ཤིས་ཚང་ལྗང་མྱུག
ཐོག་མའི་གླེང་སློང་།
དེ་ཡང་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གང་ཉིད་ཐོག་མར་ཡུལ་ལིམ་བི་ནིའི་སྐྱེད་ཚལ་དུ་སྐུ་འཁྲུངས་པ་ནས་མཐར་གནས་རྩྭ་མཆོག་གྲོང་དུ་སྐུ་མྱ་ངན་ལས་མ་འདས་བར་གྱི་མཛད་ཆེན་དག་ཡུལ་གང་དང་གང་དུ་བསྟན་པའི་གནས་ཤུལ་ལ་མཇལ་སྐོར་དུ་འགྲོ་བ་ནི་སྟོན་པ་གང་གི་རྗེས་འཇུག་པ་སྤྱིའི་བསྒྲུབ་བྱར་གྱུར་པའི་ཆོས་ཀྱི་བྱེད་སྒོ་རིགས་ཤིག་ཡིན་ལ། ལྷག་དོན་འུ་ཚོའི་བོད་མི་རིགས་ལ་མཚོན་ན་ཕ་མེས་ནས་བརྒྱུད་པའི་གོམས་སྲོལ་གཤིས་ལ་བསྒོས་པ་ཞིག་ཏུ་གྱུར་ཡོད། ཆོས་ཀྱི་བྱེད་སྒོ་དེའི་ཆེད་དུ་འུ་ཚོའི་མེས་པོ་སྔ་མ་དག་གིས་རྒྱང་རིང་རྒྱང་རིང་ནས་སྤྲིན་དཀར་ཐོད་དང་ས་ནག་འདོམ་ལ་གཞལ་ཏེ་རྒྱང་གྲགས་སྟོང་ཚོ་དུ་མའི་ལམ་ཐག་དཀའ་བའི་ཚེགས་ལ་བརྒྱུས་ཏེ་ཡོང་ཡོད་ལ། དུས་ད་ལྟའང་ལོ་རེར་དཀའ་བའི་ཚེགས་དང་དཀོན་པོའི་རྒྱུ་ལ་མ་འཛེམ་པར་སྨད་ནས་སྟོད་དང་། ཤར་ནས་བྱང་བརྒྱུད་དེ་རྒྱ་གར་འཕགས་པའི་ཡུལ་དུ་གནས་མཇལ་དུ་འགྲོ་མཁན་གྱི་བོད་མིའི་ཁ་གྲངས་ནི་ཟླ་བ་ཡར་ངོ་བཞིན་འཕེལ་ཅིང་མང་བའི་ཚོད་དུ་མཆིས། ཡིན་ནའང་། མང་ཆེ་བས་སྔར་ལྟར་བྱིན་རླབས་འཐོབ་ཤག་དང་ཕན་ཡོན་ཡོད་ཤག་གི་དག་སྣང་ཙམ་སྦྱངས་ཏེ་བཅོམ་ཆག་ཞིག་རལ་གྱི་མཁར་ཤུལ་རེར་མགོ་བོ་གཏུགས་ཙམ་བྱས་ཏེ་འགྲོ་བ་ལས། ཉམས་ཞིབ་དང་བསམ་དཔྱོད་རང་བཞིན་གྱིས་སྨྱུ་གུ་དང་ཤོག་བུ་བཟུང་སྟེ་མཐོང་སྣང་གི་སེམས་ཚོར་ཡི་གེར་སྡེབ་མཁན་ནི་ཧ་ཅང་དཀོན་ལ། འདས་པའི་ལོ་རྒྱུས་ཁྲོད་དུའང་ཆག་ལོ་ཆོས་རྗེ་དང་འཁྱམ་པོ་དགེ་ཆོས་ལྟ་བུའི་སྐྱེས་ཆེན་ཉི་མ་ལྟ་བུ་རེ་གཉིས་ཤིག་ལས་གཞན་སུས་ཀྱང་གནས་འདིར་བགྲོད་པའི་ལམ་ཡིག་དང་ཟིན་ཐོའི་ཤོག་ལྷེ་ཁ་ཚང་བ་ཞིག་འུ་ཚོ་ཕྱི་རབས་པའི་མིག་ལམ་དུ་བསྟབས་པ་ནི་ལྷག་ཏུ་དཀོན།
སྤྱིར་བོད་པ་ཚོར་གནས་གང་དུ་ཕྱོགས་བསྐྱོད་འགྲུལ་བཞུད་སྐབས་རང་གི་མཐོང་ཐོས་མྱོང་བ་ཟིན་ཐོར་འདེབས་པའི་གོམས་གཤིས་མེད་པ་ནི་འུ་ཚོའི་ཞན་ཆ་དང་མིག་སྔའི་སྟོང་ཆ་ཆེན་པོ་ཞིག་ཡིན་ལ། གནའ་ནས་ད་བར་མི་རིགས་གཞན་གྱི་ལེགས་ཆ་ཚུར་ལེན་བྱ་མ་ཐུབ་པའི་དཔེ་མཚོན་ངོ་འཕྲོད་སླ་བ་ཞིག་ཡིན་པར་མ་ཟད། འདིས་འུ་ཚོའི་མི་རིགས་འདི་སྔ་མོ་ནས་བཟུང་སྟེ་སྒྱིད་ལུག་གི་སྣང་ཚུལ་་ལྷན་སྐྱེས་སུ་མངའ་བ་ཞིག་ཡིན་པའང་འགྲེལ་བརྗོད་བྱེད་སླ་བ་ཞིག་རེད། ཟིན་ཐོ་ནི་ཟིན་ཐོ་སྟེ་གཞུང་ལུགས་ག་གེ་མོའི་ལྟ་གྲུབ་ལ་ཉན་བསམ་སྦྱོང་བརྡར་བྱས་པའི་རྨང་གཞི་དང་གྲུབ་འབྲས་མི་དགོས་ལ། གྲུབ་མཐའ་ཆེ་གེ་མོའི་ལྟ་བའི་སྒྲོམ་གཞི་ལས་བརྒལ་མི་ཆོག་ལྟ་བུའི་མཚམས་ཚིགས་མེད་པར་རང་གི་དངོས་མཐོང་མྱོང་བས་བསླན་པའི་སྐབས་ཐོག་གི་ཚོར་སྣང་དང་བསམ་གཞིགས་ཡི་གེར་བསྡེབས་པ་ཞིག་ཡིན་ཆོག་ལ། ཡིད་འོང་ཚིག་སྦྱོར་གྱི་སྙན་ཆ་དང་རྨད་བྱུང་སྒྱུ་རྩལ་གྱི་མཛེས་ཉམས་ཡོད་མེད་ཅི་ལྟར་ཡང་ཉམས་ཞིབ་རང་བཞིན་གྱི་ཟིན་ཐོ་ལེགས་པོ་ཞིག་འཁྱོངས་ཚེ་དེ་མ་འོངས་ལོ་རྒྱུས་ཀྱི་རྒྱུ་ཆ་གལ་ཆེན་ཞིག་ཏུའང་འགྱུར་ངེས་ཡིན།
འགའ་ཤས་ལ་བལྟས་ན་གནས་སྐོར་བྱ་བ་ནི་སྨོན་ལམ་འདེབས་པའི་ཆེད་དུ་ཡིན་པ་འདྲ་ལ། འགའ་ཤས་ལ་བསམ་ན་གནས་སྐོར་བྱ་བ་ནི་མཐུ་བཙན་པའི་བག་ཆགས་ཤིག་གི་སྒུལ་ཤུགས་ཀྱིས་བསླངས་འོང་བ་ལས་གཞན་དམིགས་དོན་འཆར་སྒོ་གང་ཡང་མེད་པར་སྙམ། ཁོ་བོས་གནས་སྐོར་དུ་འགྲོ་བ་ནི་ལོ་རྒྱུས་ཤིག་གི་བཤུལ་ལམ་ལ་རྗེས་འདེད་བྱ་བ་དང་འདྲ་བར་སྐབས་ཤིག་གི་ཆག་འཇིག་ཉམས་རྒུད་ཀྱི་བྱུང་འཕེལ་ལ་བསམ་ཞིབ་དགོས་པར་འདོད་ལ། མིག་སྔའི་བཅོམ་ཆག་ཞིག་རལ་གྱི་རྣམ་པ་ཡི་གེར་བསྡེབས་ཏེ་ཅི་ཞིག་གི་རྒྱུ་ཆ་རུ་གསོག་ཉར་མཁོ་སྒྲུབ་དགོས་པར་མཐོང་། རྒྱུ་མཚན་དེའི་ཕྱིར་དང་བསམ་ཚུལ་དེས་བསླངས་ཏེ་རང་ཉིད་ལ་གཞི་རྩའི་དཔྱོད་ཤེས་བསམ་གཞིགས་ཀྱི་མཐོང་རྒྱ་དང་ཀློག་པོ་ཡིད་འགུགས་ཀྱི་ནུས་པ་ཡོད་མེད་ལ་མ་བལྟས་པར་ཐེངས་འདིར་ཡུལ་ཝ་ར་ནཱ་སིར་བསྐྱོད་པའི་ལམ་གྱི་སྣང་ཚོར་མཐའ་དག་ཡི་གེར་བསྡེབས་ཏེ་ཀློག་མཁན་ཁྲི་སྟོང་གི་སྤྱན་སྔར་སྙུ་གུའི་བྲོ་གར་ཞིག་འཁྲབ་འདོད་པ་ཡིན།
༡ འབྲས་སྤུངས་ནས་ལམ་ལ་ཆས་པ།
ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༧ རེས་གཟའ་པ་སངས། ཞོགས་པའི་དུས་ཚོད་བརྒྱད་དང་ཕྱེད་ཀའི་ཐོག་ང་ཚོ་འབྲས་སྤུངས་ནས་རྡོག་ཐོན་གྱིས་ཆུ་ཚོད་གཅིག་ཙམ་གྱི་ལམ་ཐག་བརྒྱུད་དགོས་པའི་ཧོབ་ལི་(Hubli)གྲོང་ཁྱེར་དུ་སླེབས། ཧོབ་ལི་(Hubli)ནི་ང་ཚོ་དང་ཐག་ཉེའི་གནམ་གྲུ་དང་མེ་འཁོར་འབབ་ཚུགས་ཡོད་སའི་གྲོང་ཁྱེར་དེ་ཡིན་ལ། ང་ཚོ་མེ་འཁོར་དང་གནམ་གྲུར་བསྡད་དེ་ས་གང་ཞིག་ཏུ་འགྲོ་དགོས་ཚེ་ཅིས་ཀྱང་ཧོབ་ལི་(Hubli)གྲོང་ཁྱེར་ལ་འགྲོ་དགོས་པས། བོད་པའི་གླ་གཏོང་འགྲུལ་སྐྱེལ་རླངས་འཁོར་མི་ཉུང་བ་ཞིག་ཀྱང་འབྲས་སྤུངས་དང་ཧོབ་ལིའི་བར་ཉིན་ལྟར་འགྲོ་འོང་བྱེད་ཀྱིན་ཡོད། ཧོབ་ལིར་སླེབས་རྗེས་དམིགས་བསལ་བྱ་བ་ཅང་མེད་པས་ཉི་མ་གཏོང་ཐབས་ཡག་ཤོས་ཤིག་ཡོད་པ་ནི་དྲ་ཁང་དུ་སོང་ནས་དྲ་ཐོག་ཉུལ་རྒྱུ་དེ་རེད། ཉེ་བའི་ལོ་འདི་འགར་རྒྱལ་སྤྱིའི་ཚད་ལྡན་ཨང་སྒྲིག་ཅན་(Unicode)གྱི་བོད་ཡིག་གིས་བོད་ཀྱི་དྲ་བའི་ཡིག་གཟུགས་གཅིག་གྱུར་མ་བྱུང་བའི་དཀའ་ངལ་གྱི་འགག་འཕྲང་ཡོངས་སུ་བརྟོལ་པ་ནས་བཟུང་གོ་ལའི་ཉིན་སྲིབ་གང་སར་བོད་ཡིག་གི་དྲ་ཚིགས་འདྲ་མིན་ཆར་རྗེས་ཀྱི་ཤ་མོ་བརྡོལ་པ་ལྟར་གྱུར་ཡོད་ལ། དྲ་ཁང་གང་དུ་སོང་ཡང་བོད་ཡིག་ཅན་གྱི་དྲ་ཚིགས་ཀློག་མི་ཐུབ་པའི་དཀའ་ངལ་གང་ཡང་མེད་པས་ངོ་མ་ཡིད་སྤྲོ་བ་ཞིག་རེད། དེ་བས་ང་ལ་མཚོན་ན་ནམ་རྒྱུན་དྲ་ཁང་དུ་འགྲོ་བ་ནི་དཔེ་ཀློག་ཁང་ཞིག་ཏུ་འགྲོ་བ་དང་ཅི་ཡང་འདྲ་བའི་འདུ་ཤེས་འཛིན་གྱིན་ཡོད།
