ཀླུ་སྨྱོན་གྱིས་དབྱིན་ཡིག་ནས་བསྒྱུར།
ལྔ་པ།
ལྕམ་ཕེ་ནེ་མེན་གྱི་འཆར་གཞི
ཁ་ཐུ་རིན་གྱིས་མོའི་ཕ་རྒན་ལ་མོ་རོས་སིའི་སྐོར་ཅི་ཡང་མ་བརྗོད།
ཉིན་ཁ་ཤས་ཀྱི་རྗེས་སུ་ཁོས་མོ་ལ། བུ་མོ་ཡག་པོ་ཞིག་ཡོད་པས་མི་ང་ནི་བསོད་ནམས་ལྡན་པ་ཞིག་རེད།
ངས་ཡག་པོ་ཞིག་ཡོང་བའི་འབད་བརྩོན་བྱེད་ཀྱི་ཡིན། མོས་དེ་སྐད་བརྗོད།
ཁ་ཐུ་རིན་གྱིས་ཉིན་འདི་ཚོར་མོ་རོས་སི་དང་ཐུག་འཕྲད་བྱེད་ཀྱིན་མེད་ན་ཡང་ཁོ་ལ་ཡི་གེ་རེ་སྐུར་བཞིན་ཡོད། ཤོག་ལྷེ་ལྔ་ཡོད་པའི་ཡི་གེ་རིང་པོ་ཞིག་གི་རྗེས་སུ། མོ་རོས་སིས་དེ་ནི་ཤིན་ཏུ་རིང་འདུག་བསམས། མོས་ཁོ་ལ་དུས་སྐབས་ཤིག་གི་རིང་ལ་མོའི་སར་མ་ཡོང་རོགས་ཞེས་བརྗོད་ཡོད།
མོ་རོས་སིས་ཡིག་ལན་བྲིས། ཁོས་སྨན་པ་སི་ལོ་ཕེར་ལ་ཐུག་པའི་སྐོར་བྲིས་ཡོད། ཁྱོད་ཀྱི་ཨ་ཕ་ཤིན་ཏུ་ཁོང་ཁྲོ་ལངས་སོང་། ངས་གུས་ཞབས་ཞེ་དྲགས་བྱས་པ་ཡིན། ཁྱོད་ཀྱིས་ངེས་པར་དུ་མཁྲེགས་པོ་བྱེད་དགོས་ཀྱི་རེད་ལ་ངེས་པར་དུ་འཐབ་འཛིང་བྱེད་དགོས་ཀྱི་རེད།
ཁ་ཐུ་རིན་མོའི་ཨ་ཕ་ལ་འཐབ་འཛིང་བྱེད་རྒྱུའི་འདོད་པ་མེད་ན་ཡང་མོའི་སྙིང་སྡུག་འདོར་རྒྱུའི་འདོད་པ་ཡང་མེད། མོས་མི་ཚང་མ་དགའ་བོ་ཡོང་བའི་ལན་ཞིག་རྒྱག་རྒྱུའི་འབད་བརྩོན་བྱས། མོས་ཁུ་སིམ་པོ་ངང་བསྒུག་རྒྱུའི་ཐག་གཅོད་བྱས། ཨ་ཕ་ཡག་པོ་ཚོས་ནམ་རྒྱུན་ཁོང་ཚོའི་བུ་མོ་ཚོའི་ཁྱོ་ཀ་དག་གི་ཕྱོགས་ལ་གཟབ་གཟབ་བྱེད་ཀྱི་རེད། མོས་དེ་ལྟར་བསམས།
ལྕམ་ཕེ་ནེ་མེན་གྱིས་ཁ་ཐུ་རིན་ལ་རོགས་རམ་དེ་ཙམ་མ་བྱས། མོ་ནི་སྒྲུང་ཐུང་ཐུང་འདི་དང་མོའི་ཁང་པ་དེ་འདིའི་ནང་དུ་ཡོད་པ་ལ་དགའ་བོ་བྱུང་། མོས་ཁ་ཐུ་རིན་མོ་རོས་སི་དང་མཉམ་དུ་ཕྱི་ལོགས་སུ་བྲོས་བྱོལ་གྱིས་ཁོ་གཉིས་གཉེན་སྒྲིག་བྱས་ན་བསམས། མོས་རང་གི་མགོ་ཐོག་ཏུ། བརྩེ་གྲོགས་ཕོ་མོ་གཉིས་ཀྱིས་ཉིག་ཡོག་གི་ལྟག་རྒྱབ་ཏུ་ཡོད་པའི་ཆོས་ཁང་ཆུང་ཆུང་ཞིག་ཏུ་ལྕམ་ཕེ་ནེ་མེན་དང་མཉམ་དུ་གཉེན་སྒྲིག་བྱས་རྗེས། དངུལ་མེད་པའི་ཐོག་ཁང་མུན་ནག་འཁྱིལ་བ་ཞིག་ཏུ་བསྡད་པ་དང་། ཁོ་ཚོའི་གྲོགས་པོ་གཅིག་བུ་ལྕམ་ཕེ་ནེ་མེན་གྱི་འགྲུལ་བཞུད་ལ་སྒུག་ནས་སྡོད་པའི་སྣང་བརྙན་ཞིག་ཁྱེར་ཡོད། མོས་སྣང་བརྙན་འདི་མོ་རོས་སིའི་སྔོན་དུ་བཤམ་འདོད་བྱུང་། མོས་ཁོ་ལ་སྲང་ལམ་བདུན་པར་ཡོད་པའི་ཟ་ཁང་ཆུང་ཆུང་ཞིག་ཏུ་མོ་འཕྲད་དགོས་ལུགས་བརྗོད། ནམ་ཞིག་མོ་རོས་སི་ཆུ་ཚོད་ཕྱེད་ཀ་ཞིག་གིས་རྗེས་ལུས་ཐེབས་ནས་དེ་རུ་འབྱོར་དུས། ཁོ་ཚོ་ས་ཆ་དེའི་ལྟག་རྒྱབ་ཏུ་ཡོད་པའི་ཟུར་ཁུག་ནག་ཁུང་དེར་མཉམ་དུ་བསྡད། འདི་ནི་ལྕམ་ཕེ་ནེ་མེན་གྱི་མི་ཚེའི་ནང་གི་ཆེས་སྤྲོ་སྐྱིད་ལྡན་པའི་ཆུ་ཚོད་ཕྱེད་ཀ་ཞིག་རེད། མོ་རོས་སི་སྐྱིད་པོ་མ་བྱུང་། ཁོས་མོའི་སྐད་ཉན་ན་ཡང་ཁོ་མོ་ལ་དགའ་བོ་མ་བྱུང་། ཁོ་རང་ལ་ཆེས་ཐོག་མའི་དུས་སུ་ཁོའི་རྐང་པ་ཝ་ཞིང་ཁྲོན་ཐང་ཆེན་ལ་འཛུག་རྒྱུའི་ཆེད་དུ་མོ་རང་བེད་སྤྱོད་གཏོང་འདོད་སྐྱེས་ན་ཡང་། ད་ལྟ་ཁོ་རང་ལ་མཚོན་ན་དེ་ལྟར་མིན་ཏེ་མོས་རྟག་ཏུ་སྐད་ཆ་ནོར་འཁྲུལ་ཅན་བརྗོད་པས་སོ། །ཁོའི་རྣམ་འགྱུར་གྲང་མོ་ཡོད་ན་ཡང་གུས་ཞབས་ལྡན། ལྕམ་ཕེ་ནེ་མེན་གྱིས་མོ་རོས་སི་ལ་མོའི་འཆར་གཞི་བརྗོད།
ཁ་ཐུ་རིན་དང་མཉམ་དུ་བྲོས་བྱོལ་ལ་འགྲོ་དགོས་སམ། མོ་རོས་སི་ངུས་བྱུང་།
རེད། ལྕམ་ཕེ་ནེ་མེན་གྱིས་དེ་སྐད་བརྗོད་ཅིང་ད་ལྟ་མོ་རང་གི་འཆར་གཞི་ལ་སྐྲག་སྣང་སྐྱེས། ཁྱེད་རང་གཉིས་གཉེན་སྒྲིག་བྱས་རྗེས་དེ་ཙམ་ཞིག་ཁ་ཐུ་རིན་གྱི་ཨ་ཕ་ལ་རྗོད། ཁྱོད་ཀྱིས་ཁྱོད་རང་དངུལ་ལ་དང་འདོད་མེད་པ་དེ་ཁོ་ལ་སྟོན་ཅིག དེ་ནས་ཁྱོད་ལ་ཁོའི་འཆར་གཞི་ཡག་པོ་དེ་རག་གི་རེད། དེ་རུ་རྟག་པར་མོའི་ཨ་མ་ལས་བྱུང་བའི་སྟོང་ཕྲག་བཅུ་དེ་ཡོད་ཡོད་པ་རེད། ཁོས་དེ་འགོག་ཐུབ་ཀྱི་མ་རེད།
ཨོ། དེ་འདྲ་མ་རྗོད། ང་ནི་ཁ་ཐུ་རིན་དང་མོའི་དངུལ་གྱི་བར་དུ་འཛུལ་རྒྱུར་སྐྲག་གི་འདུག
གང་ལ་ཡང་སྐྲག་སྣང་མ་སྐྱེ། དེ་ནས་ཐམས་ཅད་ལེགས་འགྲུབ་ཡོང་གི་རེད།
ལྕམ་ཕེ་ནེ་མེན་གྱིས་མོའི་ཇ་རིན་སྤྲད་རྗེས་ཁོ་ཚོ་མཉམ་དུ་སྲང་བར་ནག་ཁུང་དེ་ནས་ཕྱིར་ཐོན། མོ་རོས་སི་ལྕམ་ཕེ་ནེ་མེན་དང་མཉམ་དུ་གོམ་བགྲོད་ཀྱིས་ཕྱིར་ཝ་ཞིང་ཁྲོན་ཐང་ཆེན་ལ་ལོག་ཅིང་མོ་རང་ཡང་<ཁྱིམ་དུ་ལོག ཁོས་ཁང་པ་དེར་ལྟ་ཡག་ཅིག་བྱས་ཏེ་ཇི་འདྲའི་ཁང་པ་ཡག་པོ་ཞིག་འདུག་བསམས།
