འབའ་སྲས།
ཕ་མ་ལྷ་ལས་མཆེད་པའི་འགོ་ཁུངས་དེ་མ་ཚོལ།།
འཇིག་རྟེན་བཀོད་པས་བཟོས་པའི་རྟོག་སྒྲུང་དེ་མ་ཚོལ།།
སྤྲེའུ་བྱང་ཆུབ་སེམས་དཔའི་བརྩེ་དུང་གི་རུམ་ཁ།།
བྲག་སྲིན་མཛའ་མོར་སྦྱར་སའི་བྲག་ཕུག་དེ་ཚོལ་ཡ།།
གནམ་ལས་བྱོན་ཞེས་གནམ་གྱི་ཕོ་བྲང་དེ་མ་ཚོལ།།
བང་སོ་མེད་ཅེས་འཇའ་རིས་རྨུ་ཐག་དེ་མ་ཚོལ།།
ལྷ་འདྲེ་གདོན་གསུམ་མ་ཡིན་གདོང་དམར་བའི་མི་བུ།།
གཉའ་ཁྲི་དུར་སྦས་བྱེད་སའི་བང་སོ་དེ་ཚོལ་ཡ།།
མ་སང་སྤུན་དགུ་ཡོད་པའི་གྲངས་ཀ་དེ་མ་ཚོལ།།
ཡར་ལུང་སོག་ཁ་སྐྱིད་པའི་མཛེས་སྡུག་དེ་མ་ཚོལ།།
སྤུན་དགུ་འཐབ་པས་ཚེ་སྲོག་མདུང་རྩེ་ནས་ཤོར་བའི།།
ཁྲག་རྒྱུན་དམར་པོ་བཞུར་སའི་ཡུར་བ་དེ་ཚོལ་ཡ།།
ཐང་སྟོང་ཟམ་པར་བཞག་པའི་རྐང་རྗེ་དེ་མ་ཚོལ།།
ལྷ་སའི་སྐྱིད་ཆུར་བརྒལ་བའི་ཀོ་གྲུ་དེ་མ་ཚོལ།།
མི་ངོ་ལྷ་ངོར་སྒྲུབ་པའི་གཏམ་རྒྱུད་དེ་རྫོགས་རྗེས།།
བོད་ཁ་གཡག་དྲུག་ཆས་སའི་ལམ་ཁ་དེ་ཚོལ་ཡ།།
སྲོང་བཙན་ལྷ་རྒྱུད་ཡིན་པའི་གདུང་རྒྱུད་དེ་མ་ཚོལ།།
འཛམ་གླིང་དབང་དུ་བསྒྱུར་པའི་ཆེ་བཤད་དེ་མ་ཚོལ།།
རྒྱལ་ཕྲན་དབང་དུ་བསྡུས་པའི་དཀྱིལ་འཁོར་ལ་བཞུགས་རྗེས།།
བཀའ་ལོག་ཞལ་ལྕེ་གཅོད་བྱེད་རལ་གྲི་དེ་ཚོལ་ཡ།།
ཐོན་མིའི་གོང་གི་ཐོན་མི་གཉིས་པ་དེ་མ་ཚོལ།།
ཡི་གེ་མ་དར་སྔོན་གྱི་ཡི་གེ་དེ་མ་ཚོལ།།
འཛུབ་མོ་སོ་ཡིས་བཅད་དེ་སྙུ་གུ་རུ་བྱས་ནས།།
དཀར་མཛེས་ཨ་ཡིག་བྲིས་པའི་ཤོག་བུ་དེ་ཚོལ་ཡ།།
༢༩/༠༥/༢༠༡༣
མི་རིགས་མི་གཅིག་རིག་གཞུང་དེ་མ་འཚོལ།
མི་རིགས་མི་གཅིག་སྐད་ཡིག་དེ་མ་འཚོལ།
མྱེས་པོས་སྒྲུབ་པའི་ས་སྐྱེས་རྡོ་སྐྱེས་ཀྱི།