ཉིན་གུང་རང་གི་འགྲོ་རོགས་ཚོ་དང་ལྷན་དུ་གྲོང་ཁྱེར་འདིའི་ཟླ་འོད་གསོལ་མགྲོན་ཁང་(Moon light Hotal)ཞེས་པར་ཟ་མ་བཟའ་བར་ཕྱིན། ཟླ་འོད་གསོལ་མགྲོན་ཁང་ནི་མེ་འཁོར་འབབ་ཚུགས་དང་ཐག་ཉེ་ཞིང་། རྒྱུན་དུ་བོད་པ་ཚོ་འདུ་འཛོམས་ཆེ་སའི་རྒྱ་གར་བའི་ཟ་ཁང་ཞིག་ཡིན་ལ། སྒོ་བྱང་དུ་(Moon light Hotal)ཞེས་བྲིས་པ་ནི་ཟླ་འོད་གསོལ་མགྲོན་ཁང་ཞེས་པའི་དོན་ཡིན་པར་འདོད་པས་འདིར་དེ་ལྟར་བྲིས་པ་ཡིན། དེ་རིང་ཡང་སྔར་བཞིན་འདུ་འཛོམས་ཧ་ཅང་ཆེ་བའི་ཁར་མང་ཆེ་བ་གྲྭ་བ་རེད། ཆེད་དུ་ཟ་ཁང་འདིར་འགྲོ་བ་ནི་མང་ཆེ་བ་ཤ་ཟ་བའི་ཕྱིར་དུ་ཡིན་པ་འདྲ། ཕར་བལྟས་ཚོད་ཀྱིས་གྲྭ་བ་ཕལ་ཆེ་བས་དོགས་འཛེམ་དང་འཚེར་སྣང་གང་ཡང་མེད་པར་བྱ་ཤ་སོགས་ཤ་རིགས་རྐྱང་བའི་ཟས་ལ་ཧེབ་ཀྱིས་རོལ་གྱིན་པ་ནི་གྲྭ་བ་སྤྱིའི་མཚན་མཐོང་ལ་བསམ་ཚེ་ཅུང་ཟད་དོགས་མི་བདེ་བ་ཞིག་རེད་ལ། ཉེ་བའི་ལོ་འདི་འགར་རྒྱ་གར་གསར་ལམ་ཁག་ཅིག་ཏུ་བོད་པའི་གྲྭ་བ་ཚོར་སྐྱོན་བརྗོད་ངན་བགྲང་བྱས་པའི་གནས་ཚུལ་བསྟུད་མར་ཐོན་པ་དང་། ས་ཁུལ་འགར་བོད་པའི་གྲྭ་བ་ཚོར་ལྟ་ཚུལ་མི་ལེགས་པ་འཛིན་པའི་རྒྱ་གར་བ་ཚོས་བོད་པའི་གྲྭ་བ་ཚོར་༼ཁྱི་དམར་བོ་༽ཞེས་མིང་འདོགས་བྱས་དང་བྱེད་ཀྱིན་པའང་ཚུལ་འདི་ལྟ་བུ་རེ་མཐོང་བས་ལོས་ཡིན་འདོད། འདི་ནི་ཟ་ཁང་འདི་ནས་གློ་བུར་དུ་དྲན་པ་ཞིག་མིན་པར་ཕྱིའི་རྐྱེན་འགའ་རེས་ཡང་ཡང་བསླངས་པའི་རྒྱུན་ལྡན་གྱི་བསམ་ཚུལ་ཞིག་ཡིན་མོད། འོན་ཀྱང་། བསམ་ཚུལ་ནི་བསམ་ཚུལ་ཙམ་ལས་བསམ་ཚད་རང་གི་འདོད་ཐོག་ཏུ་མི་འགྲོ་བའམ་འགྲོ་དཀའ་བ་ནི་གནས་ལུགས་ཀྱིས་ར་སྤྲོད་སླ་བ་ཡིན། ཡིན་ནའང་། དུས་ཀུན་གཞན་གྱི་སྐྱོན་སྣ་བགྲང་བར་མཆུ་མུག་མུག་དང་སྐད་འགྲགས་འགྲགས་བྱེད་ལ། རང་གི་ཐོག་ལ་བབ་ཚེ་ཁུ་སིམ་སིམ་དང་ལྐོག་སུད་སུད་བྱེད་པ་ནི་ཡ་རབས་ཀྱི་སྤྱོད་ཚུལ་དང་གཏན་ནས་མི་མཐུན་པས། རང་གིས་གང་སྐྱོན་དུ་མཐོང་བ་དེ་ལས་ཐོག་མར་རང་ཉིད་བརྒལ་དགོས་པའི་འདོད་ཚུལ་ཞིག་གཡས་ནས་སྒུལ་མི་ཐུབ་ལ་གཡོན་ནས་བཤིག་མི་ཐུབ་པར་ནམ་ཡང་ཨ་འཐས་སུ་འཛིན་གྱིན་ཡོད། དེའི་ཕྱིར། ཁོ་བོས་ཟ་ཁང་འདིར་རང་གི་འགྲོ་རོགས་ཚོ་དང་མ་བསྟུན་པར་ལོགས་སུ་དཀར་ཟས་རིགས་ཀྱི་ཟ་མ་སྟབས་བདེ་ཞིག་མངགས་ཏེ་ཟོས་པ་ཡིན།
ཕྱི་དྲོ་དུས་ཚོད་གཉིས་དང་ཕྱེད་ཀ་ཡོལ་རྗེས་ང་ཚོ་མེ་འཁོར་འབབ་ཚུགས་སུ་ཆས། ཅུང་ཙམ་སྒུག་རྗེས་ད་གཟོད་མེ་འཁོར་སླེབས་ཤིང་མི་ཚོགས་ཀྱིི་འཚང་ཁའི་ཁྲོད་ང་ཚོ་མེ་འཁོར་ལ་བུད་དེ། རང་རང་ལ་གཏན་འཁེལ་བའི་འདུག་སྟེགས་བཙལ། སྐབས་འདིར་ང་ཚོ་དང་མེ་འཁོར་གཅིག་ཏུ་འཁེལ་བའི་གྲྭ་བ་ཧ་ཅང་མང་བོ་འདུག་མོད། ང་ཚོ་ཕལ་ཆེ་བར་སྔོན་ནས་གཏན་འཁེལ་བའི་འཛིན་བྱང་ཉལ་སྟེགས་ཅན་རེ་ཡོད་པས་འཚང་ཁ་འཕྲོག་རྩོད་བྱེད་མི་དགོས་པར་རང་ཉིད་གང་དུ་འཁེལ་བའི་འཁོར་སྒམ་དུ་ལྷོད་ཀྱིས་འཛུལ་ཆོག ང་དང་ངའི་འགྲོ་རོགས་ཚོས་འཁོར་སྒམ་ཨང་བདུན་པའི(S7)་ནང་དུ་འཁེལ་བའི་རང་རང་གི་ཉལ་སྟེགས་ཨང་གྲངས་བཙལ་ཏེ་བསྡད། ཅང་མ་འགོར་བར་རྣ་ལ་གཟན་པའི་དུང་སྒྲ་དང་བཅས་མེ་འཁོར་ལམ་ལ་ཆས་སོང་། མེ་འཁོར་སོང་བ་དང་མགྲོན་པོ་རྣམས་ཀྱང་རང་རང་གི་ཉལ་སྟེགས་སྟེང་གཉིད་ཁུག་པ་དང་། དེབ་ཀློག་པ། ཡང་ན་ངོ་ཤེས་མིན་གྱི་མགྲོན་པོ་ཚོ་ལ་ཁ་བརྡ་བྱེད་པ་སོགས་བྱས་ཏེ་དུས་ཚོད་འཁྱོལ་ཐབས་བྱེད་པ་ནི་མེ་འཁོར་ནང་གི་སྣང་ཚུལ་སྤྱིར་བཏང་བ་ཞིག་ཡིན། དགོང་སྲོད་མཚམས་ལ་ངའི་འཁྲིས་སུ་ང་ཚོ་དང་འདུག་སྟེགས་མི་གཅིག་པའི་མི་ཞིག་སླེབས་བྱུང་། ཕར་བལྟས་ཚོད་ཀྱིས་ཁ་མུག་མུག་གིས་ཅི་ཞིག་འདོན་གྱིན་པ་དང་། ངོ་གདོང་སོགས་གང་ཅིའི་ཐད་བོད་པ་ཞིག་ལོས་ཡིན་སྙམ་པ་ཞིག་རེད། ངས་ཚོད་ཚོད་ལ་’’ཁྱོད་རང་གང་ནས་ཡིན་’’ཞེས་དྲིས་པར་ཁོས་ཕྱིར་ཧིན་སྐད་ཀྱིས་’’གོ་གི་མི་འདུག་’’ཅེས་ཟེར། ངས་ཧིན་སྐད་ཐར་ཐོར་ཞིག་ཤེས་པས་ཀྱང་རྔོ་གང་ཡང་མ་ཐོགས་པས་ཡུད་ཙམ་རིང་ང་གཉིས་ཀྱིས་ཕན་ཚུན་ལ་གོ་བརྡ་སོགས་གང་ཡང་མ་འཕྲོད། བར་མཚམས་ཤིག་ལ་ཁོའི་སྐད་ཆའི་ཁྲོད་ནས་རྟ་དབང་དགོན་པ་ཟེར་བ་ཞིག་ཐོས་པས་ངས་སླར་ཡང་’’ཁྱོད་རང་རྟ་དབང་ནས་ཡིན་ནམ་’’ཞེས་དྲིས་པ་ཡིན་ལ། ཁོས་ཀྱང་ཅི་ཞིག་ཚོར་བ་ལྟར་ཡིན་པའི་བརྡ་ལ་མགོ་བོ་གཡུག་གཡུག་ཙམ་བྱས་པས་ད་གཟོད་ངས་ཁོ་མོན་པ་ཞིག་ཡིན་པ་གཞི་ནས་ཤེས་སོང་། ཁ་བརྡ་ཞིག་བྱ་དགོས་པར་འདོད་དེ་ང་ཚོ་དང་གྲྭ་ཚང་གཅིག་པའི་མོན་པའི་གྲྭ་བ་ཞིག་ཆེད་དུ་སྐད་བཏང་སྟེ་ངེད་གཉིས་བར་ལ་ལོ་ཙཱ་བྱེད་དུ་བཅུག་པ་ཡིན། ང་ཚོས་མོན་པའི་སྐད་ཆ་ལ་གཟབ་ནན་གྱིས་མཉན་ཚེ་བོད་སྐད་ཀྱི་བརྡ་མང་བོ་ཞིག་འདྲེས་འདུག་པ་ཤེས་ལ། བཤད་ཀྱིན་བཤད་ཀྱིན་གོ་བརྡ་རྦད་དེ་མི་འཕྲོད་པ་ཞིག་གཏན་ནས་མ་རེད།
ཁོས་’’ངའི་ཕ་མ་གཉིས་ཀྱིས་བོད་སྐད་བཤད་ཤེས་མོད། ངས་བོད་སྐད་མི་ཤེས་ལ་བོད་ཡིག་དེ་བས་ཀྱང་མི་ཤེས་’’ཟེར། ཚུལ་འདི་ནི་ཁོ་གཅིག་བུ་ག་ལ་ཡིན་ཏེ། ལོ་རྒྱུས་སྟེང་བོད་དང་འབྲེལ་བ་ཆེས་ཟབ་པའི་ལ་དྭགས་དང་འབྲས་ལྗོངས། མོན་པ་སོགས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རབས་རྒན་པ་རྒན་པ་ཚོས་བོད་སྐད་བོད་ཡིག་ཤེས་ལ། མི་རབས་གསར་བ་གསར་བ་ཚོས་དེ་ལས་ལྡོག་སྟེ་བོད་སྐད་བོད་ཡིག་གཏན་ནས་མི་ཤེས་ཀྱང་། ཁོ་ཚོའི་སྐད་ཆའི་ནང་དུ་ག་ལེར་མཉན་ཚེ་བོད་སྐད་ཀྱི་བརྡ་ཟུར་ཆག་པ་མང་བོ་ཞིག་ཡོད་པ་འདིས་ང་ཚོས་དུས་ཀྱི་འགྱུར་བའི་ཕག་གི་ལོ་རྒྱུས་ཀྱི་ངོ་གདོང་ཞིག་མཐོང་ཐུབ་པ་ཡིན། མོན་ཡུལ་ནི་༸རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཡུལ་དང་། སྔོན་བོད་བཙན་པོའི་རྒྱལ་རབས་སྐབས་བོད་ཀྱི་མངའ་ཁོངས་བསྙོན་མེད་ཅིག་ཡིན་ལ། ཕྱིས་སྲིད་སྐྱོང་དགའ་ལྡན་ཕོ་བྲང་བའི་སྐབས་ཀྱང་མོན་ཡུལ་ཚོ་ལྡེང་སུམ་ཅུ་སོ་གཉིས་པོ་ལྷོ་ཁའི་མཚོ་སྣ་རྫོང་གི་མངའ་ཁོངས་ཡིན་པར་མ་ཟད། ལོ་ལྟར་བོད་གཞུང་ལ་དཔྱ་འབུལ་ཁྲལ་འཇལ་བྱས་མྱོང་བ་ལོ་རྒྱུས་དེབ་ཐེར་ཁག་ཏུ་ཧ་ཅང་གསལ།
ཁོ་བོའི་བསམ་པར། འུ་ཚོའི་ད་ལྟའི་ཕྱི་ཡུལ་ནས་འཚར་ལོངས་བྱུང་དང་འབྱུང་བཞིན་པའི་ཕྱི་སྡོད་བོད་ཕྲུག་ཚོས་ཀྱང་རང་གི་ཕ་མེས་ཀྱི་སྐད་ཡིག་ཕུན་སུམ་ཚོགས་པ་འདི་མི་རིང་འདི་ལྟར་བརླག་འགྲོ་བར་འདོད་ལ། ད་ལྟའི་མི་རབས་འདིའི་རྗེས་མ་རྗེས་མའི་ངག་ཏུ་རང་ཤུགས་ཀྱིས་ང་ཚོས་གོ་མི་ཐུབ་པའི་སྐད་ཆ་ཡ་མ་ཟུང་ཞིག་སླེབས་མི་སྲིད་པ་གཏན་ནས་མིན་པ་སོགས་ལ་བསམ་བློ་འཁྱུག་ཙམ་བཏང་ཚེ་ལུས་སེམས་ཡོངས་ལ་ཚ་བེར་བེར་གྱི་འཚུབ་ཤ་བསླངས་འོང་བ་ཞིག་རེད། ལོ་ཙཱ་བརྒྱུད་ནས་མོན་པ་དེ་དང་ཁ་བརྡ་ཡུད་ཙམ་བྱས་རྗེས་ད་གཟོད་དགོང་ཟས་བཟའ་བར་བརྩམས། ང་ཚོས་དགོང་ཟས་ཟོས་རྗེས་རང་རང་གི་ཉལ་སྟེགས་སྟེང་བུད་ཅིང་གློག་སྒྲོན་གཟིམས་ཏེ་ཉལ་འགོ་ཚུགས་མོད། མེ་འཁོར་གྱིས་མཚམས་དང་བར་མ་ཆད་པར་མུ་མཐུད་དུ་མདུན་ནས་མདུན་ཞིག་སྙེག་གིན་འདུག