ནམ་ཞིག་ལྕམ་ཕེ་ནེ་མེན་གྱིས་ཁ་ཐུ་རིན་ལ་མོ་རང་མོ་རོས་སི་ལ་ཕྲད་པའི་སྐོར་བརྗོད་དུས། ཁ་ཐུ་རིན་མོའི་མི་ཚེའི་ནང་གི་ཁོང་ཁྲོ་ཐོག་མ་དེ་ལངས་ནས།
ངས་དེ་འགྲིག་གི་རེད་བསམ་གྱིན་མི་འདུག ཟེར།
ལྕམ་ཕེ་ནེ་མེན་གྱིས་དགོང་དྲོའི་ཚགས་པར་ཀློག་མགོ་བརྩམས། དུས་ཚོད་རིང་པོ་ཞིག་བསྒུགས་པའི་རྗེས་སུ་ཁ་ཐུ་རིན་གྱིས། ཁོས་ཅི་འདྲ་ཞིག་བཤད་སོང་། ཞེས་དྲིས།
ཁོའི་མིག་གི་འོག་མཐའ་ནག་པོ་ཆགས་འདུག་པས་ངས་ཐོག་མར་མཐོང་བ་ལས་ཤིན་ཏུ་མི་འདྲ་བ་ཞིག་ཆགས་འདུག ཡིན་ན་ཡང་ཞེ་དྲགས་རྫིག་པོ་ཞིག་འདུག ཡང་སྐྱར་ཡུན་རིང་ཞིག་ལ་བསྒུགས།
ཁ་ཐུ་རིན། ཅིའི་ཕྱིར་ཁྱེད་རང་དུས་རྒྱུན་དུ་གྲང་མོ་དང་ཁུ་སིམ་པོ་ཞིག་ཡིན་པ་རེད།
ཁོས་དེ་འདྲ་བཤད་སོང་ངམ། གཞོན་ནུ་མ་འདིས་མགྱོགས་པོར་ཕྱིར་དེ་སྐད་དྲིས།
ཁོས་ཁྱེད་རང་ཁྱེད་ཀྱི་ཨ་ཕ་ལ་སྐྲག་གི་འདུག་ཟེར།
ང་ངའི་ཨ་ཕ་ལ་སྐྲག་གི་འདུག
དེའི་ཕྱིར་ཁྱེད་ཀྱིས་མོ་རོས་སི་དང་འབྲེལ་བ་བྱེད་མཚམས་འཇོག་རྒྱུ་ཡིན་ནམ།
ཁ་ཐུ་རིན་གྱིས་མོའི་ཨ་ནེ་ལ་ཅིག་བལྟས་ཏེ། ཅིའི་ཕྱིར་ཁྱེད་ཀྱིས་ང་ལ་སྐུལ་འདེད་བྱེད་པ་ཡིན།
ང་རང་ལ་ཁྱེད་ཀྱིས་རང་གིས་དོན་དག་གལ་ཆེན་ཅི་འདྲ་ཞིག་སྒྲུབ་ཀྱིན་པ་དེ་མ་ཤེས་དོགས་པའི་འཇིགས་སྣང་ཞིག་སྐྱེ་བཞིན་འདུག ཁྱེད་ཀྱིས་ཕོ་གསར་འདི་ངེས་ཅན་དུ་འདོར་རྒྱུ་ཡོད་པ་མ་རེད།
ངས་ཁྱེད་ཀྱིས་ང་རང་ཤེས་རྟོགས་ཡོད་པ་རེད་བསམ་གྱིན་མེད། སྐུ་ཞབས་མོ་རོས་སི་དང་མཉམ་དུ་གསང་བའི་ངང་ཅི་ཞིག་མ་བྱེད་རོགས་མཁྱེན། ངས་དེ་འགྲིག་གི་རེད་བསམ་གྱིན་མི་འདུག
དེ་ནས་ངས་ཁྱེད་ཀྱི་ས་ཆ་འདི་ནི་གང་ཞིག་འགྲིག་མིན་སློབ་ས་དེ་མ་རེད་བསམ། ཟེར་ནས་ལ་ཝིས་ནིས་ཡས་དགོང་དྲོ་བདེ་ལེགས་ཐུང་ངུ་ཞིག་བརྗོད་རྗེས་ཉལ་ཁྲིའི་སྟེང་དུ་ཕྱིན།
དགོང་དྲོ་དེའི་རྗེས་སུ། ཁ་ཐུ་རིན་གྱིས་མོའི་ཨ་ཕ་ལ་ཁ་བརྡ་བྱས་པ་སྟེ།
ཕ་ལགས། ང་ཡང་སྐྱར་མོ་རོས་སི་ལ་འཕྲད་ན་འདོད།
འཕྲད་ནས་བདེ་མོ་ཞོགས།
མིན། ཁོ་ལ་སྒུག་རོགས་བརྗོད་ཀྱི་ཡིན།
ཕ་རྒན་གྱིས་བུ་མོར་ཅིག་བལྟས་ཏེ། ཁྱེད་ནི་ཕྲུ་གུ་ཡག་པོ་ཞིག་རེད། མོ་ཁོའི་འཁྲིས་སུ་ཕྱིན་པ་དང་ཁོས་ལག་པ་མོའི་མཐའ་སྐོར་དུ་བརྐྱངས། ངས་ཁྱོད་ཀྱིས་ཁོ་ལ་འབྲེལ་བ་བྱེད་མཚམས་བཞག་ན་འདོད། ངས་ཁོ་ལ་བཟུང་བའི་འཆར་གཞི་ནི་ཐོག་མར་ཁོ་ལ་ཕྲད་པའི་དུས་དང་གཅིག་མཚུངས་ཡིན། ཁྱོད་རང་ད་ལྟ་སྐྱིད་པོ་མེད་པ་ངས་ཤེས་ཀྱི་ཡོད། ཡིན་ན་ཡང་ཟླ་བ་གསུམ་མམ་ལོ་གསུམ་ནས་ཡང་སྐྱར་སྐྱིད་པོ་ཡོང་གི་རེད། མོ་རོས་སི་ལ་གཉེན་སྒྲིག་བྱས་པ་ནས་ནམ་ཡང་ཁྱོད་རང་སྐྱིད་པོ་ཡོང་གི་མ་རེད།
ཡིན་ན་ཡང་ཁྱེད་རང་ཁོ་ལ་དགའ་ཐུབ་ཀྱི་རེད། ང་ཚོས་བསྒུག་ཐུབ་ཀྱི་རེད། སེམས་པ་སྐྱོ་བའི་བུ་མོས་དེ་སྐད་བརྗོད།
ནམ་ཞིག་ང་རང་ཤི་ཚར་བའི་དུས་སུ་ཁྱོད་ཀྱིས་ཁོ་ལ་གཉེན་སྒྲིག་བྱེད་ཐུབ་ཀྱི་རེད། སྨན་པས་མགྱོགས་པོར་དེ་ལྟར་བརྗོད།
དེ་སྐད་མ་གསུངས། ཕ་ལགས། མོ་རོས་སི་ལ་དགའ་ཐབས་གནོངས་དང་། ཁོ་ནི་མི་ཡག་པོ་ཞིག་རེད། ཁ་ཐུ་རིན་གྱི་མིག་ནས་མཆི་མ་ཆར་ལྟར་བསྙིལ།
ངས་ནམ་ཡང་བསྐྱར་དུ་ཁོ་ལ་སྐད་ཆ་བཤད་མི་འདོད། ཡིན་ན་ཡང་ཁོ་ལ་དེ་ལྟར་ཤོད། ཁྱོད་ཀྱིས་ཁོ་ལ་གཉེན་སྒྲིག་བྱས་ཚེ་ངའི་ས་ནས་ཁྱོད་ལ་ཅི་ཡང་འཐོབ་ཀྱི་མ་རེད།
ཁྱེད་ཀྱིས་དེ་སྐད་གསུངས་པ་དེ་འགྲིག་སོང་། ང་ཚོས་ཁྱེད་ཀྱི་དངུལ་ཐོབ་པའི་རེ་བ་རྒྱག་གི་མེད།
ཁོ་ལ་དེ་ལྟར་རྗོད། ཁོས་དྲི་ལན་ལ་ཉན་ནས་ཁོ་ལ་ལྟོས། ཁོང་ཁྲོ་སྐྱེས་པའི་ངོ་གདོང་ལ་ལྟོས།
ཁོ་ནམ་ཡང་ང་ལ་ཁོང་ཁྲོ་ལངས་མ་མྱོང་། ཕ་ལགས། མོའི་མིག་མཐའ་ཡང་སྐྱར་མཆི་མས་བརླན།
ངས་ང་རང་ཁོ་ལ་འཕྲད་ཐུབ་པར་བསམ། ཐེངས་གཅིག་ཙམ་ལ།
དེས་ན་ཁྱོད་ནི་ང་ལ་མཚོན་ན་བུ་མོ་སྡུག་ཅག་ཅིག་རེད།
དེ་ནི་ཁ་ཐུ་རིན་ལ་ཐལ་དྲགས་པ་ཞིག་རེད། མོ་ཡང་ནས་སྐྱར་དུ་ངུས། མོ་ཕར་མཆོངས་ནས་ཨ་ཕ་ལ་འཇུ་བར་བརྩམས་ན་ཡང་ཕ་རྒན་གྱིས་མོ་རང་ཕྱིར་དེད། ཁོས་མོ་ཁང་པའི་ཕྱི་རོལ་ཏུ་དེད་དེ་སྒོ་བརྒྱབ། ཁོས་མོའི་ངུ་སྒྲ་ཐོས་ཤིང་མོ་རང་སྒོའི་ཕྱི་ལོགས་དེ་རུ་ཡོད་པ་ཤེས། ཡིན་ན་ཡང་ཁོས་འགུལ་ཙམ་ཡང་མ་བྱས། ཁོ་རང་མོ་ལ་བློ་ཕམ་བྱུང་ན་ཡང་ཁོའི་མིག་གི་མཐའ་སྐོར་དུ་འཛུམ་མདངས་ཀྱིས་ཁེངས་འདུག
