བར་ཕུ་ཕུན་ཚོགས།
——-
ཤར་སོང་བོད་ཀྱི་ལོ་གསར་ཤར་སོང་།
ནམ་དུས་ཀྱི་འགྱུར་བགྲོས་དང་།
ས་ཁམས་ཀྱི་གནས་སྟངས་ལ་གཞིགས་ནས།
ཉི་མ་བྱམས་སྐྱོང་གི་དྲོད་འཇམ་སྔར་བས་ཆེ་ལ།
ཟླ་བ་སྤྲིན་བྲལ་གྱི་རེ་སྒུག་སྔར་བས་ཟབ་ཅིང་།
སྐར་ཚོགས་ཆིག་སྒྲིལ་གྱི་བློ་རྩ་སྔར་བས་བརྟན་པར།
བཀྲ་ཤིས་པའི་ཉི་མ་ཞིག་ཤར་ཞིང་།
དོན་འགྲུབ་པའི་ཟླ་བ་ཞིག་གས་ཏེ།
ཕུན་སུམ་ཚོགས་པའི་སྐར་མ་དག་ཚོགས་ནས།
བོད་ཀྱི་ལོ་གསར་ཤར་སོང་།
བསུས་སོང་བོད་ཀྱི་ལོ་གསར་ལ་བསུ་མ་མཛད་སོང་།
རྒྱས་སྤྲོས་ཀྱི་ལོངས་སྤྱོད་ཡོངས་སུ་སྤངས་ཏེ།
བག་ཡོད་ཀྱི་འཚོ་ཐབས་ལ་རོལ་བཞིན།
དགའ་དད་ཀྱི་འཛུམ་མདངས་བཞད་ཞོར།
སྐྱོ་སྣང་གི་མིག་ཆུས་བརླན་ནས།
ལོ་གསར་ལ་བསུ་མ་མཛད་སོང་།
རོལ་སོང་བོད་ཀྱི་ལོ་གསར་ལ་རོལ་སོང་།
སྟོད་ཀྱི་གངས་རི་འོད་དཀར་དཀར།
ཁྲ་ཆུང་མིག་གིས་མཐོང་ནས་དགའ།
བར་གྱི་རྒྱུག་ཆུའི་སྒྲ་ལྷང་ལྷང་།
རླུང་ཤོག་རྣ་བས་ཉན་པར་སྤྲོ།
སྨད་ཀྱི་རྒྱ་མཚོ་གཏིང་ཟབ་ཟབ།
གངས་དཀར་སེམས་ཀྱི་ཚོར་བས་སྐྱིད།
མཐུན་པའི་ལག་གདང་་གྲིམས་ཤིག་ཤིག།
ནམ་ཡང་མ་ལྷོད་ཨེ་མ་ཧོ།
ལྷན་དུ་འཛོམས་དུས་སེམས་ཤུགས་ཀྱི་སྤོབས་པས་ཁེངས་ནས།
སྙན་དབྱངས་ཀྱིས་ས་གཞི་གཡོས་པ་འདྲ།
རྒྱང་ནས་བལྟ་དུས་རེ་སྒུག་གི་མིག་ཟུང་འཕེན་བཞིན།
བྲོ་གར་གྱིས་གནམ་ས་བསྒྲིགས་པ་ལྟར།
བོད་ཀྱི་ལོ་གསར་ལ་རོལ་སོང་།།