༢༠༡༡། ༡ ། ༧ དགོང་མོར་མེ་འཁོར་དུ།
༢ མེ་འཁོར་བརྗེ་བོ་བརྒྱབ་པ།
ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༨ ཉིན། རེས་གཟའ་སྤེན་པ། ནམ་གསལ་ལ་མི་གསལ་བའི་མཚམས་དེར་གློ་བུར་དུ་ང་ཚོའི་འགྲོ་རོགས་ཚོས་ཀཱ་ལེན་(Kalyan)ལ་སླེབས་སོང་ཞེས་སྐད་བརྒྱབས་པ་དང་གཉིད་ལས་དཀྲོགས་སོང་། འཚབ་འཚུབ་ངང་མེ་འཁོར་ལས་ཕྱི་ལ་བུད། ཀཱ་ལེན་(Kalyan)ནི་མཁས་དབང་དགེ་ཆོས་ཀྱི་གནས་ཡིག་ཏུ་གསལ་བ་ལྟར། ‘’སླར་ཨཽ་རང་ག་བད་ནས་རེ་ལི་ཞུགས་ཏེ་མན་མཌ(Manmad)དེ་ནས་ཀལ་ཡན་(Kalyan)ལ་སླེབས་’’ཞེས་པ་དེ་ཡིན་ལ། ང་ཚོའི་མེ་འཁོར་བརྗེ་བོ་རྒྱག་སའང་ས་ཚིགས་འདི་ཡིན། ཧོབ་ལི་ནས་ཐད་ཀར་ཝ་ར་ནཱ་སིར་བསྐྱོད་པའི་མེ་འཁོར་མེད་པས་ས་ཚིགས་འདི་ནས་མེ་འཁོར་བརྗེ་བོ་བརྒྱབས་ཏེ་ད་གཟོད་ཐད་ཀར་ཝ་ར་ནཱ་སིར་བསྐྱོད་དགོས་པ་ཡིན། ཡིན་ནའང་། ཉིན་གུང་དུས་ཚོད་དང་བོ་བར་དུ་ཝ་ར་ནཱ་སིར་འགྲོ་བའི་མེ་འཁོར་མེད་པས་གཙང་སྦྲས་དབེན་ཞིང་མི་ཚོགས་མང་བའི་མེ་འཁོར་འབབ་ཚུགས་འདི་ནས་དུས་ཚོད་མི་སྐྱེལ་རང་སྐྱེལ་བྱུང་། ཀཱ་ལེན་ནི་རྒྱ་གར་གྱི་གྲགས་ཅན་གྲོང་ཁྱེར་མུམ་བྷེ་དང་ཐག་ཉེ་བས་ང་ཚོའི་འགྲོ་རོགས་ཁ་ཤས་ཤིག་དེར་འཁྱམ་དུ་འགྲོ་སོང་།
མུམ་བྷེ་(Mumbai)གྲོང་ཁྱེར་ནི་ཉེ་བའི་འཛམ་གླིང་སྟེང་གི་གྲགས་ཅན་གྲོང་ཁྱེར་བཅུའི་ཡ་གྱལ་ཞིག་ཡིན་ལ། རྒྱ་གར་གྱི་ཚོང་དོན་ལྟེ་གནས་ཀྱི་གྲོང་ཁྱེར་ཞིག་ཀྱང་ཡིན། གྲོང་ཁྱེར་འདིའི་’’སན་རྗི་ཡ་གྷན་དྷིའི་རྒྱལ་སྤྱིའི་གླིང་ཀ་(Sanjia Gandhi National Park)’’ཞེས་པ་དང་ཐག་ཉེ་བའི་མཚམས་སུ་བོད་པ་ཚོས་གྲུབ་ཆེན་བརྒྱད་ཅུའི་སྒྲུབ་ཕུག་ཏུ་ངོས་འཛིན་པའི་ངོ་མཚར་བའི་བྲག་ཕུག་མང་བོར་མཇལ་དུ་ཡོད། བོད་པ་ཚོར་བྲག་ཕུག་དེ་དག་གྲུབ་ཆེན་བརྒྱད་ཅུའི་སྒྲུབ་ཕུག་ཡིན་པར་ཁུངས་གསལ་བོ་ཡོད་མེད་མི་ཤེས་མོད། གོ་ལོ་ཐོས་ལོ་ཙམ་གྱི་རྗེས་སུ་ཕྱོགས་ཏེ་གནས་མཇལ་དུ་འགྲོ་མཁན་ཧ་ཅང་མང་ལ། ཁོ་བོ་ཡང་ཕྱི་ལོ་༢༠༠༡ ལོར་དངོས་སུ་བྲག་ཕུག་འདི་ལ་མཇལ་དུ་འགྲོ་མྱོང་། ཡིན་ནའང་། སྐབས་དེར་ཆུ་སྣ་གར་འཁྲིད་ཀྱི་བླུན་པོའི་ངང་ཚུལ་ལྟ་བུས་བྲག་ཕུག་དེ་དག་ལ་མཇལ་ཙམ་བྱས་ཏེ་ལོག་ཡོང་བ་ཡིན།
ཉེ་བའི་ཆར་གཞོན་སྐྱེས་རྩོམ་པ་བོ་སྐྱེས་སར་ཀླུ་སྒྲུབ་ཀྱིས་རྩོམ་སྒྲིག་བྱས་པའི་《རྒྱ་གར་ནང་པའི་གནས་ཡིག་》ཅེས་པར་བྲག་ཕུག་འདིའི་མིང་ལ་ཀན་ཧེ་རིའི་བྲག་ཕུག་ཟེར་ཞིང་། ཁོས་ངོ་སྤྲོད་བྱས་དོན་ལྟར་ན། བྲག་ཕུག་འདིའི་མིང་ལ་དེང་དུས་ཡོངས་གྲགས་སུ་ཁན་དྷེ་རི་ཟེར་ཞིང་དེ་ནི་རི་ནག་པོ་ཞེས་པའི་དོན་ཡིན་པ་དང་། གནས་འདིར་ཁྱོན་བསྡོམས་བྲག་ངོས་སུ་བརྐོས་པའི་ཕུག་པ་བརྒྱ་དང་དགུ་ཡོད་ལ། དེ་ཚོ་ཕྱི་ལོའི་སྔོན་གྱི་དུས་རབས་དང་པོ་ནས་ཕྱི་ལོའི་དུས་རབས་དགུ་བའི་བར་བཞེངས་པ་ཤ་སྟག་རེད། བྲག་ཕུག་ཕལ་མོ་ཆེ་ནང་པའི་གཙུག་ལག་ཁང་དང་། དགེ་འདུན་པའི་བཞུགས་ཤག་དེ་འདྲ་ཡིན། མཆོད་རྟེན་ཁ་ཤས་ཡོད་པ་དེ་ཚོ་དགེ་འདུན་པ་རྣམས་ལྷན་འཛོམས་བྱེད་སར་བེད་སྤྱོད་གནང་གི་ཡོད་ཅེས་དང་། ཡང་བྲག་ཕུག་ཨང་གསུམ་པའི་ཟུར་དུ་ཡོད་པའི་ཡི་གེའི་ནང་ནས་ཀན་ཧེ་རི་ཞེས་པ་དེ་ཉིད་གཙུག་ལག་སློབ་གཉེར་ཁང་འཐུས་ཚང་ཞིག་ཡིན་པ་ཡང་གསལ་སྟོན་བྱས་ཡོད། ཡང་ཕྱི་ལོ་༡༩༧༤ ལོར་བྲག་ཕུག་བདག་གཉེར་བྱེད་མཁན་གྱི་ལག་པར་ཡི་གེ་གཞན་ཞིག་གསར་རྙེད་བྱུང་བ་དེས་ཡི་གེ་གོང་མའི་བརྗོད་དོན་ལ་མཐུན་འགྱུར་ལྟ་བུ་བྱས་ཡོད། ཡི་གེ་དེ་ཉིད་སྐུ་ཕུང་སྦས་སྐུང་བྱེད་ས་ནས་རྙེད་པ་ཞིག་ཡིན་ན་ཡང་དེས་གནའ་དུས་སུ་ཀན་ཧེ་རི་ཞེས་པ་འདི་ཉིད་སློབ་གཉེར་བྱེད་སའི་ལྟེ་གནས་གལ་ཆེན་ཞིག་ཡིན་པ་ཁུངས་སྐྱེལ་བྱེད་ཐུབ་ཅེས་བྲག་ཕུག་འདི་དག་ནང་བའི་གཙུག་ལག་སློབ་གཉེར་ཁང་ཞིག་ཡིན་ཚུལ་གསལ་བར་བཀོད་པ་ལས་གྲུབ་ཆེན་བརྒྱད་ཅུའི་སྒྲུབ་ཕུག་ཡིན་ཚུལ་གྱི་གླེང་སློང་གང་ཡང་བྱས་མེད་པས་བོད་པ་ཚོས་གྲུབ་ཆེན་བརྒྱད་ཅུའི་སྒྲུབ་ཕུག་ཏུ་ཇི་ལྟར་ངོས་འཛིན་བྱས་པའི་ཁུངས་དང་རྒྱུ་མཚན་འཚོལ་དགོས་པར་འདོད།
གནས་བཤད་འདི་ལྟ་བུ་ཞིག་མཐོང་བས་ཁོ་བོར་སླར་ཡང་གནས་འདིར་འགྲོ་འདོད་ཀྱི་འདུན་པ་འགོག་ཏུ་མེད་པ་ཞིག་སྐྱེས་མོད། དུས་ཚོད་ཀྱིས་མིའི་འགྲོ་འདུག་ལ་གདམ་ཀའི་རང་དབང་དང་ལྷོད་སྡོད་ཁོམ་ལོང་མི་སྟེར་བས་བྱ་ཐབས་བྲལ། དེ་རིང་ཉིན་ཕྱེད་ཙམ་གྱི་རིང་སུན་སྣང་གི་ངལ་དུབ་ཁྲོད་ནས་སྒུག་སྒུག་མཐར་ད་གཟོད་མེ་འཁོར་སླེབས་སོང་། རང་ཉིད་གང་དུ་འཁེལ་བའི་འཁོར་སྒམ་དུ་འཛུལ་ཏེ་གཞི་ནས་ཝ་ར་ནཱ་སིར་ལམ་ལ་ཆས་པ་ཡིན།
༢༠༡༡། ༡ ། ༨ དགོང་མོར་མེ་འཁོར་དུ།
༣ ཝ་ར་ནཱ་སིར་བསླེབས་པ།
ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡༠ རེས་གཟའ་ཟླ་བ། དུས་སྐབས་འདིར་ཝ་ར་ནཱ་སིའི་གནམ་གཤིས་ཧ་ཅང་འཁྱག་ལ། ལྗོན་ལོ་རླུང་གིས་སྒུལ་བའི་ཤག་སྒྲ་དང་། བར་སྣང་ཧྲིལ་བོར་ཐལ་རྡུལ་འཚུབ་པའི་ཉམས་སྣང་གིས་སྐྱོ་བ་སྣོན་མ་ཞིག་སྤྲོད་ཀྱིན་འདུག ཞོགས་པ་ཡར་ལངས་ཏེ་ཐད་ཀར་སྟོན་པ་བཀའ་དྲིན་ཅན་གྱིས་ཐོག་མར་འཁོར་ལྔ་སྡེ་ལ་བདེན་བཞིའི་ཆོས་འཁོར་བསྐོར་བའི་གནས་ལ་མཇལ་བར་ཕྱིན་པ་ཡིན། ཆོས་འཁོར་བསྐོར་བའི་གནས་ཤུལ་མཐའ་བཞིར་ལྕགས་རིས་བསྐོར་ཡོད་ལ། མཇལ་བར་འགྲོ་ཚེ་སྒོ་འགྲམ་ནས་འཛིན་བྱང་ཉོས་ཏེ་འགྲོ་དགོས་འདུག ཕྱི་རྒྱལ་ཡུལ་སྐོར་བ་ཕུད་གཞན་མཇལ་བ་རེར་འཛིན་བྱང་ཧིན་སྒོར་ལྔ་རེ་རེད། དེར་ཟླུམ་པོར་བརྩིགས་པའི་ཕྱིས་ཀྱི་མཆོད་རྟེན་ཞིག་ལས་གཞན་རྩིག་རྨང་དང་གྱང་ཤུལ་འགའ་རེ་མ་གཏོགས་མཐོང་རྒྱུ་ཆེར་མེད་ལ། གཡོན་ཕྱོགས་ཀྱི་ནགས་ཚལ་ལྕགས་དྲས་བསྐོར་བའི་ནང་དུ་ཤྭ་བ་དང་ཡུ་མོ་འགའ་རེ་རྒྱུ་བ་མཐོང་ཚེ་ད་གཟོད་’’དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཚལ་’’ཞེས་པ་ཐོལ་གྱིས་དྲན་ཏེ་འོང་། ལམ་ཁར་རྒྱ་གར་ཡུལ་མི་ཚོས་ལ་ཕུག་དང་སྔོ་ཚོད་གཏུབ་མ་སོགས་འགྱིག་ཤོག་ཏུ་བླུག་སྟེ་མཇལ་སྐོར་བ་ཚོའི་སྔུན་ནས་ཉོ་བར་ཨུ་ཚུགས་ཡང་ཡང་བྱེད་ལ། མཇལ་བ་ཚོས་ཀྱང་དེ་ཉོས་ཏེ་ལྕགས་དྲའི་སྲུབས་ནས་བསྲིངས་ཚེ་ཤྭ་བ་དེ་དག་རྒྱང་ནས་ཐད་ཀར་ལྕགས་དྲའི་འཁྲིས་སུ་སླེབས་ཏེ་འོང་། གོ་སྐབས་དེ་དང་བསྟུན་ནས་རང་ཉིད་ཤྭ་བ་དང་ལྷན་དུ་འདྲ་པར་སྐྱོན་མཁན་ཡང་མང་བོ་འདུག
