ར་མདའ།
——–
ཀ་མ་ལ་ཡི་མེ་ཏོག་བཞད་འདྲའི།།
ཁ་འབྲས་མཚར་བའི་བུ་མོ་ཆུང་ཆུང་།།
ག་ནས་འོང་མིན་ཆ་རྒྱུས་མེད་ཀྱང་།།
ང་ཡི་སེམས་པ་ཁྱོད་ལ་ཤོར་སོང་།།
ཅ་ཅོ་བྲལ་པའི་སྐད་ངག་ཁུ་བྱུག།
ཆ་བྱད་མཛེས་པའི་ཞལ་རས་ཟླ་བ།།
ཇ་ཡུན་ཙམ་ཡང་ཁྱེད་ཀྱི་རུམ་ལ།།
ཉ་མོ་བཞིན་དུ་འཁྱུག་ན་འདོད་ཀི།
ཏ་ལའི་ལོ་མའི་གྲིབ་བསིལ་འོག་ཏུ།།
ཐ་མག་བཞིན་དུ་ཁྱོད་ཀྱི་མཆུ་སྒྲོས།།
ད་ལྟ་བརྔུབས་ནས་འདུག་རྒྱུ་བྱུང་ན།།
ན་རག་དམྱལ་བར་ལྷུང་ཡང་མི་འགྱོད།།
པ་ལོ་བཅད་ནས་གྲྭ་པ་བྱས་ཀྱང་།།
ཕ་བཟང་བུ་མོ་ཁྱོད་ལ་ཐུག་དུས།།
བ་གམ་ཅན་གྱི་ཉལ་ཁང་ནང་ནས།།
མ་བསྒོམས་ཁྱོད་ཞལ་མིག་ལ་འཁོར་བྱུང་།།
ཙ་རིའི་འཕྲང་ལམ་རྡོག་པས་མནན་ནས།།
ཚ་བ་ཆེ་བའི་རྒྱ་གར་སླེབས་དུས།།
ཛ་ཡས་ཆོས་འཁོར་བསྐོར་བའི་གནས་མཆོག།
ཝ་ར་ཎ་སིར་ཁྱོད་ལ་མཇལ་བྱུང་།།
ཞ་སྙུག་བྲིས་འདྲའི་ཟུར་མིག་འཁྱོག་པོས།།
ཟ་འཕྲུག་ཚོར་བ་སེམས་ལ་སྤྲད་སོང་།།
འ་ཅག་བར་ན་ལས་དབང་ཡོད་ན།།
ཡ་གིའི་ལྷ་ཡིས་བཀག་ཀྱང་མི་ཁོག།
ར་ཚང་ཕག་ཚང་ཉལ་ས་བྱས་ནས།།
ལ་ཕུག་ལོ་མ་ཟ་དགོས་བྱུང་ཡང་།།
ཤ་ཁྲག་ལུས་སེམས་འདྲེས་རྒྱུ་བྱུང་ན།།
ས་མཐའི་འཚོ་བར་སྐྱོ་སྣང་མི་འདུག།
ཧ་ལོ་ཟེར་ནས་ཁ་པར་གཏོང་ཚུལ།།
ཧ་ཅང་སེམས་ལ་འབབ་ནི་ཞིག་རེད།།
ཨ་མྲ་སྨིན་འདྲའི་མཆུ་འདབ་ཞིམ་པོ།།
ཨ་ཁུ་ང་ཡིས་འཇིབ་ན་འདོད་ཀི།
ཨ་ཏི་ཤ་ཡི་ཚོགས་ཁང་འཁྲིས་ནས།།
ཧ་ཅང་མཛེས་པའི་རི་དྭགས་མིག་ཅན།།
ཨ་རེ་སྐྱིད་ཀི་ཁྱོད་དང་མཇལ་བས།།
ཧ་ལམ་སྣང་བ་ལྷ་ཡུལ་ཁམས་རེད།།
ས་སྟེང་འདི་ན་ཁྱོད་ཀྱི་ཆེད་དུ།།
ཤ་རུས་སོ་སོར་མ་ཐོར་བར་དུ།།
ལ་ལུང་འགྲིམས་ནས་འཚོ་དགོས་བྱུང་ཡང་།།