རིག་གཞུང་ཕུན་སུམ་ཚོགས་འདི་ངོ་ཤེས་དགོས།
མདོ་དབུས་ཁམས་གསུམ་གང་ཡིན་ཡོང་ཁོངས་དེ་མ་བཙལ།།
གཞིས་བྱེས་གང་ནས་སྐྱེས་པའི་སྐྱེ་ཁོངས་དེ་མ་བཙལ།།
མགོ་ནག་རྩམ་ཟན་གཅིག་པའི་འདུ་ཤེས་དེ་ཁུར་ནས།།
སྐྱིད་སྡུག་མཉམ་ཁུར་བྱེད་པའི་རིགས་ཞེན་དེ་ཚོལ་ཡ།།
དབུ་ལམ་རང་བཙན་གང་ཡིན་ལྟ་བ་དེ་མ་བཙལ།།
ཚོགས་པ་སྐྱིད་སྡུག་གང་གི་རྗེས་འབྲངས་ཡིན་བལྟ།།
གངས་ཅན་རྫོགས་ལྡན་གསར་བའི་ཉི་གཞོན་དེ་བསུ་ཆེད།།
རྒྱ་དམར་རང་ཡུལ་འདེད་པའི་ཐབས་ལམ་དེ་ཚོལ་ཡ།།
མི་རིགས་དཀར་ནག་གང་ཡིན་ཤ་མདོག་དེ་མ་བཙལ།།
སྟུ་སྒོ་དམ་ལྷོད་གང་ཡིན་ཐག་རིང་ནས་མ་དཔྱོད།།
གཡའ་ཆུ་འདོམས་ནས་བསྲེ་བའི་ཐབས་ལམ་དེ་བཙལ་ནས།།
སྟོན་ནམ་རིང་མོ་རྫོགས་པའི་དགའ་སྟོན་དེ་ཚོལ་ཡ།།
ཨ་ལ་རྩེད་མོ་ཡིན། དཔེ་ཡག་པོ་བྲིས་འདུག ཐུགས་རྗེ་ཆེ།
ཕ་བསད་དགྲ་བོ་གཉེན་སྒྲིག་བྱེད་སེམས་དེ་མ་བྱེད།།
རེ་སྟོང་འབུམ་གྱིས་ཁེངས་པའི་ལམ་བུ་དེ་མ་འཚོལ།།
མི་རིགས་ལྷན་སྐྱེས་རང་བཞིན་ཐོབ་ཐང་དེ་བརྩད་ནས།།
ས་ཡ་དྲུག་གི་གཏན་གྱི་མདུན་མ་དེ་འཚོལ་ཡ།།
མ་བཙལ། མ་འཚོལ། མ་ཚོལ་གསུམ་ལས་གང་དག་གམ།
འཚོལ་བཞིན། བཙལ་ཟིན། བཙལ་རྒྱུ། ཚོལ་ཅིག
རང་གིས་མི་འཚོལ་བ་རྒྱུ་མཚན་དུ་བྱས་ནས་མ་བཙལ་བ་ཡིན་ན་མ་བཙལ་དག།
གཞན་གྱིས་མི་འཚོལ་བའི་དོན་དུ་སྐུལ་བ་ཡིན་ན་མ་ཚོལ་དག།
མ་འཚོལ་ཟེར་བ་ཞིག་གཏན་ནས་མེད་པས་མི་དག།
གནམ་རྒན་པོས་བཤད་པ་ལྟར་རོ། བྱིས་པ་དག་ཡིག་ཁ་ནས་བསྐྱོར། མ་དག་ཡི་གེ་ལག་པས་བྲིས། ཟེར་བ་བཞིན་མ་དག་པ་མང་པོ་ཞིག་ཤོར་འགྲོ་ཡི་འདུག་ཨ།