མཚན་མོ་དེར་ཁ་ཐུ་རིན་ཆུ་ཚོད་མང་པོའི་རིང་ལ་ཨ་ནེ་ཕེ་ནེ་མེན་གྱི་པང་དུ་ངུས་ནས་བསྡད། ཡག་པོ་འདུག ལྕམ་ཕེ་ནེ་མེན་གྱིས་དེ་<ལྟར་བསམས། ཉིན་རྗེས་མའི་ཞོགས་པར། མོ་ཁ་ཐུ་རིན་གྱི་སྡོད་ཁང་དུ་ཡོང་ཞིང་། ཁ་ཐུ་རིན་གྱིས་ལྭ་བ་གྱོན་ཚར་ནས་ཞོགས་ཟས་ཟ་རྒྱུའི་གྲ་སྒྲིག་བྱེད་བཞིན་འདུག ཁ་ཐུ་རིན། ཞོགས་ཟས་ཟ་བར་མ་འགྲོ། ཁྱེད་ཀྱིས་རང་གི་ཕ་ལགས་ལ་འགུལ་སྐྱོད་གཏོང་དགོས་ཀྱི་མ་རེད། ཁྱེད་རང་བདེ་ཐང་དང་མཁྲེགས་པོ་མ་ཡིན་པར་ངེས་པར་དུ་སྐམ་རིད་དང་ནད་པ་ཞིག་ཆགས་དགོས་ཀྱི་རེད།
ང་ངེས་པར་དུ་འགྲོ་གི་ཡིན། ཨ་ནེ། ང་རང་འཕྱི་བོ་ཆགས་རྒྱུ་ཁོ་ནར་འཇིགས་སྣང་སྐྱེ་གིན་འདུག
ཁ་ཐུ་རིན་གྱིས་ཉིན་དེར་མོ་རོས་སི་ལ་ཡི་གེ་ཞིག་བྲིས་པའི་ནང་དུ། མོའི་ཕ་རྒན་ཁྱིམ་དུ་མེད་པའི་དུས་དེར་ཁོང་ཚང་ལ་ཡོང་རོགས་ཞེས་བརྗོད་ཡོད།
དྲུག་པ།
རེ་སྒུག་ཡུན་རིང་།
མོ་རོས་སི་ནི་ཁ་ཐུ་རིན་གྱི་དྲན་ཤེས་ལས་བརྒལ་བའི་ཕོ་གསར་རྫིག་པོ་ཞིག་རེད། ཁོས་ལག་པ་ཁ་ཐུ་རིན་གྱི་ལུས་པོའི་མཐའ་སྐོར་དུ་བརྐྱངས། མོས་དེ་ནི་མོ་རང་ཁོ་ལ་ཤིན་ཏུ་བརྩེ་བའི་རྐྱེན་གྱིས་ཤེས་ཡོད།
ཅིའི་ཕྱིར་ཁྱོད་ཀྱིས་ང་ལ་ཡི་གེ་བསྐུར་པ་ཡིན།
རྒྱུ་མཚན་ནི་ང་རང་ཁྱེད་ལ་འཕྲད་འདོད་པས་སོ། །མོས་དེ་སྐད་ཤུབ་བུར་བརྗོད།
ཁྱོད་རང་ང་ལ་འཕྲད་འདོད་པ་ཙམ་ཞིག་ཡིན་ནམ། ཡང་ན་ང་ལ་ཅིག་བརྗོད་རྒྱུ་ཡོད།
ཁོས་ཏོག་ཙམ་བསྒུགས་རྗེས་ལམ་སེང་། ང་ལ་སང་ཉིན་གཉེན་སྒྲིག་བྱེད་རོགས། ང་རང་ལེན་པའམ་འདོར་རོགས་གནང་། ང་དང་ཁྱོད་ཀྱི་ཨ་ཕ་གཉིས་ཀྱི་བར་ནས་གདམ་ཀ་གྱིས།
ང་རང་ཁྱོད་ལ་དགའ། མོ་རོས་སི། ཡིན་ན་ཡང་ང་ཚོས་ངེས་པར་དུ་བསྒུག་དགོས་ཀྱི་རེད་ལ། ང་ཚོས་ངེས་པར་དུ་མཁྲེགས་པོ་བྱེད་དགོས་ཀྱི་རེད། ངས་མདང་དགོང་ངའི་ཨ་ཕ་ལ། ང་ཚོར་ཁྱེད་ཀྱི་དངུལ་ཐོབ་རྒྱུའི་འདོད་པ་མེད་ཅེས་བརྗོད་པ་ཡིན།
ཁོའི་ངོ་གདོང་དམར་པོར་གྱུར། ཡིན་ན་ཡང་ཁོས་འཛུམ་དམུལ་ཏེ་ཅི་ཞིག་བརྗོད། མ་རེད། ཁོ་ཁོང་ཁྲོ་ལངས་མ་སོང་། དངུལ་དེ་དེ་འདྲའི་རྩ་ཆེན་པོ་ཞིག་མ་རེད། ཁོ་རང་མོ་ལ་ཤིན་ཏུ་དགའ།
རེད། ཁ་ཐུ་རིན་ངུས་བྱུང་། ང་ཚོས་ངེས་པར་གང་ཐུབ་ཅི་མགྱོགས་ཀྱིས་གཉེན་སྒྲིག་བྱེད། མོས་ལག་པ་ཁོའི་ཉེ་འཁོར་དུ་བརྐྱངས་ཏེ་མིག་ཟུང་བཙུམས།
ཁོ་རང་ཏོག་ཙམ་གྱི་རྗེས་སུ་ཕྱིན་སོང་། ཁོ་གཉིས་ཀྱིས་གཉེན་སྒྲིག་གི་ཉི་མ་ཐག་གཅོད་བྱས་མེད། མོ་རོས་སིས་འདི་ལྟར་བསམས། ནམ་ཞིག་ལ་སྤྱང་གྲུང་རྩེར་སོན་གྱི་དུས་ཚོད་ཅིག་ལ་གཉེན་སྒྲིག་བྱེད་རྒྱུ། ཁོ་ལ་དངུལ་དེ་མེད་པར་བུ་མོ་དེ་ལ་གཉེན་སྒྲིག་བྱེད་འདོད་མེད། ཁོས་ཁ་ཐུ་རིན་གྱི་ཨ་མའི་ཤུལ་བཞག་ཨ་སྒོར་སྟོང་ཕྲག་བཅུ་དེ་ལ་བསམ་བློ་བཏང་། དེ་ནི་མོ་རོས་སི་ལ་མཚོན་ན་སེམས་པ་ཆགས་ས་ཞིག་མ་རེད། ཡིན་ན་ཡང་ཅི་ཡང་མེད་པ་ལས་ཡག་གི་རེད།
ལྕམ་ ཕེ་ནེ་མེན་གྱིས་མོ་རོས་སི་ལ་ཐེངས་གཉིས་པའི་གསང་བའི་འདུ་འཛོམས་ཀྱི་ཁ་བརྡ་ བྱས་ཤིང་། ཐེངས་འདིར་ཁོ་གཉིས་ལྷ་ཁང་གི་ཕྱི་རོལ་ཏུ་ཐུག་ཕྲད་བྱས།
ངས་ང་ཚོའི་འདུ་འཛོམས་ཐོག་མའི་སྐབས་དང་མ་འདྲ་བའི་གནས་ཚུལ་ཞིག་མཐོང་སོང་།ལྕམ་ཕེ་ནེ་མེན་གྱིས་དེ་སྐད་བརྗོད།
མོ་རོས་སིས། ང་རང་ཁྱེད་ལ་འཕྲད་ཐེངས་རེར་ཁྱེད་ཀྱིས་སྐད་ཆ་མི་འདྲ་བ་རེད་རྗོད་ཀྱིན་འདུག ཟེར།
ངའི་མགོ་འདི་ནམ་ཡང་ཁུ་སིམ་ངང་སྡོད་ཀྱི་མ་རེད། ངས་བསམས་ན་ཁྱོད་ཀྱིས་ད་ལྟ་ཁ་ཐུ་རིན་ལ་གཉེན་སྒྲིག་བྱེད་ཐུབ་ཀྱི་མ་རེད། ངའི་གཅེན་པོས་ང་རང་ཁྱིམ་དེ་ནས་ཕྱིར་འབུད་བྱེད་ཀྱི་ཡིན་ཟེར་བྱུང་། ང་རང་བུད་མེད་ཕྱུག་པོ་ཞིག་མིན་པ་དེ་ཁྱེད་ཀྱིས་ཤེས་གསལ་རེད།
ཡིན་ན་ཡང་ཁ་ཐུ་རིན་གྱིས་ང་ཚོས་གསང་བའི་ངང་གཉེན་སྒྲིག་བྱེད་ཟེར་གྱིན་འདུག ཅི་ལྟར་བྱས་ནས་ངས་དེ་བསྐྱུར་ཐུབ་ཀྱི་རེད།
ཁ་ཐུ་རིན་ཁྱེད་རང་ལ་ཞེ་དྲགས་དགའ་གིན་འདུག ཁྱེད་ཀྱིས་མོ་དང་མཉམ་དུ་ཅི་ཡང་བྱེད་ཐུབ་ཀྱི་རེད། ཁྱེད་ཀྱིས་མོ་ལ་ངེས་པར་དུ་སྒུགས་རོགས་གསུང་ཐུབ་ཀྱི་རེད།