རྒྱང་ནས་བལྟས་ཚེ་ཟླུམ་གྱི་ལེར་སྣང་བའི་གོང་བརྗོད་རྡོའི་མཆོད་རྟེན་དེ་ནི་གུཔྟའི་(Gupta)རྒྱལ་རྒྱུད་ཀྱི་རྒྱལ་བོ་དྷརྨ་ཀ་(Dhamekha)ཞེས་པས་བཞེངས་པར་གྲགས་ཤིང་། དེའི་འཁྲིས་སུ་རྩིག་རྨང་ཟླུམ་པོ་ཞིག་ཡོད་པ་དེ་ནི་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་མཆོད་རྟེན་གྱི་ཤུལ་ཡིན་པར་སྨྲ། སྔོན་མཆོད་རྟེན་ཡོད་ས་འདིར་གཙུག་ལག་ཁང་ཆེ་ཆུང་དུ་མ་དང་དགེ་འདུན་པ་སྟོང་ཕྲག་མང་བོ་བཞུགས་མྱོང་བར་སྐད་ལ། རྒྱལ་བོ་ཨ་ཤོ་ཀའམ་བོད་སྐད་དུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་རྟ་དང་གླང་ཆེན། སེང་གེ་སོགས་ཀྱི་མགོའི་ཏོག་ཅན་གྱི་རྡོ་རིང་ཡང་བཙུགས་ཡོད་ཚུལ་གསལ་མོད། དུས་ཀྱི་འགྱུར་བ་དང་བསྟུན་ཏེ་ཁ་ཆེ་དང་ཧིན་ངྷི་སོགས་ཀྱིས་ཡུལ་དབུས་འདིར་དམག་ལན་མང་དྲངས་ཏེ་མཆོད་རྟེན་དང་གཙུག་ལག་ཁང་རྣམས་བཤིག་ཅིང་། ངོ་མཚར་བའི་གནའ་བོའི་སྒྱུ་རྩལ་གྱི་བརྐོས་རིས་དུ་མ་དང་། གཞན་རྩ་ཆེའི་སྐུ་བརྙན་དང་། རྡོ་ལ་བརྐོས་པའི་སངས་རྒྱས་ཀྱི་འཁྲུངས་རབས་སོགས་རྐུ་བ་དང་བཅོམ་པ་སོགས་བྱས་ཏེ་སྤྱིར་ནང་བསྟན་རིག་དངོས་ལ་གཏོར་བརླག་ཚད་མེད་པ་ཐེབས་ཡོད་པས། ད་ལྟའི་བཅོམ་ཆག་ཞིག་རལ་གྱི་རྣམ་པ་འདི་མཐོང་བ་དང་བསམ་པ་ཙམ་གྱིས་དངོས་གནས་ཡིད་སྐྱོ་བ་ཞིག་རེད།
བསམ་གཞིགས་བགྱིད་ཞོར་དང་འདྲ་པར་ལེན་ཞོར་དུ་མཆོད་རྟེན་གྱི་མཐར་སླེབས་སོང་། མཆོད་རྟེན་གྱི་མིང་དབྱིན་ཡིག་ཏུ་གསལ་བ་ལྟར་ན་(DHAMEKHA STUPA)ཞེས་ཟེར། མཆོད་རྟེན་གྱི་མཐའ་ཡོངས་སུ་ཕྱོགས་མཐའ་ཁག་ནས་ཡོང་བའི་དད་ལྡན་མཇལ་སྐོར་བ་ཚོས་མར་མེ་སྒྲོན་པ་དང་། ཡོན་ཆབ་འབུལ་བ། ཕྱག་འཚལ་བ་དང་། སྐོར་བ་བྱེད་པ་སོགས་དགེ་སྒྲུབ་ཀྱི་ལས་ལ་བྲེལ་བའི་འདུ་འཛི་ཧ་ཅང་ཆེ་ལ། བོད་ནས་གསར་དུ་ཡོང་བའི་སྤོ་བོ་རྨོ་མོ་འགའ་རེའི་ལྷད་མེད་པའི་དད་དུང་གི་གསོལ་འདེབས་དང་མཐོ་རུ་གྱེར་བའི་མ་ཎིའི་དབྱངས་རྟ་དག་ཐོས་པ་ན་གློ་རྡེག་ཏུ་བོད་ཡུལ་གྱི་ལྷ་སའི་ཇོ་ཁང་མཐའ་རུ་སླེབས་པ་ལྟ་བུའི་ཚོར་སྣང་སྦྱིན་པར་བྱེད། ཉམས་ཞིབ་དང་སྤྲོ་འཆམ་ཡུལ་སྐོར་གང་གི་ཆེད་དུ་ཡོང་བ་མ་ངེས་པའི་ཕྱི་གླིང་བ་འགའ་རེས་པར་ཆས་མཆུ་རིང་རེ་བཟུང་སྟེ་དད་ལྡན་མཇལ་སྐོར་བའི་ཁྲོད་དུ་ཅི་ཞིག་གི་རྒྱུ་ཆ་འཚོལ་གྱིན་པ་ལྟར་པར་ཆས་ཀྱི་མཆུ་གང་སར་བསྐོར་གྱིན་འདུག
༤ དགེ་བསྙེན་དྷརྨ་པ་ལར་མཇལ་བ།
གུཔྟའི་རྒྱལ་རྒྱུད་ཀྱི་རྒྱལ་པོ་དྷརྨ་ཀས་བཞེངས་པའི་ཟླུམ་གཟུགས་མཆོད་རྟེན་གྱི་གཡས་ཕྱོགས་དང་ཉེ་བའི་སར་རྩེ་མོ་རྣོ་ཞིང་མཆོད་རྟེན་དབྱིབས་ཀྱི་གཙུག་ལག་ཁང་ཞིག་ཡོད་པ་དེ་ནི་ཤྲིལིངྐའི་(SRI LANKA)ཡུལ་ནས་བྱོན་པའི་དགེ་བསྙེན་དྷརྨ་པ་ལས་བཞེངས་པར་གྲགས་ཤིང་། མིང་ལ་མུ་ལ་གྷན་དྷི་ཀུ་ཊ་(MULAGANDHA KUTY)ཟེར། གཙུག་ལག་ཁང་འདིའི་མདུན་ངོས་ལམ་གྱི་གཡས་ཕྱོགས་སུ་གྱེན་དུ་བཞེངས་པའི་དགེ་བསྙེན་དྷརྨ་པ་ལའི་སྐུ་བརྙན་གྱི་རྡོ་རིང་ཞིག་ལྕགས་དྲས་བསྐོར་ཡོད་ལ། རྡོ་རིང་དེའི་གཤམ་དུ་ཁོང་གི་མཚན་དང་འཁྲུངས་འདས་ལོ་ཚིགས་བཅས་དབྱིན་ཡིག་གིས་གསལ་བར་བཀོད་པ་ལྟར་ན། ཁོང་གི་མཚན་ཡོངས་ལ་ཨ་ན་གྷི་རི་ཀ་དྷརྨ་པ་ལ་(ANAGARIKA DHARMAPALA)ཟེར་ཞིང་། ཕྱི་ལོ་༡༨༦༤ ལོའི་ཟླ་ ༩ ཚེས་ ༡༧ ཉིན་ཤྲིལིངྐར་(SRI LANKA)སྐུ་འཁྲུངས་པ་དང་། ཕྱི་ལོ་༡༩༣༣ ཟླ་ ༤ ཚེས་ ༢༩ ཉིན་སྐུ་གཤེགས་འདུག
སྐྱེས་སར་ཀླུ་སྒྲུབ་ཀྱིས་རྩོམ་སྒྲིག་བྱས་པའི་རྒྱ་གར་ནང་བའི་གནས་ཡིག་ཏུ་གཙུག་ལག་ཁང་འདིའི་རྟེན་གྱི་གཙོ་བོར་སངས་རྒྱས་ཀྱི་རིང་བསྲེལ་བྲེ་གང་བཞུགས་ཞེས་གསལ་མོད། མཁས་དབང་དགེ་ཆོས་ཀྱི་གནས་ཡིག་ཏུ་གཙུག་ལག་ཁང་འདིའི་ནང་རྟེན་དུ་སངས་རྒྱས་ཀྱི་སྐུ་རུས་ཚན་པ་གཉིས་ཡོད་ཚུལ་འཁོད་ཡོད། སྐུ་རུས་ཚན་པ་གཅིག་ནི་རྡོ་འཇོག་ཡུལ་གྱི་མཆོད་རྟེན་རྙིང་བ་ཞིག་ལས་ཐོབ་པ་དང་། གཅིག་ནི་ལྷོ་ཕྱོགས་དཔལ་གྱི་རི་ནས་རྙེད་པ་དང་། དེ་ཡང་རིན་པོ་ཆེའི་ག་བུ་དང་རྡོ་ཡི་སྒྲོམ་དུ་བཅུག་པའི་ཕྱི་ལ་’’འདི་སངས་རྒྱས་ཀྱི་སྐུ་རུས་ཡིན་ནོ་’’ཞེས་ལོ་ཉིས་སྟོང་གི་སྔོན་དུས་ཀྱི་ཡི་གེ་བཏབ་པ་ཞིག་ཡིན་པས་ཤིན་ཏུ་འཁྲུལ་མེད་ཡིན་པར་གསུངས།
སངས་རྒྱས་ཀྱི་རིང་བསྲེལ་བྲེ་གང་ཡོད་མེད་དང་སྐུ་རུས་ཚན་པ་གཉིས་ཡོད་མེད་གང་ལྟར་ཡང་འཆར་ཅན་དུ་ལོ་རེའི་ཕྱི་ཟླ་༡༡ ཚེས་༡༥ ཉིན་སངས་རྒྱས་ཀྱི་རིང་བསྲེལ་ཞིག་ཕྱི་རུ་བཤམས་ཏེ་དངོས་སུ་མཇལ་ཐུབ་པར་སྐད། གཙུག་ལག་ཁང་འདིར་གཡས་སྐོར་དུ་སོང་ཚེ་རྒྱབ་ཕྱོགས་ཀྱི་ར་སྐོར་ཞིག་ཏུ་འཁོར་ལྔ་སྡེ་དབུས་སུ་སྟོན་པ་རང་ཉིད་སྐྱིལ་ཀྲུང་དུ་བཞུགས་པའི་རྡོ་སྐུ་ཆེན་པོ་ཞིག་དང་། དེའི་མཐའ་སྐོར་དུ་སྟོན་པ་བཀའ་དྲིན་ཅན་གྱིས་འཁོར་ལྔ་སྡེ་ལ་བསྩལ་པའི་ཆོས་ཀྱི་འཁོར་ལོའི་མདོ་རྒྱ་བོད་ཧོར་སོགས་ཀྱི་ཡི་གེར་འཁོད་པ་བཅས་མཇལ་རྒྱུ་ཡོད།
ང་ཚོས་འདས་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་ཕྱི་མིག་ཅིག་བལྟས་ཚེ་ཁ་ཆེ་དང་ཧིན་དྷི་བའི་ཚོད་མེད་པའི་གདུག་རྩུབ་ཀྱི་བྱ་སྤྱོད་ཀྱིས་ཡུལ་དབུས་སུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་ནང་བའི་བསྟན་པ་ལྷག་མེད་དུ་བཤིག་ཅིང་། དུས་ཡུན་གང་འཚམ་རིང་སངས་རྒྱས་རང་ཉིད་ཀྱི་ལུང་གིས་ཟིན་པའི་གནས་ཆེན་དག་གི་ཤུལ་ཙམ་ཡང་ངོས་འཛིན་དཀའ་བའི་ཚད་དུ་ལྷུང་བར་བྱས་མོད། ཕྱིས་སུ་ནང་བའི་བསྟན་པ་ཐུགས་སུ་བརྣག་པའི་ཤྲིལིངྐའི་ནང་བའི་དགེ་བསྙེན་འདིས་ད་ལྟ་མཇལ་དུ་ཡོད་པའི་སངས་རྒྱས་ཀྱི་གནས་ཆེན་གང་མང་ངོས་འཛིན་ཉམས་གསོ་བྱས་ཤིང་། འདི་ལྟ་བུའི་གཙུག་ལག་ཁང་གསར་བཞེངས་དང་གནས་གང་སར་མ་ཧཱ་བྷོ་དྷིའི་(MAHA BODHI SOCEITY)ཆོས་ཚོགས་གསར་འཛུགས་བསྐྱངས་པ་སོགས་ཀྱིས་སླར་རྒྱ་གར་འཕགས་པའི་ཡུལ་དུ་ཕྱི་དར་བསྟན་པའི་མེ་རོ་རྨང་ནས་གསོས་པ་སོགས་བཀའ་དྲིན་ཧ་ཅང་ཆེ་ལ། ཕྱིས་ཀྱི་མཁས་དབང་དགེ་ཆོས་ཀྱིས་ཀྱང་གཞན་གྱི་ཟེར་སྒྲོས་ཙམ་ཡིག་ཐོག་ཏུ་ཕབ་པ་མ་ཡིན་པར་དཀའ་སྡུག་ཚེགས་ཆེའི་ཀློང་ནས་ 《རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་》དཔྱད་ཞིབ་དངོས་མྱོང་གིས་བྲིས་ཏེ་དེ་རིང་དང་སང་ཉིན་གྱི་འུ་ཚོའི་ཕྱི་རབས་པ་ཚོར་རྨོངས་པའི་མུན་པ་སེལ་བའི་གསོས་སུ་བསྟབས་པར་ཡང་ཡང་གོང་བཀུར་རྗེས་དྲན་བྱ་འོས་པར་འདོད་དོ། །
