བསམ་གླིང་ཚེ་རིང་ལྷ་མོ།
ཀ་ཤིའི་རས་གོས་རྩེ་མོར་བསྒྲོན་ལྟར་རྒྱང་རིང་གངས་རི་དཀར་མདངས་བཀྲ།།
ཁ་བའི་མཛེས་མདངས་རྣམ་པར་བཀྲ་བས་ཆུ་ཤེལ་དབང་པོས་འགྲན་པར་དཀའ།།
གང་དུ་བལྟས་ཀྱང་རྡ་སའི་ཡུལ་གྱིས་བདག་ཉིད་དྲན་པའི་ཀློང་དུ་ཚུད།།
ང་སེམས་མི་འགྱུར་རྡོ་རྗེར་འགྲན་ཀྱང་དེ་རིང་ནམ་མཁའི་གླང་པོ་བཞིན།།
ཅ་དངོས་ཚོང་བའི་བར་སྐོར་ནང་དུ་མ་ཎིའི་སྒྲ་དབྱངས་རྣ་བར་སྙན།།
ཆས་གོས་འཆོར་པོའི་རྒྱན་གྱིས་སྤུད་པའི་མཇལ་བའི་སྐྱེ་བོ་བར་མཚམས་བྲལ།།
ཇོ་ཤཀྱ་མཇལ་བའི་ལྷ་སའི་མཛེས་ལྗོངས་ད་ནི་རྒྱང་ཁད་ལྷག་པར་ཆོད།།
ཉི་འོད་གྲོང་ཞེས་སྙན་པར་གྲགས་ཀྱང་མི་ཚེ་འཕགས་ཡུལ་འདི་རུ་གྱར།།
ཏ་ཐ་ག་ཏའི་གཞུང་ཆེན་སྦྱོང་བའི་སྐལ་བཟང་ཚེ་འདིར་མ་བསྐོས་ཀྱང་།།
ཐ་མལ་གྲལ་ནས་འཁྱར་འཁྱོར་ལངས་འདོད་བདག་སེམས་དེ་རིང་ཧ་ཅང་འཁྲུག །
ད་ལོའི་རྡ་སའི་མཛེས་ལྗོངས་རོལ་ནས་ཡིད་ལ་དགའ་བ་འཕེལ་གྱུར་ཀྱང་།།
ན་བུན་དུ་མས་ནམ་མཁའ་དཀྲིགས་ཏེ་ཤག་ཤག་ཆར་ཆུ་རྫོགས་པར་དཀའ།།
པ་སངས་ལྟ་བུའི་སྐར་ཆེན་ཞིག་གི་ཁེར་རྐྱང་སེམས་པས་ང་རང་གདུང་།།
ཕ་ཡུལ་བྲལ་ནས་ལོ་མང་སོང་བས་ཡིད་སེམས་མནར་བ་མིན་ནམ་ཅི།།
བོད་ཅེས་བྱ་བའི་གངས་ཅན་ལྗོངས་ཀྱི་མཛེས་ལྗོངས་ཡིད་ལ་དྲན་ཐེངས་རེར།།
མ་སུ་རི་དང་རྡ་སའི་མཛེས་ལྗོངས་གཅིག་ཏུ་སྤུངས་ཀྱང་འགྲན་པར་དཀའ།།
རྩྭ་ཐང་ཡངས་པོར་མེ་ཏོག་རྒྱས་ཤིང་ཆུ་མིག་འབུར་འབུར་དྭངས་ཤིང་གྲང་།།
ཚ་གྲང་སྙོམ་པའི་གནམ་གཤིས་དེས་ཀྱང་སྐྱེས་བུའི་ཡིད་ལ་དགའ་བདེ་སྦྱིན།།
ཛ་དྲག་ཆེ་བའི་དམར་པོའི་དཔུང་ཤུགས་དེ་དུས་བོད་དུ་སླེབས་མེད་ན།།
ཝ་མོ་བཞིན་དུ་མཇུག་མ་གློད་ནས་སྐྱིད་ཉལ་བརྒྱབ་སྟེ་ཡོད་ཐག་ཆོད།།
ཞི་དྲག་གཉིས་ཀས་འཐབ་རྩོད་བྱེད་པའི་དཔའ་སྟོབས་ང་ཚོར་ལྡན་འགྱུར་ན།།