ཨ། མོ་རོས་སིས་དེ་སྐད་ཤུབ་བུར་བརྗོད།
དུས་ཚོད་འདིའི་ནང་གི་ཁ་ཐུ་རིན་གྱི་ཉི་མ་རེ་རེ་ནི་ལོ་འཁོར་ལྟ་བུར་ཤིན་ཏུ་རིང་། མོའི་ཨ་ཕས་མོ་ལ་མིག་གིས་ལྟ་བ་དང་སྐད་ཆ་བཤད་རྒྱུའི་བཟོ་ལྟ་ཙམ་ཡང་མི་སྟོན། དེ་ནི་ཁོའི་འཆར་གཞི་རེད། ཁོས་ཁ་ཐུ་རིན་གྱིས་ཐོག་མར་ཚུར་ལ་ཁ྄་གྲགས་རྒྱུའི་རེ་སྒུག་བྱས་ཡོད།
ངས་མོ་རོས་སི་དང་ངེད་གཉིས་ཀྱིས་གཉེན་སྒྲིག་བྱེད་ཐུབ་ཀྱི་རེད་བསམ་གིན་འདུག ཉིན་ཞིག་མོས་དེ་སྐད་བརྗོད།
ག་དུས། རྗེས་ཀྱི་ཟླ་བ་བཞི་འམ་ལྔའི་ནང་ལ། ཁོས་དེ་སྐད་དྲིས།
ངས་ཤེས་ཀྱི་མེད། ཕ་ལགས། ང་ཚོས་ཐག་གཅོད་ཐུབ་ཀྱི་མ་རེད།
དེས་ན་ཟླ་བ་དྲུག་ལ་སྒུགས་ཤིག ངས་ཁྱོད་ཡོ་རོབ་གླིང་ལ་འཁྲིད་ཀྱི་ཡིན། ངས་ཁྱོད་རང་ང་དང་མཉམ་དུ་ཡོང་ན་འདོད།
ཁ་ཐུ་རིན་གྱིས་དགའ་སྤྲོའི་ངང་མོའི་ཨ་ཕ་ལ་ལགས་སོ་ཟེར་ན་འདོད།
སྨན་པ་སི་ལོ་ཕེར་གྱིས་ཡོ་རོབ་ཏུ་འགྲོ་རྒྱུའི་སྐོར་ལྕམ་ཕེ་ནེ་མེན་ལ་ཅི་ཡང་མ་བརྗོད་ལ། མོ་རང་ཡོ་རོབ་ལ་འགྲོ་འདོད་ཆེ་ཡང་དེའི་རྣམ་འགྱུར་ཅི་ཡང་ཕྱིར་མ་མངོན། མོས་ལྕམ་ཨལ་མོང་སྒྲུ་ལ། ཝ་ཤིང་ཁྲོན་ཐང་ཆེན་ལྟ་ན་སྡུག་ཅིང་ཁུ་སིམ་པོ་ཞིག་ཆགས་ཀྱི་རེད་ཅེས་བརྗོད། ཁ་ཐུ་རིན་གྱིས་མོ་རང་མ་འགྲོ་བའི་སྔོན་དུ་མོ་རོས་སི་ལ་ཐུག་ཕྲད་བྱས་ཤིང་ཁོས་འདི་ལྟར་དྲིས།
ཁྱོད་ཀྱིས་དེ་རུ་ཡོད་པའི་སྐད་གྲགས་ཅན་གྱི་དངོས་པོ་ཡོད་ཚད་ལ་བལྟ་རྒྱུ་ཡིན་ནམ།
ཨོ་མིན། མོ་རོས་སི། ཁ་ཐུ་རིན་གྱིས་དེ་སྐད་ཤབ་ཤུབ་ཏུ་བརྗོད།
བུད་མེད་འདིའི་དོ་སྣང་བྱེད་ཡུལ་དེ་ཅི་ཞིག་ཡིན་ནམ། མོ་རོས་སིས་དེ་ལྟར་བསམས།
ཨ་ཕའི་རེ་བ་ལྟར་ན་ངས་ཁྱོད་རང་གཡུག་དགོས་ཀྱི་འདུག ཁ་ཐུ་རིན་གྱིས་དེ་སྐད་བརྗོད་ཅིང་ཡང་། ཡིན་ན་ཡང་ངས་དེ་ལྟར་བྱེད་ཀྱི་མིན། ཁོང་ང་ལ་ཁོང་ཁྲོ་ཟ་གི་རེད།
མོ་རོས་སིས། རེད། ངས་བལྟས་ན་ཁྱོད་རང་བདེན་པ་རེད། ཐེངས་འདིར་ཡོ་རོབ་ལ་འགྲུལ་བཞུད་བྱེད་རྒྱུ་དེ་བྱ་བ་ཡག་པོ་ཞིག་རེད། ཁོས་ཁྱོད་རང་འགྲོ་ན་བསམས་པ་དང་ཁོང་སྐྱིད་པོ་ཡོང་གི་རེད། ངས་ཁྱོད་ཀྱིས་ངའི་ཆེད་དུ་རྒྱུ་དངུལ་བརླགས་ན་མི་འདོད། ཡིན་ན་ཡང་ཁྱོད་དང་ཁྱོད་ཀྱི་བུ་ཕྲུག་གི་ཆེད་དུ། ཁྱེད་རང་ཡོ་རོབ་ལ་བསླེབས་དུས། ཝེ་ནེ་སི་རུ་དགོང་དྲོའི་དུས་ཚོད་དང་ས་ཆ་ཡག་པོ་ཞིག་ཐག་གཅོད་བྱས། དེ་ནས་ཕལ་ཆེར་ཁྱོད་ཀྱིས་ཁྱོད་ཀྱི་ཨ་ཕ་ལ་གཡོ་འགུལ་གཏོང་ཐུབ་ཀྱི་རེད། ཁོས་ཁྱོད་ཀྱིས་མོ་རོས་སི་དང་མཉམ་དུ་གཉེན་སྒྲིག་བྱེད་ཆོག་ཟེར་བ་ཞིག
ཁ་ཐུ་རིན་གྱིས་དེ་ནི་སྤྱང་གྲུང་ལྡན་པའི་འཆར་གཞི་ཞིག་རེད་བསམས།
ཡོ་རོབ་གླིང་ནི་སྨན་པ་སི་ལོ་ཕེར་ལ་མཚོན་ན་ཡིད་དབང་འདྲེན་པ་ཞིག་ཡིན་པས། ཁོང་གཉིས་ཟླ་བ་དྲུག་མ་ཡིན་པར་ཟླ་བ་བཅུ་གཉིས་ལ་བསྡད། ལྕམ་ཕེ་ནེ་མེན་ཝ་ཤིང་ཁྲོན་ཐང་ཆེན་ལ་བདེ་བར་གནས་ཤིང་། མོ་རོས་སི་ཡང་དེ་བཞིན་རེད། ལྕམ་ཕེ་ནེ་མེན་མོ་རོས་སི་ལ་གསོལ་ཇ་མཆོད་པར་སྐུལ་བར་སྤྲོ། ཁོ་ལ་ཁོའི་རྐུབ་སྟེགས་ཤིག་སྡོད་ཤག་གི་མེའི་འཁྲིས་སུ་ཐོབ་ཅིང་། དེ་བཞིན་ཁོས་སྨན་པའི་ཨ་རག་རྩ་ཆེན་འཐུངས་ཤིང་སྨན་པའི་ཐ་མག་ཀྱང་ལོངས་སུ་སྤྱད།
ཡོ་རུབ་འགྲུལ་བཞུད་ཀྱི་ཐོག་མའི་ཟླ་བ་དྲུག་གི་རིང་སྨན་པ་སི་ལོ་ཕེར་དང་ཁོའི་བུ་མོ་གཉིས་ཀྱིས་མོ་རོས་སིའི་སྐོར་གྱི་སྐད་ཆ་ཅི་ཡང་མ་བརྗོད། ཁ་ཐུ་རིན་ཁུ་སིམ་དང་གུས་ཞབས་ཀྱི་ངང་མོའི་ཕ་རྒན་གྱི་རྗེས་སུ་འབྲངས་ཏེ་སིད་སིའི་རི་བོ་དག་དང་ཨི་ཀྲ་ལིའི་ཁང་བརྩེགས་དང་རི་མོ་རྣམས་ལ་ལྟ་སྐོར་བྱས། མོས་ས་ཆ་འདི་དག་དང་གཞན་པའི་བྱ་དངོས་ཀྱི་སྐོར་ལ་མོའི་ལྟ་སྟངས་མ་བརྗོད་ལ་མོའི་ཕ་རྒན་གྱིས་ཀྱང་ཅི་ཡང་མ་བརྗོད། མོ་ནི་བུད་མེད་བསམ་བློ་གཏོང་མཁན་ཞིག་མ་རེད།
ཉིན་ཞིག་ཕ་དང་བུ་མོ་གཉིས་ཨལ་པ་སིའི་ས་ཆ་ཁུ་སིམ་པོ་ཞིག་ཏུ་བསྡད་<ཡོད་ཅིང་། རླངས་འཁོར་ཁ་ལོ་བས་ཁོ་གཉིས་ཀྱི་དོ་བོ་འཁྱེར་བ་དང་ཁོ་གཉིས་ཀྱིས་མཉམ་དུ་གོམ་བགྲོད་ཏོག་ཙམ་བྱས། གྲང་རེག་ཅན་གྱི་འོད་དམར་པོ་ཞིག་གིས་ནམ་མཁའི་ངོས་བཀྲུས་པ་དང་། རི་བོའི་སུལ་དུ་མི་གཉིས་ནི་ཤིན་ཏུ་ཆུང་ཆུང་ཞིག་ལས་མེད། ཡིན་ན་ཡང་ཁོ་གཉིས་ལ་འཇིགས་སྣང་མེད། ཁོ་གཉིས་ཀྱིས་ཉམས་བཞིན་པའི་འོད་སྣང་གི་ཁྲོད་དུ་གོམ་བགྲོད་བྱས། སྨན་པ་སི་ལོ་ཕེར་ཁོའི་བུ་མོའི་འཁྲིས་སུ་སླེབས་པ་དང་གོམ་པ་སྤོ་མཚམས་བཞག་སྟེ་ལམ་སེང་འདྲི་རྒྱུར། ཁྱོད་ཀྱིས་ཁོ་དང་མཉམ་དུ་འབྲེལ་བ་བྱེད་མཚམས་འཇོག་གི་ཡིན་ནམ།
