་བླང་དོར་འབྱེད་པར་ཤོག། འབྱེད་ནས་དགེ་ལེགས་ནོར་བུ་དབང་སྒྱུར་ཤོག། ཅེས་པ་འདི་རང་གི་རྣམ་དཔྱོད་རྩལ་ལས་ཐོན་ཞིང་ཁྲག་རྒྱུན་ནང་ལས་བཞུར་བའི་ལྷག་བསམ་བདུད་རྩི་ཟེགས་མའི་རླབས་ཕྲེང་དང་པོའོ།།
གསལ་བཤད།
དངོས་མིང་། དཀོན་མཆོག་ཆོས་འགྲུབ།
ད་ལྟའི་སྡོད་གནས།བལ་ཡུལ་བཀའ་རྙིང་བཤད་སྒྲུབ་གླིང་དགོན།
འབྲེལ་གཏུགས་དྲ་བྱང་། konchoe@hotmail.com