ཟ་འདྲེ་ལྟ་བུའི་དེང་དུས་བོད་མིས་མ་འཇོན་ལས་ཀ་ཅི་ཕྱིར་ཡོང་།།
འ་ཅག་འདི་ནས་ད་དུང་གཉིད་དེ་སྐྱིད་པའི་གཉིད་ལམ་རེ་བ་ལྟར།།
ཡུ་རོབ་ལ་སོགས་རྒྱལ་སྤྱིའི་རོགས་སྐྱོར་རེ་བ་ཆེན་པོས་འབོད་བྱས་ཀྱང་།།
ར་སྤུའི་འུར་རྡོས་ར་རྐང་བཅག་ལྟར་བོད་ཀྱི་རང་བྱུང་ཐོན་སྐྱེད་ཀྱིས།།
ལེ་ལོ་སྤང་པའི་རྒྱ་ནག་མི་མང་ཁྲོམ་རའི་ཕྱོགས་སུ་མདུན་མཆོང་བྱས།།
ཤ་ཚས་དབེན་པའི་རྒྱལ་སྤྱིའི་མི་རིགས་རང་གི་དཔལ་འབྱོར་ཁོ་ནས་གཡེང་།།
ས་ཆའི་བདག་པོ་བོད་འབངས་རྣམས་ནི་ཕྱི་ནང་རེ་དོགས་ཐ་དད་གྱེས།།
ཧ་ཅང་རྒྱལ་སྤྱིར་བློ་གཏད་བཅོལ་ནས་ད་དུང་ཞུ་བཏུགས་བྱེད་མུས་ཀྱང་།།
ཨ་ཞང་ཁོ་ནར་ཞི་དྲག་བསྟུན་མཁས་ཇི་ལྟར་བྱས་ན་ལེགས་འགྲོ་ཨང་།།
ཤ་ཚ་ཆེ་མདོག་རྒྱལ་སྤྱིའི་འཛུམ་མདངས་བཅོས་མ་འདི་ལ་ཞེན་པ་ལོག །
སྲིད་ཀྱི་ཁྲོམ་རས་བོད་དོན་ཁ་འཁྱེར་རང་དོན་སྒྲུབ་མཁན་ཇེ་མང་རེད།།
ཧ་ཅང་དཀོན་པའི་གོ་སྐབས་བྱུང་ན་ད་ནི་གཞན་ཡུལ་བློས་གཏོང་གིས།།
ཨ་ཞང་པང་དུ་སྡོད་དགོས་བྱུང་ཡང་གཞིས་བྱེས་མཉམ་འཛོམས་བྱུང་ན་ཨང་།།
ཧ་ཅང་གདུང་བའི་ཡིད་ཀྱི་འབོད་སྒྲ་དེ་རིང་ཤོག་ངོས་འདི་རུ་ཟགས།།
ཨ་ལན་སྟེར་བའི་མི་བོ་མེད་ཀྱང་རང་སེམས་ཅུང་ཟད་བདེ་ཕྱིར་བྲིས།།
ངས་སེམས་ལ་ང་ལ་བྲིས་པ་རེད་བསམ་ནས་དགའ་སོང་།
ཀློག་ཡོང་དུས་ངའི་ཆེད་དུ་རེད་མི་འདུག
ཉོབ་སོང་།
ཚིག་དོན་གཉིས་ཀ་བཟང་ཡང་། རྡ་ས་ནི་དྷ་ས། ཇོ་ཤཀྱ་འདི་ཇོ་ཤྰཀ་མིན་ནམ།
དབྱངས་ཅན་མ་ཟེར་ན་བསམ་གླིང་ཚེ་ལྷ་ཁྱོད་ལྟ་བུ་ཡིན་རྒྱུ་རེད། ཚིག་དོན་གཉིས་ཀའི་ཆ་ནས་སྙན་པོ་འདུག མུ་མཐུད་དུ་སྙན་རྩོམ་གྱི་པི་ཝང་བརྡུང་རོགས་་་་་་་
སྔོ་སངས་བུ་མོ་རབ་ཏུ་སྐྱོ་ནས་ཆུ་འཛིན་དྲྭ་བས་བཞིན་རས་བཀབ།།
སྐྱོ་བའི་མཆི་མས་དྲྭ་བར་རླན་ནས་ཆར་ཆུ་ཐིག་པས་རབ་ཏུ་ཁེངས།།