མིན། ཨ་ཕ། ཁ་ཐུ་རིན་གྱིས་དེ་སྐད་བརྗོད།
ཁོས་ཁྱོད་ལ་ཡི་གེ་སྐུར་གྱིན་འདུག་གམ།
འདུག ང་ལ་ཟླ་རེར་ཁོའི་ཡི་གེ་གཉིས་རེ་འབྱོར་གྱིན་འདུག
སྨན་པས་ཁོ་གཉིས་ཀྱི་ཐོད་དུ་ཡོད་པའི་རི་ཚོགས་ལ་ཅིག་བལྟས་ཏེ། ང་ཁོང་ཁྲོ་ཞེ་དྲགས་ལངས་སོང་། ངས་ངེས་པར་དུ་ཁྱོད་ལ་བརྗོད་དགོས་པ་སྟེ། ང་རང་མི་ཤིན་ཏུ་མཁྲེགས་པོ་ཞིག་བྱེད་ཐུབ་ཀྱི་རེད། ཟེར།
གཟའ་འཁོར་རྗེས་མར་ཁོ་གཉིས་ཀྱིས་ཕན་ཚུན་སྐད་ཆ་ཚིག་གཅིག་ཀྱང་མ་བརྗོད་ལ། དེ་བཞིན་རྗེས་ཀྱི་ཟླ་བ་དྲུག་གི་རིང་ཁོ་གཉིས་ཀྱིས་མོ་རོས་སིའི་སྐོར་ཅི་ཡང་མ་བརྗོད། ཡིན་ན་ཡང་ཁོ་གཉིས་ཀྱི་ཡོ་རོབ་ཀྱི་མཇུག་མཐའི་མཚན་མོ་དེར། ཁོ་ཚོའི་གྲུ་གཟིངས་ལི་ཝེར་ཕོར་ནས་ཉིག་ཡོར་ལ་མ་ཐོན་གོང་། ཁོས་ཡང་སྐྱར་བརྗོད་རྒྱུར། ཁྱོད་ཀྱིས་ཉིག་ཡོར་ལ་བསླེབས་རྗེས་གང་མགྱོགས་ཁོ་དང་མཉམ་དུ་གཉེན་སྒྲིག་བྱེད་རྒྱུ་ཡིན་ནམ།
ངས་ང་ཚོ་མ་བསླེབས་བར་དུ་བརྗོད་ཐུབ་ཀྱི་མི་འདུག
ཁྱོད་ཀྱིས་གཉེན་སྒྲིག་མ་བྱས་སྔོན་དུ་ང་ལ་རྗོད་རོགས། སྐྱེས་པ་ཞིག་གིས་ནམ་ཞིག་རང་གི་བུ་མོ་གཅིག་པོ་དེ་བརླགས་པའི་དུས་སུ། ཁོས་དེ་སྔོན་ལ་ཤེས་ན་འདོད་ཀྱི་རེད།
བདུན་པ།
དཀའ་ཁག་ཅན་གྱི་དུས་ཚོད།
ཁྱེད་རང་ཕྱི་ལོགས་སུ་བསྐྱོད་དུས་ངས་ནམ་རྒྱུན་མོ་རོས་སི་མཐོང་གི་འདུག ཅེས་ཁ་ཐུ་རིན་གྱི་ཨ་ནེས་བརྗོད།
ངས་ཁྱེད་རང་ཁོང་ལ་ཤིན་ཏུ་ཡག་པོ་ཡོད་པ་དེ་ཁོང་གི་ཡི་གེ་ལས་ཤེས་ཡོད། ངས་དེ་བརྗེད་ཀྱི་མ་རེད། ཨ་ནེ་ལགས།
ཁོང་ཡོང་ནས་སྐད་ཆ་བཤད་རྒྱུར་དགའ་བོ་འདུག ངས་ཁོང་ལ་གསོལ་ཇ་ཞུས་ཤིང་དེ་ནི་ཡོད་ཚད་དེ་རེད། ཁྱེད་ཀྱི་ཨ་ནེ་ཨལ་མོང་གིས་དེ་ནི་ཧ་ཅང་ཐལ་དྲགས་པ་ཞིག་རེད་བསམས་ཡོད་པ་རེད། ཁོང་ཁྱེད་ཀྱི་ཨ་ཕའི་ཁང་པའི་ནང་དུ་སྡོད་རྒྱུར་མཉེས་པོ་གནང་གི་འདུག མོས་དེ་སྐད་བརྗོད་རྗེས་གདོང་ལ་འཛུམ་ཞིག་ལངས།
ཁ་ཐུ་རིན་སྐར་མ་འགའི་རིང་ལ་ཁུ་སིམ་མེར་བསྡད།
ཁོ་ཨ་ཕའི་སྡོད་ཤག་ཏུ་འཛུལ་བ་དེར་ང་བློ་ཕམ་བྱུང་། མོས་དེ་ལྟར་བཤད་རྗེས་ཡང་། ཁོ་ལ་ལས་ཀ་ཞིག་རག་འདུག་གམ།
འདུག གཟའ་འཁོར་གཅིག་གི་སྔོན་དུ་ཁོ་ལ་ལས་ཀ་ཞིག་རག་འདུག ཁོས་ཁོའི་གྲོགས་པོ་ཚོ་དང་མཉམ་དུ་ཅིག་ཉོ་བ་དང་འཚོང་གིན་འདུག ཁོས་ང་ལ་ཁྱེད་རང་བསླེབས་མ་ཐག་ཏུ་དེ་སྐད་རྗོད་རོགས་གསུངས་བྱུང་།
ཨོ། དེ་ནི་ཐོས་པའི་སྐད་ཆ་སྙན་པོ་ཞིག་རེད། ཁ་ཐུ་རིན་གྱིས་དེ་སྐད་བརྗོད་དེ་ཤིན་ཏུ་དགའ་སྤྲོ་སྐྱེས།
ཁྱེད་ཀྱིས་ལྟོས་དང་། མོ་རོས་སིས་ལས་ཀ་འཚམ་པོ་དེ་ལ་བསྒུགས་པ་དེ་འགྲིག་འདུག ད་ལྟ་ཁྱེད་ཀྱི་ཨ་ཕས་ཇི་འདྲ་ཞིག་བརྗོད་དམ།
ཨ་ཕའི་འཆར་གཞི་ནི་སྔོན་མ་དང་གཅིག་མཚུངས་རེད། མཁྲེགས་འཛིན་བྱེད་པ་ཙམ་ཞིག་རེད། ཡིན་ན་ཡང་ཁོའི་མཁྲེགས་འཛིན་དེ་ང་ལ་གལ་ཆེ་བའི་དུས་ཚོད་དེ་ཡུན་རིང་གི་མ་རེད། མོས་དེ་སྐད་བརྗོད།
ཁྱེད་རང་ད་ལྟ་ཞེ་དྲགས་མཁྲེགས་སུ་ཕྱིན་འདུག ལྕམ་ཕེ་ནེ་མེན་གྱིས་ཡང་སྐྱར། ཁྱེད་ཀྱི་ཨ་ཕའི་དངུལ་གྱི་ཕྱོགས་སུ་ག་འདྲ་འདུག
ང་རང་ལ་ངའི་ཨ་ཕའི་དངུལ་གྱི་ཕྱོགས་སུ་ཧམ་སེམས་ཅི་ཡང་མེད། མོ་རོས་སིས་དེ་གལ་ཆེན་པོ་ཞིག་རེད་བསམ་གྱིན་མི་འདུག
ཕལ་ཆེར་ཁོས་དེ་ཏོག་ཙམ་གལ་ཆེན་པོ་འདུག་བསམ་གྱིན་ཡོད་རྒྱུ་རེད། སྐར་མ་འགའི་རྗེས་སུ་ཨ་ནེ་ལ་ཝིས་ནིས་ཡས་དེ་ལྟར་བརྗོད།
ང་ལ་ངའི་ཨ་མའི་ཤུལ་བཞག་གི་དངུལ་ཡོད་པ་དང་ད་ལྟ་མོ་རོས་སི་ལ་ལས་ཀ་འདུག ངེད་གཉིས་ལ་ཚང་མ་འདུག ངས་ནམ་ཡང་ངའི་ཨ་ཕ་ལ་ཅི་ཞིག་གི་སྐོར་ཡང་འདྲི་གི་མིན། ང་རང་ཁྱིམ་དུ་ཡོད་ཅིང་ངས་གཉེན་སྒྲིག་བྱེད་འདོད།
མོ་རོས་སི་ཝ་ཤིང་ཁྲོན་ཐང་ཆེན་ལ་ཉིན་རྗེས་མ་དེར་འབྱོར།
ང་ཁྱེད་རང་ལ་ཡང་སྐྱར་མཇལ་བ་དེར་དགའ་སྤྲོ་ཞེ་དྲགས་བྱུང་། ཁོས་འཛུམ་མདངས་ཤིག་དང་མཉམ་དུ་དེ་སྐད་བརྗོད།