༢༠༡༡ ། ༡ ། ༡༠ ཕྱི་དྲོར་མཆོད་རྟེན་ཐང་དུ།
༥ ཁྲོམ་སྲང་གི་བོད་ཡིག
ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡༤ རེས་གཟའ་པ་སངས། ཉིན་འདི་ཚོར་ཝ་ར་ནཱ་སིའི་ཁྲོམ་སྲང་ཀུན་དུ་མི་ཚོགས་ཀྱི་འདུ་འགོད་ཧ་ཅང་ཆེ་བའི་ཁར་ལམ་འགྲམ་གཡས་གཡོན་དུ་བོད་མི་ཐང་ཁྲོམ་ཤོམ་མཁན་ཚོའི་ཚོང་ཟོག་གིས་ཁེངས་འདུག་པས་འདིར་སླེབས་ཚེ་རེ་ཞིག་བོད་ཡུལ་གྱི་ཁྲོམ་ར་ཞིག་ཏུ་སླེབས་པ་ལྟ་བུའི་ཚོར་སྣང་སློང་བ་ཞིག་རེད། དེ་རིང་ང་རང་དམིགས་ཡུལ་གང་ཡང་མེད་པར་ཁྲོམ་སྲང་དུ་བསྐྱོད་པ་ཡིན་ལ། ཞོར་དུ་བོད་ཡིག་གི་དཔེ་དེབ་གསར་བ་རེ་འཚོང་རྒྱུ་ཡོད་མེད་ལ་དོ་སྣང་བྱས་པ་ཡིན། མི་ཚོགས་ཀྱི་འཚང་ཁ་རྟོལ་བཞིན་ཕྱིན་པ་ན་ལམ་བར་དུ་བོད་པའི་སློབ་ཕྲུག་འགས་དེབ་དང་ཚགས་པར་ཉོས་ཞེས་ཟེར་ཞོར་སྔུན་ལ་བོད་ཡིག་གི་དེབ་འགའ་དང་ཚགས་པར་ཞིག་བསྲིངས་སོང་། ངས་དེབ་དང་ཚགས་པར་ཚུར་ལེན་བཞིན་ཁྱོད་ཚོ་སློབ་གྲྭ་གང་ནས་ཡིན་ཞེས་དྲིས་པར། སེ་ལ་ཀུ་(SELAQUI)སློབ་གྲྭ་ནས་ཡིན་ཟེར་ཞོར་དེབ་དང་ཚགས་པར་རེ་རེ་ངོ་སྤྲོད་མདོར་བསྡུས་རེའང་བྱས་སོང་།
ད་སྐབས་བོད་སྐད་བཤད་མི་སྤྲོ་ལ་བོད་ཡིག་སྦྱོང་མི་འདོད་པའི་བོད་ཕྲུག་མང་བོ་ཞིག་བོད་ཡུལ་སྟོད་སྨད་བར་གསུམ་དང་ཕྱི་ནང་གང་སར་ཐང་ནས་རྩྭ་སྐྱེས་སྐྱེས་དང་སྤང་ལ་མེ་ཤོར་ཤོར་བཞིན་བྱུང་དང་འབྱུང་བཞིན་ཡོད་པ་དང་། ལྷག་པར་ཕྱི་ཡུལ་ནས་འཚར་ལོངས་བྱུང་བའི་བོད་པའི་སློབ་ཕྲུག་མང་བོ་ཞིག་ལ་བོད་ཡིག་གིས་མགོ་ན་ཞིང་ཡི་ག་འགག་བཞིན་པའི་དུས་ཚོད་ཞེ་མེར་བ་འདི་འདྲའི་སྐབས་ཤིག་ལ་བོད་ཡིག་ལ་དོ་སྣང་ཙམ་ཞིག་བྱེད་པ་ལའང་ཁོ་བོས་རིན་ཐང་ཆེན་པོ་སྤྲོད་ཀྱིན་ཡོད། དེ་བས་བོད་ཡིག་གི་དེབ་དང་ཚགས་པར་འདྲ་མིན་པར་སྐྲུན་འགྲེམས་སྤེལ་བྱེད་ཀྱིན་པའི་སློབ་ཕྲུག་རེར་འཕྲད་པ་ནི་ངོ་མ་དགའ་དགོས་པ་ཞིག་རེད། ཁོ་ཚོས་འཚོང་བཞིན་པ་ནི་ལོ་ཆུང་སློབ་ཕྲུག་འགའ་རེས་བརྩམས་པའི་སྙན་ངག་བསྡུས་དེབ་དང་སློབ་གྲྭའི་ནང་ཁུལ་དུ་དཔར་སྐྲུན་བྱེད་ཀྱིན་པའི་《བོད་ཀྱི་རིག་གཞུང་ཚགས་པར་》ཞེས་པ་ཞིག་བཅས་རེད། སྤྲོ་སྣང་ཞིག་དང་སེམས་འགུལ་ཞིག་གིས་ཀུན་ནས་བསླངས་ཏེ་ཚམ་ཚོམ་མེད་པར་དེབ་དང་ཚགས་པར་རེ་རེ་ཉོས་པ་ཡིན་ལ། ཞོར་དུ་བོད་ཡིག་ལ་དོ་སྣང་བྱས་པ་ཡག་པོ་ཡིན་ཚུལ་དང་མུ་མཐུད་དུ་འབད་བརྩོན་བྱ་དགོས་ཚུལ་སོགས་བཤད་དེ་རང་གི་སེམས་བསམ་པའི་རྒྱབ་སྐྱོར་དང་སྐུལ་སློང་མཚོན་པར་བྱས་པ་ཡིན།
སྤྱིར་སེ་ལ་ཀུ་(SELAQUI)སློབ་གྲྭ་ནི་བོད་ཕྲུག་ཁྱིམ་སྡེའི་ཁོངས་ནས་བློ་རིག་དབང་བོ་རྣོ་བའི་བདམས་ཐོན་སློབ་ཕྲུག་ཚོའི་ཆེད་དུ་དམིགས་བསལ་ཆེད་འཛུགས་བྱས་པའི་སློབ་གྲྭ་ཞིག་ཡིན་པས། ང་ཚོས་དམིགས་བསལ་རེ་བ་བྱ་ཆོག་སའི་སློབ་གྲྭ་ཞིག་ཀྱང་ཡིན་དགོས་མོད། འོན་ཀྱང་། སྤྱིར་བོད་ཡིག་གི་མཁའ་དབུགས་ཤོག་བུ་ལས་ཀྱང་སྲབ་པའི་བྱེས་གྱར་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ལ་བལྟས་ན་སེ་ལ་ཀུ་ཡང་འདྲ་འདྲའི་ནང་ནས་མ་འདྲ་བ་དང་ཚང་མའི་ནང་ནས་འབུར་དུ་ཐོན་པ་ཞིག་མིན་པ་ནི་ཧ་ཅང་གསལ་བོ་རེད།
༢༠༡༡ ། ༡ ། ༡༤ ཕྱི་དྲོར།
༦ འགྲེམས་སྟོན་ཁང་གི་ཡིག་རྙིང་།
གནས་ཡིག་ལས་ཤེས་གསལ་ལྟར་ན། ཝ་ར་ནཱ་སི་ནི་གཙང་བོ་གཉིས་ཀྱི་མིང་གྲོང་ཁྱེར་དུ་ཐོགས་པ་ཞིག་ཡིན་ཚུལ་འདུག་ལ། དེ་ཡང་གྲོང་ཁྱེར་དེ་ཝ་ར་དང་ནཱ་སི་གཙང་བོ་གཉིས་ཀྱི་བར་དུ་ཆགས་པས་ཡིན་པ་འདྲ། སྔར་སྟོན་པའི་ཆོས་འཁོར་བསྐོར་བའི་གནས་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཚལ་ཞེས་པའི་ཡུལ་འདིར་དེང་སཱ་ར་ནཱ་ཐི་(Sarnath)ཞེས་འབོད། ཝ་ར་ནཱ་སི་གྲོང་ཁྱེར་ནས་སཱ་ར་ན་ཐི་བར་སྤྱི་ལེ་བཅུ་ཙམ་ཡོད་པར་བཤད། དེ་རིང་ཕྱི་དྲོ་མཆོད་རྟེན་དང་ཐག་ཉེར་གནའ་བོའི་རིག་དངོས་འགྲེམ་སྟོན་ཁང་ཞིག་ཡོད་པ་དེར་ཕྱིན། འགྲེམ་སྟོན་ཁང་འདིའི་ནང་དུ་གནས་ཤུལ་ནས་རྙེད་པའི་སྐུ་རྟེན་ཆག་རོ་དང་ལྷག་འཕྲོ་མང་བོ་ཤེལ་གྱི་སྒྲོམ་བུར་བཞག་སྟེ་ཉར་འདུག་ལ། རེ་རེའི་གཤམ་དུ་བྲིས་པའི་ཡི་གེ་ལྟར་ན་མང་ཆེ་བ་དུས་རབས་དང་བོ་ནས་དུས་རབས་བཅུ་གཉིས་བར་གྱི་རིག་དངོས་རྐྱང་རེད། ངོ་མཚར་བ་ཞིག་ལ་འགྲེམ་སྟོན་ཁང་འདིའི་ནང་འཛུལ་བ་ན་ལག་པ་གཡོན་ཕྱོགས་ཀྱི་རྩིག་ངོས་སུ་ཡིག་རྙིང་མང་བོ་ཞིག་བསྟར་ཆགས་སུ་བྲིས་ཏེ་དཔྱངས་འདུག་པའི་ཁྲོད་དུས་རབས་བདུན་པའི་སྐབས་ཀྱི་གུཔྟའི་(GUPTA)ཡིག་རིགས་ཤིག་ཡོད་པ་ནི་བོད་ཀྱི་ཡིག་གཟུགས་དང་ཧ་ཅང་འདྲ་བོ་འདུག འདིའི་ཁྲོད་ན་ཐོན་མིས་གསར་དུ་རྙེད་པའི་ཡི་གེ་དྲུག་གི་ཇ་ཡིག་དང་འདྲ་མཚུངས་ཤིག་ཀྱང་ཡོད་པར་གཞིགས་ཚེ་བོད་ཀྱི་ཡི་གེ་གུཔྟའི་ཡི་གེ་ལ་དཔེ་བལྟས་ནས་བཟོས་པ་དང་། སྟོད་དུ་ཅ་ཆ་ཇ་གསུམ་ནི་ཐོན་མིས་གསར་དུ་རྙེད་པའི་ཡི་གེ་མིན་པར་འདོད་པའི་མཁས་དབང་དགེ་ཆོས་ཀྱི་གསུངས་དེར་རྒྱུ་མཚན་མེད་པ་ཞིག་གཏན་ནས་མ་ཡིན་སྙམ།
ང་ཚོས་ནམ་རྒྱུན་ཇ་ཡི་སྒྲ་གདངས་རྒྱ་གར་སྐད་ལ་མེད་པས་ཐོན་མིས་དེ་མི་ཞིག་ལ་ཅི་ཞིག་ཏུ་འགྲོ་ཞེས་དྲིས་པའི་ལན་དུ་ཇ་ཉོ་རུ་འགྲོ་བར་སྨྲ་བའི་ལན་འདེབས་ཀྱི་ཚིག་ཟུར་ནས་རྙེད་པ་ཡིན་ཚུལ་གྱི་གཏམ་རྒྱུད་སྙིང་རྗེ་བོ་ཞིག་དང་སྦྱར་ནས་བཤད་ཀྱིན་ཡོད་མོད། རྒྱ་གར་ལ་ཇ་ཡི་སྒྲ་གདངས་ཡོད་པར་མ་ཟད་འཐུང་རྒྱུའི་ཇ་ཡི་མིང་ཡང་དེ་ག་རང་ཡིན། བོད་པ་མང་བོ་ཐོག་མར་རྒྱ་གར་དུ་སླེབས་སྐབས་རྒྱ་གར་བའི་ངག་ནས་ཇ་ཞེས་སྨྲ་བ་ཐོས་ཚེ་དེ་བོད་སྐད་ཡིན་ཤག་བྱེད་ཀྱིན་ཡོད་མོད། རིམ་གྱིས་ཤེས་རྟོགས་བྱུང་ཚེ་དེ་ནི་རྒྱ་གར་སྐད་མིན་པར་སུས་ཀྱང་ཨུ་ཚུགས་བྱེད་མི་སྲིད། བོད་ཡིག་གི་ཐོག་མའི་མ་ཕྱིའི་སྐོར་ལ་རྩད་གཅོད་ཞིབ་འཇུག་བྱ་འདོད་མཁན་ཞིག་ཡིན་ཚེ་ཡིག་རྙིང་འདི་ལ་ཅིས་ཀྱང་དཔྱད་གལ་ཆེ། སྤྱིར་ཡིག་རྙིང་འདི་དག་འདྲ་པར་བླངས་ཏེ་འདིའི་ཕྱོགས་སུ་དོ་སྣང་ཉམས་ཞིབ་མཁན་ཚོའི་སྤྱན་སྔར་ཅིས་ཀྱང་བསྟར་བར་དགོས་མོད། འགྲེམ་སྟོན་ཁང་འདིར་པར་ཆས་དང་ཁ་པར་སོགས་གཅིག་ཀྱང་ཁྱེར་མི་ཆོག་པས་བྱ་ཐབས་ཟད།