ར་མདའི་སེམས་ལ་དཀའ་སྣང་མི་འདུག།
ཡ་ཁོག་སེམས་འདི་ཁྱོད་ལ་དགའ་བ།།
འ་ན་མ་ན་ཡིག་ཐོག་ཕབ་པས།།
ཟྭ་ལོ་ལྟ་བུའི་མི་ཁའི་ཚེར་ནང་།།
ཞ་བོ་བཞིན་དུ་ལྷུང་ཡང་མི་འགྱོད།།
ཝ་ལེར་སེམས་ཀྱི་མིག་གི་ལྟ་ས།།
ཛ་ཏིའི་དྲི་ཞིམ་བྲོ་བའི་བུ་མོ།།
ཚ་བའི་ནང་ནས་དྲན་པའི་གདུང་བ།།
ཙ་ར་བཅད་ལས་ལྡབ་ལོག་ཆེ་ཀི།
མ་བསམས་ལས་ཀྱིས་ཁྱོད་དང་ཕྲད་ཉིན།།
བ་སྤུའི་རྩེ་མོ་གྱེན་དུ་ཕྱོགས་ཐལ།།
ཕ་རྒན་ང་ཡི་བྱ་སྤྱོད་འདི་འདྲ།།
པ་ཕས་མཐོང་ན་སེམས་པ་ལོས་སྐྱོ།།
ན་ནིང་འུ་གཉིས་ཐུག་མྱོང་མེད་ཀྱང་།།
ད་ལོ་ལས་ཀྱིས་འདི་ནས་ཐུག་སོང་།།
ཐ་དད་སེམས་གཉིས་གཅིག་ཏུ་འདྲེས་པའི།།
ཏྰ་རེ་ལྷ་མོས་མགོན་སྐྱབས་གནང་རོགས།
ཉ་བཞིན་ཁྱོད་ཀྱི་ལང་ཚོའི་རྫིང་བུར།།
ཇ་ཡུན་ཙམ་ཡང་འབྲལ་དགོས་མེད་ན།།
ཆ་རྒྱུས་མེད་པའི་ས་མཐའི་ཡུལ་ན།།
ཅ་ལག་མེད་ཀྱང་སྐྱོ་སྣང་མི་འདུག།
ང་རང་དགའ་བའི་ཕྱེ་ལེབ་དཀར་པོ།།
ག་ལེར་ང་ཡི་སེམས་ལ་འཕུར་ཤོག།
ཁ་བཏགས་ལྟ་བུའི་ལྷད་མེད་བརྩེ་བ།།
ཀ་ར་བཞིན་དུ་མཉམ་ཟ་བྱེད་ཆོག།
ཨ་རོ། ཡང་ཁྱོས་བྐླག་བྱའི་དེབ་མ་བྐླགས། དགོས་རྒྱུའི་སློབ་སྦྱོང་མ་བྱས། མགོ་ཞི་མོ་ལ་འཁོར་ནས་བསྡད། གཟབ་གཟབ་བྱོས་མ་གཏོགས་ཡང་ཐང་ལ་བརྒྱབ་ཡོང་།
ཨ་ལ་། ཀུ་རེ་ཡིན།
ལོ་མང་སྔོན་ང་ཡང་འབྲུག་པའི་ན་ཆུང་མ་ཞིག་གི་བསླུ་བྲིད་ཀྱིས་གསང་སྔགས་ལུགས་ལ་དངོས་གྲུབ་དང་སོ་ཐར་ལུགས་ལ་ལྟུང་བ་གཉིས་ཀྱི་འདྲེས་མཚམས་ཤིག་ཏུ་བསྐྱལ་མྱོང་། དེར་ཕྱིར་དྲན་ཞིག་བྱས་ན་འདི་ལྟ་སྟེ།
ཀ་ཤི་མཛེས་དགའི་སྐྱེས་ཡུལ་རྒྱ་གར་དུ། །
ཁ་བའི་ཡུལ་ནས་འཁྱར་བའི་ལྡོམ་པོ་ང་། །
ག་ལེར་རྒྱལ་པོའི་ཁབ་ཏུ་བསྐྱོད་པའི་རིང་། །