ཁོ་གཉིས་ཀྱིས་སྐབས་རེར་སྙིང་སྡུག་ཟུང་དང་འདྲ་བར་གླེང་མོལ་བྱས། མོས་ཁོ་ལ་སེམས་ཐག་ཉེ་བའི་ངང་ཁོའི་ལས་ཀའི་སྐོར་དྲིས་ཤིང་། ཁོས་ཡོ་རོབ་ཀྱི་སྐོར་དང་མོའི་ཨ་ཕའི་འཆར་གཞིའི་སྐོར་དྲིས། ཁོས་ཡང་ནས་སྐྱར་དུ་ཡར་ལངས་ཏེ་ཁང་པའི་ནང་ཕར་འགྲོ་ཚུར་འོང་བྱས་པ་དང་། ཚུར་ཡོང་ནས་ཡང་སྐྱར་འཛུམ་དམུལ་ཙམ་བྱས།
མོ་རོས་སིས་དུས་ཚོད་ཧྲིལ་བོར་འཛུམ་མདངས་བསྟན། ངས་ངེས་པར་དུ་ཁོ་ལ་གཡོ་འགུལ་གཏོང་དགོས་ཀྱི་རེད། ང་ནི་མི་ང་རྒྱལ་ཅན་ཞིག་ཡིན། ངས་ཁོ་ལ་ཁོས་ནོར་བཞིན་པ་དེ་བསྟན་ན་འདོད། ཁོས་དེ་ལྟར་བརྗོད།
མོ་རོས་སི། ང་ཚོས་ངེས་པར་དུ་གང་ཡང་མ་དྲིས་ན་ལེགས་ཀྱི་རེད། ངས་ད་ལྟ་ཁོང་ང་ལ་ཞེ་དྲགས་དགའ་གིན་མེད་པ་དེ་ཤེས་ཀྱི་ཡོད། དེ་ནི་ངའི་ཨ་མས་བྱས་པ་རེད། མོ་ནི་མཛེས་མ་ཞིག་ཡིན་ཞིང་ང་དེ་འདྲ་ཞིག་མ་རེད། ཁོང་གིས་དུས་རྟག་ཏུ་མོ་བསམ་བཞིན་ཡོད་པ་རེད། ཨ་ནེ་ཕེ་ནེ་མེན་གྱིས་ང་ལ་དེ་བརྗོད་བྱུང་།
མོ་རོས་སི་ཁོང་ཁྲོ་ལངས་བྱུང་། ཅི་འདྲའི་དཀའ་ཁག་ཅན་གྱི་ཁྱིམ་ཚང་ཞིག
ཁྱེད་རང་ངེས་པར་དུ་ང་ལ་ཡག་པོ་ཞིག་ཡོད་དགོས་ཀྱི་རེད། མོ་རོས་སི། ཁྱོད་རང་ནམ་རྒྱུན་ང་ལ་དགའ་དགོས་ཀྱི་རེད།
མོ་རོས་སིས། ངས་དེ་ལྟར་བྱེད་ཀྱི་ཡིན། ཟེར། དེ་སྐད་བརྗོད་རྒྱུ་དེ་ཁག་པོ་ཞིག་མ་རེད།
སྨན་པ་སི་ལོ་ཕེར་གྱིས་ཁ་ཐུ་རིན་ལ་བརྗོད་རྒྱུར། ངས་ཁོ་ངའི་ཁང་པའི་ནང་ལ་ཡོང་བ་དེ་ཤེས་ཡོད། ངས་ཁོས་མེ་ཡི་འཁྲིས་ཀྱི་རྐུབས་སྟེགས་སྟེང་དུ་བསྡད་ཡོད་པ་དེ་བརྗོད་ཐུབ།
ཁ་ཐུ་རིན་གྱིས། ཁོའི་འཆར་གཞི་ནི་ཡོད་ཚད་བརྗོད་རྒྱུ་དེ་རེད། ཁོ་ལ་ཝིས་ནིས་ཡའི་ས་རུ་ལོ་གཅིག་ལ་བསྡད་པ་རེད། ཟེར།
ལྕམ་ཕེ་ནེ་མེན་གྱིས་མོ་རོས་སི་ལ་ཡི་གེ་ཞིག་བསྐུར། མོ་ཁོ་ལ་ཐུག་ན་འདོད། མོ་རོས་སིས་ཁོང་ཁྲོའི་ངང་ཡི་གེ་དེ་མེའི་ནང་ལ་དབྱུགས། མོ་ཁོའི་ལས་ཁུངས་ནང་ལ་ཡོང་ནས་ཁོ་དང་འཕྲད་ན་འདོད། ཁོས་དེ་མི་འགྲིགས། ཁོའི་ལས་ཁུངས་དེ་རྙེད་རྒྱུ་ཤིན་ཏུ་ཁག་པོ་ཞིག་ཡིན་ཟེར། ཁོ་གཉིས་ཀྱིས་གོམ་བགྲོད་ཀྱིས་ཐུག་ཕྲད་བྱས། ལྕམ་ཕེ་ནེ་མེན་ལ་སྐད་ཆ་གསར་པ་ཅི་ཡང་བཤད་རྒྱུ་མེད། ཡིན་ན་ཡང་མོ་རོས་སི་ལ་ཚིག་ཁ་ཤས་བརྗོད་རྒྱུ་ཡོད།
ངས་སྨན་པ་དེ་སྔར་བཞིན་ ཡིན་པ་ཤེས་ཡོད། ཁོས་ང་ཚོ་ལ་ནམ་ཡང་ཅི་ཡང་སྤྲོད་ཀྱི་མ་རེད། ང་ལ་ཁོའི་སྐོར་ཅི་ཡང་མ་རྗོད་རོགས། རྩོད་རྙོག་དེ་ཚར་བ་རེད། ང་ནི་ཕམ་ཁ་ཉོ་མཁན་དེ་རེད། ངས་ཁ་ཐུ་རིན་ལ་གཉེན་སྒྲིག་བྱེད་ཀྱི་མིན།
མོ་རོས་སི། མོ་ཁྱེད་རང་ལ་ཤིན་ཏུ་དགའ་གིན་འདུག ཁྱེད་ཀྱིས་དེ་ཤེས་ཀྱི་ཡོད་དམ།
མེད། ངས་དེ་ཤེས་ཀྱི་མེད། ང་ལ་དེ་ཤེས་འདོད་མེད། ཁྱེད་རང་ངེས་པར་དུ་མོའི་གྲོགས་པོ་ཡག་པོ་ཞིག་བྱེད་ དགོས་ཀྱི་རེད། སྨན་པ་དེས་ཁྱེད་ལ་རོགས་པ་བྱེད་ཐུབ་ཀྱི་རེད།
སྨན་པ་དེ། ཁོས་ཁྱེད་ལ་འདི་ལྟར་བརྗོད་ཀྱི་རེད། ངས་ཁྱོད་ལ་བརྗོད་ཚར་བ་ཡིན། ཁོ་མི་ཡག་པོ་ཞིག་མ་རེད།
མོ་རོས་སིའི་ངོ་གདོང་དམར་རྐྱང་དུ་གྱུར། ཁྱོད་ཀྱིས་མོ་ལ་ང་རང་མོ་དང་མོའི་ཨ་ཕའི་བར་དུ་འཛུལ་འདོད་མི་འདུག་ཅེས་རྗོད་ རོགས། དེ་བཞིན་ང་ལ་མོའི་དངུལ་དེ་ངའི་ཆེད་དུ་བརླགས་འདོད་མི་འདུག་ཅེས་ཀྱང་རྗོད་ རོགས།
ཁྱེད་རང་རྗོད་ཚིག་དང་མཉམ་དུ་སྤྱང་པོ་ཞེ་དྲགས་འདུག ལྕམ་ཕེ་ནེ་མེན་གྱིས་དེ་སྐད་བརྗོད།
ངས་ ངའི་མི་ཚེ་རྗེས་མ་དེའི་ཆེད་དུ་ངེས་པར་དུ་སྤྱང་པོ་ཞིག་བྱེད་དགོས་ཀྱི་རེད། འདི་ནི་དེ་ཙམ་ཡོངས་སུ་སྤྱང་པོ་ཞིག་མ་རེད། ཁོས་དེ་སྐད་བརྗོད།
མོ་རོས་སི་ཁ་ཐུ་རིན་ལ་ཐུག་པར་བསླེབས། ཁོས་ལམ་སེང་། ང་ཉིག་ཨོར་ལན་སི་ལ་འགྲོ་གི་ཡིན། ངས་ཁོ་ཧྥེ་ཏོག་ཙམ་ཉོ་དགོས་ཀྱི་ཡོད།
ཁ་ཐུ་རིན་གྱིས། ང་རང་ཁྱེད་དང་མཉམ་དུ་འཁྲིད་རོགས།
མིན། དེ་ནི་རྫོར་བོ་དང་ཉེན་ཁ་ཆེ་བའི་ས་ཆ་ཞིག་རེད། མི་རྣམས་ལ་དེ་རུ་ན་ཚ་འགོས་ཀྱིན་ཡོད་པ་རེད།
དེས་ ན་ཁྱེད་རང་ངེས་པར་དུ་མ་སོང་ན་ལེགས་ཀྱི་རེད། ནམ་ཞིག་མི་རྣམས་ཀྱིས་གཉེན་སྒྲིག་བྱེད་པའི་སྐབས་སུ། ཁ་ཧྥེ་ནི་དེ་འདྲའི་གལ་ཆེན་པོ་ཞིག་མ་རེད། ཁ་ཧྥེ་བཞག་ནས་ང་ལ་བསམ་བློ་ཞིག་ཐོངས་དང་། ང་ཚོས་ངེས་པར་དུ་རྒྱུན་རིང་པོ་ཞིག་ལ་སྒུག་དགོས་ཀྱི་མ་རེད། མོས་དེ་སྐད་སྒམ་པོའི་ངང་བརྗོད་ཅིང་ལག་པ་མོ་རོས་སིའི་ལག་པར་འཇུས། དུས་ཚོད་འདི་ནི་ཁ་ཐུ་རིན་བསྐྱུར་བའི་དུས་ཚོད་དེ་རེད་དམ།