འགྲེམས་སྟོན་ཁང་གི་སྦུག་ཏུ་སྟོན་པའི་སྐུ་བརྙན་རྡོ་བརྐོས་ཤིག་ཡོད་པའི་མདུན་དུ་རྒྱའི་བཙུན་མ་མང་བོ་ཞིག་གིས་སྣེ་ཤན་རྒྱ་གར་བ་ཞིག་གི་འགྲེལ་བརྗོད་ལ་ཉན་ཏེ་འདུག ཁོས་ཐེག་དམན་ལུགས་ལྟར་སངས་རྒྱས་ཀྱི་རྣམ་ཐར་འགྲེལ་བརྗོད་བྱེད་ཀྱིན་འདུག་ལ། གཤམ་གྱི་བརྐོས་རིས་ཤིག་ལ་མཛུབ་མོ་བཙུགས་ཏེ་འདི་སངས་རྒྱས་ཀྱི་སྲས་རེད་ཅེས་སྨྲ་ཚེ་བཙུན་མ་ཚོས་ཁོང་ལ་སྲས་ཡོད་པ་རེད་དམ་ཞེས་ཧང་སངས་མདོག་གིས་དོགས་འདྲི་བྱེད་ཀྱིན་འདུག རྒྱ་གར་བ་དེས་འགྲེལ་བཤད་དོན་དངོས་དང་མཐུན་པ་ཞིག་རྒྱག་གིན་ཡོད་མེད་གང་ལྟར་ཡང་རྒྱ་སྐད་སྨྲ་བ་ལ་ཐོགས་རྡུགས་མེད་པ་ཞིག་རེད། འགྲེམས་སྟོན་ཁང་གི་ཕྱི་ལ་བུད་དེ་ཐད་ཀར་གཞུང་ལམ་བརྒྱུད་ནས་ཅུང་ཙམ་སོང་རྗེས་ལམ་ཟུར་དུ་མཆོད་རྟེན་ཞིག་རོ་སྟེང་ལ་སོ་ཕག་གིས་བརྩིགས་པའི་ཁང་བུ་ཅན་ཞིག་མཐོང་། དེ་ནི་སྟོན་པ་ཐུགས་རྗེ་ཅན་ཐོག་མར་འཁོར་ལྔ་སྡེ་བཟང་བོ་དང་མཇལ་བའི་གནས་ཡིན་པར་སྨྲ། སྔོན་འདིར་མཆོད་རྟེན་ཆེན་པོ་ཞིག་ཡོད་པ་ཕྱིས་ཁ་ཆེ་ཏུ་རུ་ཀའི་དམག་གིས་གཏོར་བར་གྲགས། ད་ལྟའི་མཆོད་རྟེན་ཞིག་རོའི་སྟེང་གི་ཁང་བུ་འདི་ནི་ཀླ་ཀློ་རྣམས་ཀྱིས་བྱས་ཞེས་མཁས་དབང་དགེ་ཆོས་ཀྱིས་གསུངས།
༢༠༡༡ ། ༡ ། ༡༦ དགོང་མོར་སྡོད་གུར་དུ།
༧ བྱ་མགྲིན་སྔོན་ཟླ་བའི་ཕོ་བྲང་མཇལ་བ།
ཁ་སང་གི་འཆར་གཞི་ལྟར་དེ་རིང་ཞོགས་པ་ཡར་ལངས་ཏེ་ཐད་ཀར་བྱ་མགྲིན་སྔོན་ཟླ་བའི་ཕོ་བྲང་ལ་མཇལ་བར་བསྐྱོད། ཕོ་བྲང་འདི་ནི་ཆུ་བོ་ཆེན་པོ་གཱངྒའི་འགྲམ་དུ་ཆགས་འདུག་ལ། གཱངྒའི་གཞུང་དུ་གྲུ་ལ་ཞུགས་ཏེ་བསྐྱོད་པའམ། ཡང་ན་སཱ་ར་ནཱ་ཐི་ནས་རྐང་གསུམ་གླ་འཁོར་ནང་སོང་ཚེ་ཆུ་ཚོད་གཅིག་ལྷག་རིང་འགྲོ་དགོས། བོད་པ་ཚོས་འདི་ནི་བྱ་མགྲིན་སྔོན་ཟླ་བའི་ཕོ་བྲང་ཡིན་པར་ངོས་འཛིན་བྱེད། བྱ་མགྲིན་སྔོན་ཟླ་བ་ནི་དུས་རབས་བཅོ་བརྒྱད་པའི་འགོར་རྗེ་སྟག་ཕུ་བ་བློ་གྲོས་རྒྱ་མཚོས་(མཚན་གཞན་བློ་བཟང་བསྟན་པའི་རྒྱལ་མཚན། འཁྲུངས་འདས་༡༧༡༤-༡༧༦༣)བརྩམས་པའི་སྔ་རབས་རྒྱལ་བོ་ལྷ་སྣང་རྟོགས་ལྡན་གྱི་སྲས་ཆོས་ཀྱི་དགའ་བ་བྱང་ཆུབ་ཀྱི་སེམས་མངའ་བའི་ཁུ་བྱུག་མགྲིན་སྔོན་ཟླ་བར་འཕོས་པས་བྱ་དང་རི་དྭགས་མང་བོར་ཕན་ཐོགས་བྱས་པའི་སྒྲུང་དེའི་སྒྲུང་གཞི་གཙོ་བོ་ཡིན་ལ། སྒྲུང་འདི་ལ་བོད་པ་ཚོས་བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་ཅེས་ཟེར། བོད་པའི་དམངས་ཁྲོད་དུ་བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་ཉན་བཤད་བྱེད་མཁན་ཧ་ཅང་མང་། ད་ལྟ་རྒྱ་གར་བ་ཚོས་ཕོ་བྲང་འདི་ལ་རམ་ན་གྷར་(RAMNAGAR)ཞེས་འབོད།
ཕོ་བྲང་འདིའི་ནང་ལོ་ངོ་བརྒྱ་ཕྲག་མང་བོའི་གོང་དུ་ཨ་རི་དང་ཡོ་རོབ་སོགས་ནས་བཟོས་པའི་རླངས་འཁོར་འདྲ་མིན་དང་། གཞན་ཤིང་རྟ་དང་གོ་ཁྲབ། གོས་ཆེན་དང་བ་སོ། གསེར་དངུལ་གྱིས་ཤན་པའི་མགྱོགས་བྱམས་དང་རྐུབ་སྟེགས། མེ་མདའ་ཆེ་ཆུང་སོགས་ཅ་དངོས་རྙིང་བ་ཧ་ཅང་མང་བོ་འདུག ད་དུང་གྱང་ངོས་སུ་སྐབས་དེའི་རྒྱལ་བོ་དང་དབྱིན་ཇིའི་དཔོན་དམག་སོགས་ཀྱི་འདྲ་པར་ཡང་དུ་མ་བཀལ་འདུག་པ་ལ་བལྟས་ན་ཕོ་བྲང་འདི་ལོ་རྒྱུས་རང་བཞིན་ཅན་ཞིག་ཡིན་བཟོ་འདུག་མོད། ད་ལྟ་ཕོ་བྲང་འདིའི་ཕྱི་ནང་གཉིས་ཀར་ལྟ་རྟོག་མཁན་གྱི་རྒྱ་གར་བ་འགའ་རེ་ལས་ཕོ་བྲང་གི་ལོ་རྒྱུས་ངོ་སྤྲོད་བྱེད་པའི་ཆེད་ལས་སྣེ་ཤན་པ་ཞིག་ཕལ་ཆེར་མེད་པ་འདྲ། དེ་བས་ངོ་མཚར་བའི་ཅ་དངོས་རྙིང་བ་དག་ལ་རེག་ཙམ་དང་ལྟ་ཙམ་བྱས་ཏེ་དོན་དངོས་ལ་རྨོངས་ཤིང་འཐོམ་བཞིན་ལོག་ཡོང་བ་ཡིན། བོད་པ་ཚོས་བྱ་མགྲིན་སྔོན་ཟླ་བའི་ལོ་རྒྱུས་དང་སྦྱར་ནས་འཆད་མོད་ཁུངས་དང་རྒྱུ་མཚན་ཡོད་མེད་མ་ཤེས། ཕོ་བྲང་འདི་ནི་ཝ་ར་ནཱ སིའི་གྲོང་ཁྱེར་གྱི་མཐའ་རུ་ཡོད་ལ། རྒྱབ་ངོས་ཧྲིལ་བོ་ཆུ་བོ་གངྒཱ་ལ་གཏད་འདུག
ཕོ་བྲང་གཡོན་ཕྱོགས་ནས་ཐུར་ཅུང་ཙམ་ཡོང་ཚེ་གངྒཱའི་ཆུ་འགྲམ་དུ་སླེབས། ང་ཚོ་གྲུ་ལ་ཞུགས་ཏེ་གངྒཱའི་ཀློང་དུ་འཁྱུག་ཙམ་ལྟ་སྐོར་དུ་ཆས་པ་ཡིན། གངྒཱའི་གཞུང་ནས་ཕྱིར་ཕོ་བྲང་ལ་རྒྱང་ལྟ་བྱས་ཚེ་བརྗིད་རྔམ་ལྡན་པ་ཞིག་རེད། དེར་ང་ཚོས་ཕོ་བྲང་རྒྱབ་ལྗོངས་སུ་བཀོད་དེ་དྲན་རྟེན་གྱི་འདྲ་པར་ཁ་ཤས་ཀྱང་བསྐྱོན་པ་ཡིན། ཆུ་བོ་གངྒཱ་ནི་བོད་ནས་འབབ་པའི་གྲགས་ཅན་ཆུ་བོ་ཆེན་པོ་བཞིའི་ཡ་གྱལ་ཞིག་ཡིན་ལ། དེ་ཡང་སྟོད་ཀྱི་གངས་དཀར་ཏི་སིའི་ལྷོ་ངོས་བྲག་གླང་པོ་ཆེའི་ཁ་འདྲ་བ་ནས་འབབ་པས་གླང་ཆེན་ཁ་འབབ་ཀྱང་ཟེར། གངྒཱའི་ཆུ་བོ་གང་ནས་བབས་པའི་སྐོར་ལ་ལྷ་ཡུལ་དང་དབང་ཕྱུག་གི་རལ་བ། དྲང་སྲོང་ཛ་ཧུའི་ཁ་ནས་བབས་པ་བཅས་རིག་བྱེད་ཀྱི་གཏམ་རྒྱུད་དང་འདྲེས་པའི་་བཤད་ཚུལ་མི་འདྲ་བ་ཁག་ཅིག་མཆིས་པས་གངྒཱའི་མངོན་བརྗོད་ལ་ཛ་ཧུའི་བུ་མོ་དང་ལན་གསུམ་འབབ་ཅེས་ཐོགས་པ་ཡིན། དེ་ཡང་ཛ་ཧུའི་བུ་མོ་ཟེར་དོན་ནི་སྔོན་དབང་ཕྱུག་གི་ཆུང་མ་ལྷ་མོ་གངྒཱ་ཆུ་ཀླུང་གི་གཟུགས་ཀྱིས་མི་ཡུལ་དུ་བབས་པའི་སྒྲས་དྲང་སྲོང་ཛ་ཧུ་བྱ་བ་རི་ཁ་བ་ཅན་གྱི་ཁྲོད་དུ་ཏིང་ངེ་འཛིན་ལ་གནས་པར་གནོད་པས། དྲང་སྲོང་ཁྲོས་ཏེ་གངྒཱ་ཧུབ་གཅིག་གིས་འཐུངས་ཟིན་ཡང་། ཕྱིས་རྒྱལ་བོ་སྐལ་ལྡན་ཤིང་རྟས་དྲང་སྲོང་ཛ་ཧུ་ལ་གསོལ་བ་བཏབ་པས་དྲང་སྲོང་གི་ཁ་ནས་སླར་སྐྱུགས་པ་ན་ཛ་ཧུའི་བུ་མོ་ཞེས་སྨྲ་བར་གྲགས།
འདི་ལྟ་བུའི་རིག་བྱེད་ཀྱི་གཏམ་རྒྱུད་དང་འདྲེས་པའི་ཆོས་ལུགས་རིགས་ཤིག་གི་ཤུགས་རྐྱེན་གྱིས་གངྒཱའི་ཆུ་འགྲམ་དུ་དུར་མཚེད་ཅིག་ཀྱང་མཆིས་ལ། དེར་ཉིན་ལྟར་མི་ཤི་བའི་བེམ་པོ་བསྲེགས་པའི་དུ་བ་རྒྱུན་མ་ཆད་པར་ཡོད། བེམ་པོ་དག་ཀྱང་གྲོང་ཁྱེར་འདི་དང་འདིའི་ཉེ་འཁོར་གཅིག་བུའི་མ་ཡིན་པར་ས་གནས་གཞན་དང་གཞན་ནས་ཀྱང་ཆེད་དུ་འདིར་བསྲེག་པར་ཁྱེར་ཡོང་གི་ཡོད་ཚུལ་འདུག གོ་ཐོས་སུ་ལོ་བཅུ་ཕྲག་དུ་མའི་རིང་གངྒཱའི་འགྲམ་ནས་བེམ་པོ་བསྲེགས་པའི་དུ་བ་མཚམས་ཆད་མ་མྱོང་རབས་ཟེར།