ལོ་མ་འཛིན་པའི་ཤིང་སྡོང་རྒོད་པོ་གོས་ཀྱི་ཁ་མདོག་ཡོངས་སུ་འགྱུར།།
ཉེ་འཁོར་ལྟས་མོར་སེམས་པ་སྐྱོ་ནས་མིག་མཐའ་མཆི་མས་རླན་པ་གྱུར།།
ངོ་མ་སྙན་ཀི
འདི་འདྲ་བྲིས་ན་ངའི་སེམས་པ་དྲན་གདུང་གིས་མནར་བཞིན་ཕུན་ཚོགས་རང་ཡུལ་ལ་གང་མགྱོགས་ལོག་པར་འདོད།
ཧ་ཅང་སྙན་པོ་འདུག་གོ
དབྱངས་ཅན་སྙན་པའི་རོལ་མཚོ་ལས་བྱུང་བའི། །
ཚེ་རིང་ལྷ་མོ་གངས་ཅན་ཡུལ་དུ་བཞད། །
ཁྱོད་ནི་དོན་གྱི་བོད་མིའི་མཛངས་མ་དང་། །
ནམ་ཡང་སྙན་ངག་རིས་མོས་མཛེས་པར་བྱེད།།
དྷ་སའི་སྙན་ངག་བྲིས་ནས།།
ཕོ་བརྒྱ་མགྲོན་དུ་བགུགས་སོང་།།
མཁས་པས་སྙན་ངག་བྲིས་དང་།།
བླུན་པོས་མཐེ་བོང་བསྒྲེང་དང་།
སྙན་མོ་བྲིས་འདུག་བོད་མོ་ཞིག་གིས་འདི་ལྟར་ཐོན་པ་ནི་འགའ་འོས་པའི་གནས་རེད། རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ།
འོན་ཀྱང་་་ཀ་ཕྲེང་ཟེར་དུས་་་གསལ་བྱེད་རྐྱང་པ་ལས་་་་་དབྱངས་དང་བརྩེགས་སོགས་མེད་ན་དེ་བས་ཀྱང་མཛེས།
རྩོམ་འདི་འདྲ་ཀློག་དུས་སེམས་ལ་ཞི་བདེ་སྟེར།
དེ་མིན་རྩོམ་རྙོག་ཀློག་དུས་སེམས་ཁོངས་འཁྲུགས་གཞིར་འགྱུར་ཡོང་གི་འདུག
སྙན་ངག་སྨྲ་བས་དྷ་སའི་སྲང་ལམ་ཁྱི་དང་གླང་གོས་ཁེངས་པར་མ་རིག་ཟིག།
མགྲོན་ཁང་ཟ་ཁང་སྦྱིན་བདག་དག་གི་གདོང་གི་རྣམ་འགྱུར་སྣ་ཚོགས་རིག་མེད་པ།
ལྕགས་ཁང་རྡོ་ཁང་གྲུ་ཟུར་རེ་ན་གཡབ་རེས་བྱེད་པར་དངོས་སུ་རིག་མེད་ལ།
ཆང་དུད་བཙན་པོས་མྱི་ལྡང་ཁག་ཅིག་སྨྱོ་རྟགས་བསྟན་པར་ཨེ་རིག་ཐལ།།
གང་བྲིས་བྲིས་བ་རྩོམ་ཡིན་ཟེར་ནས་ཚིག་རྐང་ཆ་བསྒྲིགས་ཡ་བསྒྲིགས་རེད།
ནང་དོན་སྲིད་ལ་སྦྱར་བའི་རེ་ཟད་སྐྱོ་སྡུག་ཕྱི་མངོན་ནང་མངོན་གསལ་བོ་རེད།
ཆབ་སྲིད་འཁོར་བར་ཡིད་སུན་སྐྱེས་བ་ཁྱེད་རང་གཅིག་པོ་མ་ཡིན་ཡང་།།
བསམ་གླིང་བོད་མོས་བུ་ཞིག་སྦྲུམ་དང་བོད་ལ་རེ་བ་ཤེར་ནི་རེད།