ང་རང་སྐད་ཅོར་ཚ་བའི་ཁ་ཐུ་རིན་འདི་ལ་དགའ་བོ་མེད། ང་རང་ཁྱེད་རང་ཁ་ཁུ་སིམ་པོ་ཡིན་པའི་དུས་དེར་དགའ་བོ་ཡོད།
ཡིན་ན་ཡང་ང་ལ་ཁྱེད་ལ་འདྲི་རྒྱུ་ཞེ་དྲགས་མེད། ནམ་ཞིག་ཁྱེད་རང་ཡང་སྐྱར་བསླེབ་ཐུབ།
གཟའ་སྤེན་པ་ལ། ཁོས་དེ་སྐད་བརྗོད་དེ་འཛུམ་དམུལ་ཙམ་བྱས།
སང་ཉིན་ལོག་ཤོག ད་ལྟ་ང་ནི་ཤིན་ཏུ་ཁུ་སིམ་པོར་ཡོད། སྐུ་མཁྱེན། སང་ཉིན་ལོག་རོགས།
གཟའ་སྤེན་ལ་ཡིན་ཞེས་ངས་བརྗོད་ཚར། ཁོས་དེ་ལྟར་བརྗོད། ཡིན་ན་ཡང་ཐེངས་འདིར་གདོང་ན་འཛུམ་མདངས་མེད།
སང་ཉིན་ང་རང་ཁ་ཧྥེའི་ནང་ལ་ཡོད་རྒྱུ་རེད། མོས་གྲང་ཤུར་ཤུར་གྱི་མིག་མདངས་ཀྱིས་ཁོའི་ལག་པར་བལྟས།
མོ་རོས་སི། མོས་ཤབ་ཤུབ་ཏུ། ཁྱེད་ཀྱིས་ང་བསྐྱུར་གྱི་ཡིན་ནམ།
ཡིན། ངས་ཁྱེད་ལ་ཡི་གེ་བསྐུར་གྱི་ཡིན། དེ་ནི་ཡག་ཤོས་དེ་རེད།
མོ་རོས་སི། ངས་ཁྱོད་ཀྱི་ཕྱིར་དུ་ཐམས་ཅད་བློས་གཏོང་ཐུབ། མོ་ངུས་བྱུང་།
ཁྱོད་ཀྱིས་དེ་རྗེས་མར་བྱེད་ཐུབ་ཀྱི་རེད།
མོ་རོས་སི། ཅིའི་ཕྱིར་ཁྱོད་ཀྱིས་དེ་ད་ལྟ་བྱེད་བཞིན་ཡོད། མི་འདྲ་བ་ཅི་ཞིག་འདུག
ངའི་ཡི་གེ་ལ་སྒུགས་ཤིག
ཨ། ཁྱོད་རང་ཕྱིར་ལོག་གི་མ་རེད།
ཁོ་རང་མོའི་འགྲམ་ནས་རིང་དུ་བཀྱེད་ཅིང་ཁོའི་རྒྱབ་ཕྱོགས་ཀྱི་སྒོ་དེ་བརྒྱབ་བྱུང་།
བརྒྱད་པ།
ཞབས་བྲོ་དེའི་རྗེས་སུ།
ཁ་ཐུ་རིན་ཉིན་གང་བོར་ངུས་པ་དང་མཚན་ཧྲིལ་བོར་ལངས་ནས་བསྡད། མོས་མོ་རོས་སི་ཁང་པ་འདིའི་ནང་ལ་ཡོང་རྒྱུའི་རེ་སྒུག་བྱས་པ་དང་ཁོ་ལ་ཕྱིར་འོང་མེད་པར་གྱུར། ཁོ་ཉིན་རྗེས་མ་དེར་ཡོང་མེད་ལ་ཡི་གེ་ཡང་བསྐུར་མེད།
ཁ་ཐུ་རིན་གྱིས་ཁོ་ལ་ཡི་གེ་ཐུང་ངུ་ཞིག་བྲིས། མོ་རོས་སི། ང་རང་བློ་ཕམ་བྱུང་ལ་ངས་ཅི་ཡང་ཤེས་མ་བྱུང་། ཁྱེད་ཀྱིས་ངའི་སྲོག་གཅོད་བཞིན་འདུག ཡིག་ལན་མེད།
སྨན་པ་ཡིས་གནས་ཚུལ་འདི་ལ་བལྟས་ནས་བསྡད། ཉིན་འགའི་རྗེས་སུ་ཁོས་རང་གི་སྲིང་མོ་ལ་ཝིས་ནིས་ཡ་ལ་ཁ་བརྡ་བྱས།
སྒྲུང་དེ་མཇུག་རྫོགས་སོང་། ང་རང་དོན་དག་དེ་འགྲིག་སོང་བར་དགའ་སྤྲོ་ཆེན་པོ་ཞིག་སྐྱེས་བྱུང་། ཁོས་ལག་པ་གཉིས་བསྣོལ་ནས་འཕག་མཆོང་ཞིག་བརྒྱབ་པ་དང་འབྲེལ་གད་མོ་ཞིག་དགད་དེ། ཧ། ངས་དེ་ཤེས་ཡོད།
གཟའ་ཉི་མ་ཞིག་དགོང་དྲོར་ཁ་ཐུ་རིན་འཆམ་འཆམ་ལས་ཕྱིར་ནང་ལ་ལོག་དུས། མོའི་བཞིན་རས་དམར་པོ་ཆགས་ཡོད་ལ་མིག་གཉིས་ཀྱི་གྲུ་ཟུར་བརླན་པར་བྱས་འདུག ལྕམ་ཕེ་ནེ་མེན་གྱིས་མོ་ལ་ལམ་སེང་སྐད་ཆ་དྲིས་ཏེ་འཆམ་འཆམ་དེ་བརྒྱུད་ནས་མོ་རང་སྲང་ལམ་གཉིས་པར་ཡོད་པའི་ལྕམ་མོང་གོ་མེ་རོས་ཀྱི་ཁང་པར་སོང་བ་དང་། དེ་རུ་མོས་མོ་རོས་སི་ཉིན་འགའི་སྔོན་ལ་ཉིག་ཡོར་དུ་ལོག་པ་གོ་ཐོས་བྱུང་འདུག་པ་ཤེས།
ཉིན་གཉིས་ཀྱི་རྗེས་སུ། ཧྥུ་ལུ་སྒྲོ་ཧྥེ་ཡ་ནས་ཡི་གེ་ཞིག་འབྱོར། ཡི་གེ་དེ་འབྲི་མཁན་དེ་ཁ་ཐུ་རིན་དང་མོའི་ཨ་ཕའམ་ཨ་ཕའི་སྒོར་མོའི་བར་དུ་འཛུལ་འདོད་མི་འདུག ཁོ་མོ་རང་སྐྱིད་པོའི་ངང་ལོ་འདིའི་ནང་གི་ཁོའི་གྲོགས་པོ་དག་དང་མཉམ་དུ་འདུག་པར་སྤྲོ། ཁོ་ལ་བློ་ཕམ་བྱུང་འདུག ཁ་ཐུ་རིན་གྱིས་དེ་ནི་ཆེས་ལེགས་པའི་ཡི་གེ་ཞིག་རེད་བསམས་ཏེ་ལོ་རྗེས་མ་དེ་ཚོར་ཚར་མང་པོ་ཞིག་བཀླགས།
ཉིན་ཞིག་སྨན་པ་སི་ལོ་ཕེར་གྱིས་ཁ་ཐུ་རིན་མོའི་ལས་ཀ་བྱེད་ས་རུ་བསྡད་ཡོད་པ་དང་ཕྲད། ཁྱེད་ཀྱིས་ང་ལ་ཁྱེད་རང་ནམ་ཞིག་ངའི་ཁང་པ་འདི་བཞག་ནས་ཕྱི་ལོགས་ལ་འགྲོ་གི་ཡིན་པ་དེ་བརྗོད་ཐུབ་བམ། ནམ་ཞིག་ཁྱེད་རང་འགྲོ་དུས་ཁྱེད་ཀྱི་ཨ་ནེ་ཡང་འགྲོ་དགོས་ཀྱི་རེད། སྨན་པས་དེ་སྐད་ཟེར།
མོ་ཐོལ་གྱིས་ཡར་ལངས་ནས་ལས་ཀ་མཚམས་བཞག་ཅིང་མོའི་གདོང་ནས་རྔུལ་ཆུ་བཞུར།
ང་རང་གང་ལ་ཡང་འགྲོ་གི་མིན། མོས་དེ་ལྟར་བརྗོད།
མོས་ཁྱེད་རང་གཡུགས་སོང་ངམ། སྨན་པས་བརྗོད།
ངས་ཁོ་ལ་ཉིག་ཡོར་དུ་སོང་ཞེས་བརྗོད་པ་ཡིན། ཁོ་རང་དུས་ཡུན་རིང་པོ་ཞིག་ལ་ཕྱིར་ལོག་མ་བྱུང་།
ཨོ། ཁྱེད་རང་བུ་མོ་ཡག་པོ་ཞིག་མ་རེད། ཁ་ཐུ་རིན་གྱིས་ཁོ་ལ་རྩེད་མོ་ལོ་གཅིག་ལ་བརྩེས་རྗེས་ཁོ་བརྗེད་ཚར་འདུག
ལོ་ཉི་ཤུའི་རྗེས་སུ། ད་ལྟ་མོ་རོས་སི་ཝ་ཞིང་ཁྲོན་ཐང་ཆེན་ལ་བསླེབས་དུས་ཁོ་ནི་ཤིན་ཏུ་རྒྱགས་པ་ཞིག་ཆགས་ཤིང་མགོ་སྐྲ་ཤིན་ཏུ་ཐུང་ངུ་ཞིག་བཞག་ཡོད། ཁ་ཐུ་རིན་གྱིས་ཁོ་ལ་མར་སྡོད་ཙམ་ཡང་མ་བརྗོད། འདི་ནི་ལོ་མང་པོའི་སྔོན་གྱི་མོའི་དགའ་གྲོགས་མོ་རོས་སི་དེ་མ་རེད།