༢༠༡༡ ། ༡ ། ༡༧ དགོང་མོར་སྡོད་གུར་དུ།
༨ གངྒཱའི་འགྲམ་གྱི་བསམ་གཞིགས།
གངྒཱའི་འགྲམ་ནས་ཡུད་ཙམ་འགྲེང་སྟེ་བསམ་གཞིགས་ཤིག་བྱས་ཚེ་ཡིད་ལ་གློག་བརྙན་བཞིན་འཆར་འོང་བ་ནི་བོད་ཡབ་མེས་བཙན་པོའི་སྐབས་ཀྱི་རྟ་དམག་བྱེ་བ་དུ་མས་གངྒཱའི་ཆུ་བོ་འཕྲེད་ཀྱིས་བཅད་དེ་རྒྱ་གར་གྱི་ཡུལ་དབུས་མ་གཱ་དྷ་དབང་དུ་བསྡུས་ཤིང་། ཆུ་བོ་ཆེན་པོ་གངྒཱའི་འགྲམ་དུ་རྒྱ་བོད་ཀྱི་ས་མཚམས་ཕྱེས་ཏེ་རྡོ་རིང་བསླངས་ཚུལ་སོགས་གསལ་བའི་རྦ་བཞེད་ཀྱི་ལོ་རྒྱུས་དུམ་ཚན་དེ་ཡིན། དེ་ལྟའི་ལོ་རྒྱུས་ཀྱི་བྱུང་བའི་ཁྲོད་བོད་བཙན་པོའི་དཔུང་དམག་གི་ཟིལ་ཤུགས་གངྒཱའི་ངོགས་སུ་མཆེད་པར་གྲགས་པ་ནི་སུ་ཞིག་གིས་རྟོག་བཟོ་བློས་བསླངས་བྱས་པའི་ལྷ་སྒྲུང་ལྟ་བུ་མིན་ལ། གང་ཞིག་གིས་བསམ་བཞིན་འུད་བསྟོད་སྒྲོ་འདོགས་ཀྱི་གཏམ་རྒྱུད་བང་བསྒྲིགས་པ་ཞིག་ཡིན་པའི་ཁ་ཚོན་ཡང་གཅོད་དཀའ་སྟེ། བཙན་པོ་ཁྲི་སྲོང་(༧༤༢-༧༩༦)ནས་བརྒྱུད་པའི་ལོ་ངོ་བཞི་བརྒྱ་ལྷག་གི་རྗེས་སུ་ཆག་ལོ་ཆོས་རྗེ་དཔལ་(༡༡༩༧-༡༢༦༥)གྱི་ལམ་ཡིག་ཏུ། ‘’དེ་ནས་གངྒཱ་བརྒལ་ཏེ་ཕྱི་ཉིན་རྒྱ་གར་དུ་སླེབས་’’ཞེས་སྐབས་དེར་གངྒཱའི་ཚུར་ཕྱོགས་བོད་ས་ཡིན་པར་བསྙད་པའི་གསུང་འགྲོས་དེར་བསམ་པས་ཀྱང་། གངྒཱའི་གཞོགས་འདིར་བོད་བཙན་པོའི་མངའ་ཐང་རྒྱ་བསྐྱེད་ཀྱི་སྟོབས་ཤུགས་སླེབས་མྱོང་བ་ཧ་ཅང་གསལ།
སྐབས་འདིར་ང་ཚོ་ཚོད་ཚོད་ལ་ཤིང་གྲུ་ཆུང་ཆུང་ཞིག་ཏུ་བསྡད་དེ་གངྒཱའི་ངོགས་སུ་ཕྱིན་པ་ཡིན་ལ། ཁོ་བོས་དལ་གྱིས་རྒྱུ་བའི་མིག་སྔའི་གངྒཱའི་ཆུ་ཀླུང་ལ་ཧུབ་གཅིག་རྒྱག་འདོད་མོད། ཆུ་འགྲམ་ནས་སྐྱ་ལྷོག་ལྷོག་འཕྱུར་བའི་ཕུང་བོ་མེར་བསྲེགས་ཀྱི་དུ་བ་དེར་བསམ་ཚེ་ཞེ་མེར་བའི་སྣང་བ་ཞིག་ངང་གིས་བྱུང་། གལ་ཏེ་དེ་རིང་ནི་བོད་བཙན་པོའི་དུས་སྐབས་ཤིག་ཏུ་ཆ་བཞག་ན་ངའི་རྐང་འོག་གི་ས་གཞི་ལེབ་མོ་འདི་ཡང་བོད་ས་མིན་པའི་ངེས་པ་ག་ལ་ཡོད་ཨང་།
ང་ཚོས་འདི་ལྟར་ཁ་སང་གི་ལོ་རྒྱུས་ལ་ཕྱིར་རྟོག་བགྱིས་ཏེ་ཡབ་མེས་བཙན་པོ་དག་གིས་སྐབས་སོ་སོའི་ཆབ་སྲིད་མངའ་ཐང་རྒྱ་བསྐྱེད་གནང་བ་དག་ལ་ལན་ཅིག་གཞིགས་ཚེ། ང་ཚོས་ཡབ་མེས་བཙན་པོའི་དཔའ་འཛངས་དགུ་འགྱུར་གྱི་སྙིང་སྟོབས་དགུང་ལས་མཐོ་བ་ཤེས་ལ། ཐབས་མཁས་དགུ་སྒྲིལ་གྱི་བཀོད་པ་མཁའ་ལས་ཡངས་པ་ཚོར་ཐུབ། དེ་ལྟ་ན་ཡང་། དར་རྒུད་རེས་ཀྱིས་འཁོར་བའི་དུས་ཀྱི་ཆོས་ཉིད་འོག་’’སུམ་གཉིས་ས་ཡི་དཀྱིལ་འཁོར་དབང་དུ་བཟུང་’’ཞེས་གྲགས་པའི་བོད་བཙན་པོའི་གདུང་རྒྱུད་དུ་གཏོགས་པའི་དེ་རིང་གི་ང་ཚོ་ནི་གཅིག་ཤོར་གཉིས་ཕྲོགས་ཀྱི་ལོ་ཟླའི་ཕམ་ཉེས་ཀྱིས་བཟུང་ཞིང་། རང་ས་ལག་འཐིལ་ཙམ་ཞིག་རང་ལག་ཏུ་མེད་པར་གཞན་གྱི་རྐང་འོག་ནས་འགྱེལ་མ་ལངས་ཀྱིས་འཚོ་དགོས་པ་འདི་དོན་ངོ་མར་ཅི་ཡིས་ཉེས་སམ། ཡང་སྙིང་ཅི་ཡིས་ལན་ནམ། ལན་མི་ཐེབས་པའི་དྲི་བ་སྐྱུར་མོ་འདི་ཡི་བསམ་གཞིགས་ཁྲོད་ནས་ང་ཚོ་སླར་ཡང་ཕྱིར་ལམ་ལ་ཆས་པ་ཡིན།
༨ མཇུག་བསྡུ་བ།
ཝ་ར་ནཱ་སི་ནས་མེ་འཁོར་དུ་མཚན་གཅིག་ལ་སོང་ན་རྡོ་རྗེ་གདན་དང་རྒྱལ་བོའི་ཁབ་སོ་སོར་སླེབས་ཐུབ་པས། སྔར་མཇལ་ཟིན་མིན་ལ་མ་བལྟས་པར་ད་རེས་སླར་ཡང་འགྲོ་འདོད་ཀྱི་འདུན་པ་འགོག་ཏུ་མེད་པ་ཞིག་སྐྱེས་ནའང་དུས་ཚོད་ཀྱི་དབང་གིས་མཚམས་འདིར་ཕྱིར་མི་ལོག་རང་ལོག་བྱུང་། ཐེངས་འདིར་སོང་ས་བསྡད་ས་ནས་ཉིན་ཐོ་ལྟ་བུའི་ཟིན་བྲིས་ཁག་ཅིག་བྲིས་པའང་ཡིད་ཚིམ་པ་ཞིག་གཏན་ནས་མ་ཡོང་ལ། ཁབ་མིག་ལས་དོག་པའི་མཐོང་ཐོས་ལྷན་བསྡེབས་ཀྱི་ཡིག་ཕྲེང་འདིས་ཟིན་ཐོ་འབྲི་བའི་ཐོག་མའི་དམིགས་ཡུལ་གྱི་ཆ་ཤས་ཙམ་ཡངའགྲུབ་མེད་པར་བསམ་ཚེ་རང་ཉིད་རང་ལ་ངོ་གནོང་བ་ཞིག་རེད། རྡོག་ཁྲེས་བཏེགས་ཏེ་ཕྱིར་ལོག་པའི་ལམ་དུ་ད་དུང་སེམས་ཀྱི་ཟུར་དུ་སྟོང་ཆ་ཞིག་ལྷག་འདུག་པ་ནི་ཝ་ར་ན་སིར་སླེབས་ཀྱང་ཝ་ར་ནཱ་སིའི་མཐོ་སློབ་ཀྱི་སྒོ་ཆེན་ཙམ་ལས་སློབ་གྲྭའི་ཁོར་ཡུག་དང་། སྒྲིག་འཛུགས། དཔེ་མཛོད་ཁང་སོགས་ལ་རྒྱུས་ལོན་བག་ཙམ་ཡང་བྱ་མ་ཐུབ་པ་དེ་རེད། ཅི་ཞིག་མ་འགྲུབ་པའམ་གང་ཞིག་མ་རྙེད་པ་ལྟ་བུའི་སྣང་ཚོར་ཞིག་གི་ངང་ཐེངས་འདིའི་ཐོས་པ་མག་མོག་དང་མཐོང་ཚུལ་རབ་རིབ་ཀྱི་ཟིན་ཐོ་དག་ཀྱང་འདི་ལྟར་མཇུག་བསྡུས་པ་ཡིན།
ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༧ ནས་ ༡༨ བར་ཝ་ར་ཎཱ་སིར་མ་ཟིན་བཏབ། ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་༢༢ ཉིན་འབྲས་སྤུངས་སུ་སྣོན་འཕྲི་ཅུང་ཙམ་བྱས་ཏེ་རྫོགས་པར་སྦྱར།
འབྲི་རྩལ་ངོ་མ་ཅིག་བཟང་གི འདི་འདྲིའི་འབྲི་རྩལ་ཡོད་ནས་ད་དུང་ལ་ལུང་ཁུག་ཀྱོག་རེར་འཛུལ་ནས་བསྡད་ན་ངོ་མ་ཤེས་རབ་འཕྲོ་བརླག་རེད། བུ་རྒོད་པོ་མུ་མཐུད་དེ་འབྲི་རོགས། ངས་ཁྱོད་ལ་ཞུ་བ་འཐེན།
འདི་འདྲའི་
མཁྱེན་ཡངས་ཨཁུ་ཀླུ་སྨྱོན་ལགས་ཀྱིས་ཁོ་བོའི་རྩོམ་རྩལ་ལ་གདེང་འཇོག་དང་བསྔགས་བརྗོད་གནངབར་ཐུགས་རྗེ་
ཆེ། སོང་ས་བསྡད་ས་ནས་ཅི་ཞིག་ཟིན་བྲིས་སུ་དབབ་རྒྱུ་ནི་ལོ་རྒྱུས་ཤིག་གི་རྒྱུ་ཆ་་གསོག་འཇོག་བྱས་པ་དང་འདྲ་བའི་ལྟ་ཚུལ་འཛིན་གྱིན་ཡོད། འབད་བརྩོན་བྱ་ངེས་ཡིན། ལེགས་ཉེས་ལམ་སྟོན་གནང་བའི་རེ་བ་ཡོད།
ལེགས་པོ་འདུག ཆ་ཚང་བཀླག་ཚ་་མ་སོང་། མུ་མཐུད་རོག་གནང་།
ཆ་ཚང་བཀླགས་པ་ཡིན། ཡུལ་སྐོར་ཟིན་བྲིས་འདི་འདྲའི་རིགས་ལ་ང་ཚོས་གཙིགས་ཆེན་བྱེད་དགོས་པ་ཞིག་འདུག དཔེར་ན། ཐང་ཟན་ལམ་ཡིག་དང་ཧྥ་ཤན་ལམ་ཡིག་སོགས་ཀྱང་རྣམ་པ་འདི་ལྟར་བྲིས་ཡོད་སྟབས། དེང་ནའང་རྩ་ཆེ་ཆེར་བྱེད་ཀྱི་ཡོད་པ་རེད།
ཤིས་ཚང་ལྗང་སྨྱུག་ལགས་ཀྱིས་འདི་འདྲ་ཞིག་སྤེལ་བར་དགའ་གུས་ཞུ་བ་ཡིན། མུ་མཐུད་ནས་ཟིན་ཐོའི་རྣམ་པ་འདི་འདྲའི་རྩོམ་ཡིག་གང་མང་སྤེལ་གནང་རོགས།
བཀུར་བར་འོས་པའི་སྐུ་ཞབས་རྡོར་དབང་ལགས། སྐུ་ཉིད་ཀྱིས་ཁོ་བོའི་ཟིན་ཐོ་འདི་ཆ་ཚང་བཀླགས་ཏེ་གདེང་འཇོག་དང་བསྟོད་བསྔགས་གནང་བར་ཐུགས་རྗེ་ཆེ། ཁོ་བོས་མུ་མཐུད་དུ་སོང་ས་བསྡད་ས་རེ་ནས་ཟིན་ཐོ་ལེགས་པོ་རེ་ཨེ་འཁྱོངས་སྙམ་པའི་ེརེ་བ་ཡོད། སྐུལ་ལྕག་གནང་བར་ཐུགས་རྗེ་ཆེ། འབད་པ་བྱེད་ངེས་ཡིན།