ང་ཡི་མི་ཚེར་མི་བརྗེད་འབྲུག་མོར་འཕྲད། །
ཅ་ལ་ནག་པོའི་དབུ་སྐྲའི་རྦབ་ཆུ་དང་། །
ཆ་ཤས་ཡོངས་རྫོགས་ཟླ་བའི་ཞལ་རས་མཛེས། །
ཇ་ཡུན་ཙམ་ལ་མིག་གི་བདུད་རྩི་རུ། །
ཉ་མོ་ལྕགས་ཀྱུར་འཁོན་ལྟར་དེ་རིང་སྨིན། །
ཏ་ལའི་འདབ་འདྲའི་འབྲུག་པའི་ཕྱུ་པའི་འོག །
ཐ་མལ་མ་ཡིན་ལྷ་ཡི་ན་ཆུང་གཟུགས། །
ད་ལྟ་སྒེག་པའི་ཉམས་ཀྱིས་རྒྱུ་བ་འདི། །
ན་མེད་མིག་གིས་མཇལ་འདི་སྐལ་བ་སྦོམ། །
པ་ལགས་མ་ལགས་བསྐྱུར་ནས་ས་མཐའ་འགྲིམ། །
ཕ་མིང་མ་མིང་མི་ཤེས་ཁྱོད་དང་འཕྲད། །
བ་ལང་ལྟ་བུའི་གྲྭ་གཟུགས་བདག་འདྲ་བའི། །
མ་དག་འཁོར་བར་འཁྱམ་པའི་སྐྱོ་གྲོགས་ཞུ། །
ཙ་རི་བསྐོར་ཀྱང་ཁྱོད་འདྲ་མ་མཐོང་ལ། །
ཚ་བའི་ཡུལ་འདིར་ཁྱོད་འདྲར་མ་ཐུག་པས། །
ཛ་དྲག་བརྩེ་དུང་ཡིན་མིན་མི་ཤེས་ཀྱང་། །
ཝ་རྒན་ང་ནི་ཁྱོད་ཀྱི་རྙི་ལ་ཐེབས། །
ཞྭ་སེར་གྲྭ་སའི་སློབ་གཉེར་བརྗེད་ནས་ཐལ། །
ཟ་འཐུང་འཁོར་བའི་འདུག་ཆུས་སྒྲུབ་ཏུ་ཆུགས། །
འ་འུར་མེད་པའི་གནས་སྐོར་ལམ་ཁ་འདིར། །
ཡ་མཚན་འབྲུག་པའི་ན་ཆུང་ཁྱོད་ལ་འཕྲད། །
ར་ཕོའི་འདོད་ཆགས་སྒྱེ་མོ་རྒྱབ་ཏུ་ཁུར། །
ལ་ལུང་འགྲིམ་སྟེ་གནས་སྐོར་ངལ་བས་དུབ། །
ཤ་ཁྲག་མི་ལུས་ཤིག་ལ་ཁྱོད་ལྟ་བུ། །
ས་མཐའ་སྐོར་མཁན་ང་ཡིས་མཐོང་མ་མྱོང་། །
ཧ་ཅང་སྐྱེ་གཟུགས་མཛེས་པའི་འབྲུག་མོ་ཞིག །
ཨ་མདོའི་གྲྭ་གཟུགས་བདག་གིས་མཐོང་བའི་ཚུལ། །
ཨ་ལི་ཀྰ་ལིའི་གདངས་སུ་སྤེལ་བ་འདིར། །
ཧ་ལས་མ་བྱེད་འཁོར་བའི་གཤིས་ཀ་ལགས། །
ཕོ་རོག་ཤ་ཁྱེར་གྱི་ཉེས་སོང་།
སྤྲེའུ་བྱ་གླགས་ཀྱིས་ཕུང་སོང་།
ང་དང་རྨ་བྱ་ཡི་བུ་མོ།
མ་བཅོས་མཛེས་སྡུག་གིས་ལན་བྱུང་
བཀྲ་ཤིས་བདེ་ལེགས་་་་་