ང་ཚོ་ཡང་སྐྱར་གྲོགས་པོ་བྱས་ན་འགྲིག་གི་རེད་དམ། ཁོས་དེ་སྐད་བརྗོད་དེ་ཁ་ཐུ་རིན་གྱི་ཐག་ཉེར་བཅར་ནས། ཁ་ཐུ་རིན། ངས་དུས་རྟག་ཏུ་ཁྱེད་རང་བསམས་པ་ཡིན།
དེ་ཚོ་ཡང་སྐྱར་མ་རྗོད་རོགས་གནངས།
ང་ཚོས་འདས་དོན་དེ་ཚོ་བརྗེད་འོས། ང་ཚོས་ཅི་ཡང་བྱེད་ཐུབ་ཀྱི་རེད།
ངས་འདས་དོན་དེ་དག་བརྗེད་ཐུབ་ཀྱི་མ་རེད། སྐུ་མཁྱེན་འདིར་སྐྱར་མ་ཕེབས་རོགས་གནངས།
མོ་རོས་སིས་ཁང་པའི་ནང་གི་ཡོད་ཚད་ལ་མིག་མྱུལ་ཞིག་བརྒྱབ་རྗེས། དེས་ན་བདེ་མོ་བྱོས། དགོངས་འགལ་མེད་པ་ཞུ། ཟེར།
ཁང་པའི་ཕྱི་རོལ་ཏུ། སེམས་ཚོར་དྲག་པོའི་ལྕམ་ཕེ་ནེ་མེན་གྱིས་བསྒུགས་བསྡད་འདུག
ཧ། དེ་ནི་འཆར་གཞི་ཡག་པོ་ཞིག་རེད། མོས་དེ་སྐད་བརྗོད་རྗེས་ཁོའི་མགོ་ཡི་ཞ་མོ་དེ་དཀའ་ལས་ཁག་པོའི་ངང་མར་ཕུད། དེ་ནས་ཁོས། མོ་དེང་སྐབས་ང་ལ་དགའ་བོ་མི་འདུག ཡིན་ན་ཡང་ནམ་ཡང་གཉེན་སྒྲིག་བྱས་མ་སོང་། ག་རེ་ཡིན་ནམ། ཟེར།
ལྕམ་ཕེ་ནེ་མེན་གྱིས། དྲི་བ་ཡག་པོ་ཞིག་རེད། ཡིན་ན་ཡང་ཁྱེད་རང་ངེས་པར་དུ་ཡང་སྐྱར་ཕྱིར་ལོག་དགོས་ཀྱི་རེད། ཁྱེད་ཀྱིས་ངེས་པར་དུ་ཡང་སྐྱར་ཚོད་ལྟ་ཞིག་བྱེད་དགོས་ཀྱི་རེད། ཟེར།
ཕྱིར་ལ་ཡོང་རྒྱུ་ཨེ། ནམ་ཡང་མིན། ཁོས་དེ་སྐད་བརྗོད་རྗེས་ཁང་པའི་ཕྱི་རུ་བསྐྱོད་སོང་།
ཁ་ཐུ་རིན་གྱིས་མོའི་ལས་ཀ་ལག་ཏུ་བླངས་ཏེ་མར་བསྡད། མི་ཚེའི་ཆེད་དུ།
བརྩམས་སྒྲུང་འདི་མཇུག་རྫོགས་སོང་།
མཇུག་གི་གཏམ།
ཀློག་མཁན་དང་སྐྱིད་སྡུག་མཉམ་མྱོང།
ཁོ་བོས་གོང་གི་སྒྲུང་གཏམ་དེ་བོད་ཡིག་ཏུ་བསྒྱུར་པའི་གོ་རིམ་ཁྲོད་དུ་ཀློག་མཁན་རྣམས་དང་སྐྱིད་སྡུག་མཉམ་མྱོང་བྱས་པ་ཡིན། གང་ལགས་ཤེ་ན། བྱ་བའི་བྲེལ་འཚབ་ཀྱི་དབང་གིས་ཁོ་བོས་སྒྲུང་གཏམ་འདི་བོད་སྒྱུར་མ་བྱས་པའི་སྔོན་དུ་ཐེངས་གཅིག་ཀྱང་ཀློག་མ་མྱོང་། དེ་བས་མགོ་ནས་མཇུག་བར་དུ་ཚན་པ་རེ་ཀློག་ཞོར་དང་སྒྱུར་ཞོར་བྱས་པ་ཡིན། འདི་ལྟར་བྱས་ནས་སྒྲུང་གཏམ་འདི་མཐའ་མར་བསྒྱུར་ཚར་བ་དང་མཉམ་དུ་ཚར་གཅིག་བཀླགས་ཚར་སོང་། དེའི་ཕྱིར་ང་ཡང་ཀློག་པ་པོ་ཁྱེད་ཅག་དང་འདྲ་བར་ལེ་ཚན་རེ་རེ་བཀླགས་པའི་རྗེས་སུ་ད་དུང་ཅི་ཞིག་ཤེས་འདོད་ཀྱིས་ཡོངས་སུ་མནར་བ་བཤད་མ་དགོས། གང་ལྟར་སྒྲུང་ཐུང་འདི་ཡོངས་སུ་བསྒྱུར་ཚར་སོང་ལ། འདི་ནི་ངས་དབྱིན་ཡིག་ནས་བསྒྱུར་པའི་སྒྲུང་ཐུང་གཉིས་པ་དེ་ཡིན་ཞིང་། དེ་ཡང་ངའི་དབྱིན་ཡིག་གི་ཆུ་ཚད་མཐོ་ནས་བསྒྱུར་པ་ཞིག་མ་ཡིན་པར། དབྱིན་ཡིག་གི་ཆུ་ཚད་མཐོ་རུ་འགྲོ་བའི་ཆེད་དུ་ངལ་བ་འདི་ཕྲག་ཏུ་བླངས་པ་ཞིག་ཡིན། ཐེངས་རྗེས་མར་གུས་པས་བསྒྱུར་པའི་ཨ་མེ་རི་ཁའི་གདོད་མིའི་དུས་ཀྱི་སྐྱེས་ཕོ་མོ་གཉིས་ཀྱི་གཏམ་རྒྱུད་ཅིག་འདིར་དགོད་ཐུབ་པའི་རེ་བ་ཡོད།
ལེའུ་འདི་གྲལ་དག་ཅིང་སྤུས་ལེགས་པ་ཞིག་བསྒྱུར་འདུག བོད་རྩོམ་གྱི་ཁྱད་ཆོས་ཟེར་ན་འདི་འདྲ་ཞིག་ཡིན་དགོས། རྟགས་མཚན་ན་ནོག་འཇོག་པ་ལས་མེད་ན་ཀློག་བདེ་ཞིང་ཉམས་དགའ། དབྱིན་ཇི་ཡག་པོ་ཞིག་སྦྱོངས་དང་རྗེས་སུ་བསྒྱུར་རྒྱུ་མང་གི བགྲེས་པོ་དང་རྒྱ་མཚོ་འདི་ལྟར་བསྒྱུར་ཡོད་ན་ཅི་མ་རུང་།
ད་ལྟའི་ལོ་གསར་འདི་ཨམ་མདོ་བ་ཚོར་མཚོན་ན། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་དགུང་ལོ་བརྒྱ་ཅུར་བཞེས་བའི་ལོ་གསར་ཡིན་པས། ༧རྒྱལ་བ་མཆོག་གི་སྐུ་ཚེ་ཡུན་རིང་གནས་བ་དང་། མཛད་རྗེས་བྱམས་སྐྱོང་ལ་གུས་གསོལ་བྱེད་བཞིན། ཚང་མོས་དགའ་དགའ་སྤྲོ་སྤྲོའི་ངང་གྱ་བསྟོན་གྱི་བསྟོན་མོ། རང་ཁྱིམ་གྱི་རྒྱལ་བའི་སྐུ་དཔར་མདུན་དུ་གཏོང་བཞིན་པའི་སྒང་རེད་ཟེར། ངས་ཡང་ཆང་ཞིག་མཐོང་བཞིན། གླུ་ཞིག་འགུག་བཞིན། སྐྱིད་པོ་བྱས་ནས་བསྡད་ཡོད། ཁྱེད་དྲ་གྲོགས་ཚོས་ཅི་བྱེད་ཀྱིན་ཡོད་དམ།
ཀླུ་སྨྱོན་ལགས་ཤུགས་རྒྱོབ་དང་རེ་བ་ངེས་པར་ཡོད་ངེས་། ཁྱེད་བོད་ཀྱི་ཐ་སྙད་དག་གོམ་པ་ངེས་ཅན་ཞིག་ཡོད་སྟབས་བསྒྱུར་ཟིན་རྗེས་བོད་ཀྱི་ཚིག་སྦྱོར་ལ་རན་མིན་ངེས་པར་དུ་གཟིགས་དགོས། དཔེར་ན༼དངུལ་མེད་པའི་ཐོག་ཁང་མུན་ནག་འཁྱིལ་བ་ཞིག་ཏུ་བསྡད༽ ལྟ་བུ་དོན་བསྒྱུར་ལ་འབད་ན་དགེ་སྙམ།
ཀླུ་སྨྱོན་ལགས་དཀའ་ལས་བརྒྱབ་འདུག