དངོས་གནས་ཟིན་ཐོ་གསེར་འདྲ་བ་ཟིག་བྲིས་འདུག ཁ་སང་ངེད་གཉིས་འབྲས་སྤུངས་ནས་མཇལ་བ་དང་ཁོང་གི་ཟིན་བྲིས་མང་བོ་ཞིག་ཡོད་རབས་དང་དྲ་ཐོག་འཇོག་རྒྱུར་དུས་ཚོད་ཀྱིས་མི་འདང་གི་ཟེར། བདེན་པ་རང་རེད། ཁོང་ནི་སྒོ་མང་སློབ་གྲྭའི་དགེ་རྒན་དང་གློག་ཀློད་ཕྱོགས་དང་དེབ་སྒྲིག་སྦྱོར་ཕྱོགས་ནས་ཨང་དང་ཤོས་དེ་རེད་ལ། ཉིན་རེའི་ནང་དུ་ལས་ཀ་དེ་རིགས་འཕྲོ་མཐུད་ནས་དུས་ཚོད་མེད་པ་ལྟ་བུ་ཞིག་རེད། སྤྱིར་བཏང་ཁོས་རྩོམ་ཡིག་ཚང་མ་ལ་དག་ཆ་དང་གཟབ་ནན་གྱི་ཆ་བཟང་གི་ཞེས་སྔོན་མ་ནས་ངས་ལབ་མྱོང་། དེ་རིང་གི་འདི་ཧ་ཅང་ཡག་གི
གློག་ཀླད་ཅེས་པར་ཀློད་ཅེས་ན་རོ་ཞིག་གིས་འཚང་ཁ་བརྒྱབས་འདུག་བྱ་བཙོག་ག
བཀུར་བར་འོས་པའི་ཨ་ཁུ་ཀླུ་སྨྱོན་དང་། རྡོར་དབང་གཉིས་ཀྱིས་ཁོ་བོའི་ཟིན་ཐོ་འདིར་གདེང་འཇོག་དང་བསྟོད་བསྔགས་གནང་བར་ཐུགས་རྗེ་ཆེ། ཁོ་བོས་མུ་མཐུད་དུ་འབད་བརྩོན་བྱ་ངེས་ཡིན།
རྒྱ་གར་རྨ་བྱ་ཕེབས་ནས་བཀླགས་པར་དགའ་བསུ་ཞུ། ཐུགས་རྗེ་ཆེ།
གྲོགས་པོ་ཨ་རིག་དགེ་མཐོང་ལགས་ཀྱིས་ཁོ་བོའི་གནས་བབ་ངོ་སྤྲོད་དང་འབྲེལ་བསྔགས་བརྗོད་གནང་བར་ཐུགས་རྗེ་ཆེ། ཡིན་ཡང་། ཁྱོད་ཀྱིས་༼གློག་ཀླད་དང་དེབ་སྒྲིག་སྦྱོར་ཕྱོགས་ནས་ཨང་དང་ཤོས་དེ་རེད་༽ཅེས་པ་དེ་དང་ལེན་བྱེད་ཐུབ་མ་སོང་། དེ་འདྲ་ཞིག་གཏན་ནས་མིན།
ཡག་པོ་ཞིག་བྲིས་གནང་འདུག
འདྲི་རྒྱུ་ཞིག་ལ་ཆག་ལོས་གསུངས་པའི‘’དེ་ནས་གངྒཱ་བརྒལ་ཏེ་ཕྱི་ཉིན་རྒྱ་གར་དུ་སླེབས་’’ཞེས་གངྒཱ་དེ་ཝཱ་རཱ་ཎ་སཱིའི་ཁུལ་གྱི་གངྒཱ་ལ་གསུང་གིན་ཡོད་པ་རེད་དམ།
ཝཱ་རཱ་ཎ་སཱིའི་མིང་ཐོག་སྟངས་དེ་ཁུལ་འདིའི་ངག་རྒྱུན་ལྟར་ན་འདི་ལྟར་རེད། ཆུ་བོ་ཝཱ་རུ་ཎ་ནས་ཚུར་བརྩིས་པའི་ཨཱ་སི་གྷཱཊ་སྟེ་ཨཱ་སི་གྲུ་ཟན་བར་གྱི་གནས་ལ་དེ་ལྟར་གྲགས་པར་བཤད། དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཞེས་པ་དེ་ཡང་ཆུ་བོ་ཝཱ་རུ་ཎ་ཚུན་ཆད་ཆ་ཚང་ལ་གོ་བ་རེད་ཅེས་བདག་གི་སློབ་དཔོན་སུརེནྡྲ ཀུ་མར་ལགས་ཀྱིས་གསུངས་མྱོང་། ཁོང་གི་དགོངས་ཚུལ་ལྟར་ན་སཱ་ར་ནཱ་ཐར་ད་དུང་ས་ཁར་མ་ཐོན་པའི་ནང་པའི་གནའ་ཤུལ་གང་མང་ཡོད་ངེས་པ་རེད་ཟེར།
ཚང་མ་བཀླགས་ཡིན།
ཡག་པོ་བྲིས་གནང་འདུག་རྗེས་སུ་ཡ་རངས་དང་ཐུགས་རྗེ་ཆེ་ཞུ་གི་ཡོད།
འོན་ཀྱང་ཁྱེད་རང་གིས་གསུངས་པ་ལྟར་ཝར་ནའི་བོད་ཀྱི་མཐོ་སློབ་ཀྱི་གནས་སྟངས་དང་ལོ་རྒྱུས་སོགས་འབྲི་མ་ཐུབ་པ་འདི་ངོ་མ་ཡིད་སྐྱོ་བོ་རེད།
ཤིས་ཚང་ལྗང་མྱུག་གམ་མེ་ལགས་ཟིན་ཐོ་ཡག་པོ་འདུག་པ་གོང་ན་དྲ་གྲོགས་རེ་འགའི་བརྗོད་བཞིན་འདུག་པས་འདི་ནས་ཁ་ཡག་མང་པོ་མི་བཤད། སངས་རྡོར་དྲ་སྟེང་ན་པར་ཞིག་བཞག་ཡོད་པ་དེ་ཉིད་རེད་དམ། པར་དེ་༢༠༠༩ཟླ་༤ཚེས་༡ཉིན་སྒྲོན་པ་འདྲ་ཡང་ཉིད་ཀྱི་ཟིན་ཐོ་དེ་ད་ལོ་རེད་འདུག རྗེས་མ་འབྲས་སྤུངས་ནས་རྡ་སའི་བར་གྱི་ཟིན་ཐོ་ཞིག་སྤེལ། རབ་བྱུང་ན་རྗེས་སུ་བོད་ནང་སྐོར་བསྐྱོད་ཀྱི་ཟིན་ཐོ་རེ་སྤེལ་དང་ཨ་འཇམ་གྱི་ཟིན་ཐོའི་ཡན་ཞིག་འཁྱོངས་ཁོ་ཐག་རེ།
ཟིན་ཐོ་ཟེར་བ་ནི་འདི་ལྟར་བྲིས་པ་རེད། ད་གཟོད་བོད་མི་རྗེས་རབས་པ་དག་གི་ཀློག་བདེ་བ། མ་འོངས་ལོ་རྒྱུས་ཁྲོད་དུ་བདེན་དཔུང་བྱེད་པར་ཕན་པ་སོགས། བཟང་ཆ་མང་བོ་ཡོད། ཉིད་རང་གཙོ་བའི་དྲ་ཐོག་གི་སྤུན་ཟླ་དག་གིས་རང་རང་གང་དུ་ཡོད་པ་དེ་ཡི་འགྲུལ་བཞུད་བསྐོར་ཟིན་ཐོར་ཕབ་ཐུབ་པ་ཡིན་ན་ད་གཟོད་དངོས་ནས་ཁ་ཡོད་དོན་ཡོད་ཆགས་པ་རེད། ཤིས་སྨྱུག་ལགས། སེམས་་གཏིང་ནས་དགའ་གུས་ཡོད།
ཐུགས་རྗེ་ཆེ་ཡག་པོ་འདུག་དོན་དག་དང་སྡེབ་སྦྱོར་གང་ཐད་ནས་བློར་འཐད་པོ་འདུག།
བློ་སྐྱེད་ཡང་མང་པོ་བྱུང་པས་ཁྱེད་ལ་སླར་ཡང་བཀའ་དྲིན་ཞུ།།
ད་ལྟ་ཆ་ཚང་བཀླགས་ཟིན་སོང་། ཧ་ཅང་ལེགས་པོ་བྲིས་ནས་འདུག ལམ་ཡིག་གི་རང་བཞིན་དུ་གྱུར་བའི་རྩོམ་ཡིག་འདི་འདྲས་ང་ཚོའི་སྤྱི་ཚོགས་ལ་དགོས་མཁོའི་སྟོང་ཆ་ཧ་ཅང་གི་ཆེན་པོ་རེད། ན་གཞོན་སློབ་མ་རྩོམ་ལ་འཇུག་མཚན་རྣམས་ལ་དེ་བས་ཀྱང་ལམ་སྟོན་ལེགས་པས་ཞེ་གཏིང་ནས་བསྔགས་བརྗོད་དང་། ད་དུང་མུ་མཐུད་ནས་འབྲི་རོག་གནང་།
ཟིན་ཐོ་ཐེངས་གཅིག་བཀླགས་པ་ཡིན། ངོས་མས་ཡག་པོ་བྲིས་གནང་འདུག རྗེས་མ་ཁོམ་པ་རེ་ཡོད་ཚེ་གནས་སྐོར་ཆ་ཚང་བའི་ཟིན་ཐོ་རེ་འབྲི་རོགས་ཞེས་སེམས་གཏིང་ཞུ་རྒྱུ་ཡིན། བཀླགས་ཀིན་བཀླགས་ཀིན་་་་དགེ་ཆོས་ཀྱི་་་རྒྱལ་ཁབ་རིག་པས་བསྐོར་བའི་གསེར་གྱི་ཐང་མ་ཟེར་བའི་རྩོམ་ཡིག་གྲགས་ཅན་དེ་ཚོ་ཡིད་ལ་དྲན་འོང་གིན་འདུག ཐུགས་རྗེ་ཆེ།
གོང་དུ་དྲ་གྲོགས་མང་བོ་ཞིག་གིས་དོ་སྣང་ཆེན་པོས་ཁོ་བོའི་ཟིན་ཐོ་འདི་བཀླགས་ཏེ། མུ་མཐུད་དུ་དེ་ལྟར་འབྲི་དགོས་པའི་སྐུལ་སློང་དང་སྦྲགས་བསྔགས་བརྗོད་གནང་བར་ཐུགས་རྗེ་ཆེ། ཁྱོད་ཚོའི་འདོད་པ་བཞིན་མུ་མཐུད་དུ་སོང་ས་བསྡད་ས་ནས་ཟིན་ཐོ་རེ་ཨེ་འཁྱོངས་ལྟ། ཐུགས་རྗེ་ཆེ།
དྲ་གྲོགས་གསང་གྲོལ་ལགས། ཁྱོད་ཀྱིས་དྲིས་པ་ལྟར་སེང་རྡོར་དྲ་བའི་སྟེང་གི་པར་དེ་ང་རང་ཉིད་ཡིན། དེ་ཡང་ཁ་སྔོན་སྒྲོན་པ་ཡིན་མོད། འོན་ཀྱང་། པར་ཆས་སྟེང་གི་ཟླ་ཚེས་ཐོ་གཏུགས་བྱ་རྒྱུ་བརྗེད་སོང་བས་རེད། ལོ་སར་རྗེས་སུ་གཅིག་བྱས་ན་རྡ་སར་ཐེངས་གཅིག་འགྲོ་དགོས་པས་དུས་དེར་འབྲས་སྤུངས་ནས་རྡ་སའི་བར་གྱི་ཟིན་ཐོ་རེ་སྤེལ་ཨེ་ཐུབ་ལྟ། སྐུལ་སློང་གནང་བར་ཐུགས་རྗེ་ཆེ།
ཤིས་ཚང་ལྗང་ཁུས་གངྒ་མཐོང་བ་འདིས།
ང་ལ་ནི།
བོད་བཙན་ཆོས་རྒྱལ་དཔུང་དམག་ཕྱོགས་བཞིར་གྱེས་པ་ལས། །
རྒྱ་གར་ཕྱོགས་སུ་ཆུ་བོ་གླ་ཆེན་གང་མོ་བརྒལ། །
བོད་དམག་ཁྱིམ་དུད་གང་ཆུའི་ཚུར་ཕྱོགས་ཆུ་འགྲམ་ལ། །
བྲ་གུར་ཕུབ་ནས་མཐའ་མཚམས་སྲུང་བའི་དམག་རྣམས་དྲན། །
བྲ་གུར་སྦྲ་གུར་ལ་བཅོས།
ངོ་མ་བཟང་གི་ཡ། ངའི་རིགས་པའི་གྲོགས་པོ་ལགས། ངས་ཁྱོད་ལ་འཚམས་འདྲི་ཞུ།
ཨ་འཇམ་གྱི་ཟིན་ཐོ་ཟེར་བ་ཞིག་ད་སྔ་མཐོང་མ་སོང་། གང་ལྟར་ཁྱོད་ཀྱིས་ལེགས་པོ་བྲིས་འདུག
དངོས་གནས་ཡག་པོ་བྲིས་གནང་འདུག་ ཀློག་བདེ་པོ་འདུག་ལ་གོ་ཡང་བདེ་པོ་འདུག་ ཐུགས་རྗེ་ཆེ་ ང་རང་གནས་མཆོག་དེར་ཐེངས་གཉིས་འགྲོ་མྱོང་ཡང་གོ་མེད་ཚོར་མེད་དང་ཁྱིས་རྒྱ་ནག་སྐོར་བ་དང་ཁྱད་མེད་་
བྱས་འདུག་པས་མགྱོད་པ་ཤིན་ཏུ་ཆེ་